བེ་མདས་འཚོལ་བསྡུ་བྱས།
བྲོ་གཞུང་།
དགའ་དང་པོའི་བྲོ་གཞུང་གང་ནས་བྱུང་།།
དགའ་དང་པོའི་བྲོ་གཞུང་སྟེང་ནས་བྱུང་།།
སྟེང་ལྷ་ཆེན་ཚངས་པ་བྲོ་ལ་བྱོན།།
བྲོ་འཆམ་ཤིང་བྲོ་ཡི་མཆོད་པ་འབུལ།།
དགའ་གཉིས་པའི་བྲོ་གཞུང་གང་ནས་བྱུང་།།
དགའ་གཉིས་པའི་བྲོ་གཞུང་སྐེད་ནས་བྱུང་།།
བར་གཉན་ཆེན་ཐང་ལྷ་བྲོ་ལ་བྱོན།།
བྲོ་འཆམ་ཤིང་བྲོ་ཡི་མཆོད་པ་འབུལ།།
དགའ་གསུམ་པའི་བྲོ་གཞུང་གང་ནས་བྱུང་།།
དགའ་གསུམ་པའི་བྲོ་གཞུང་འདབས་ནས་བྱུང་།།
འོག་ཀླུ་ཆེན་གཙུག་ན་བྲོ་ལ་བྱོན།།
བྲོ་འཆམ་ཤིང་བྲོ་ཡི་མཆོད་པ་འབུལ།།
བྲོ་གཞུང་།
བྲོ་དང་པོ་ས་གཞི་གསེར་གྱི་བྲོ།།
བྲོ་གཉིས་པ་མཎྜལ་དངུལ་གྱི་བྲོ།།
བྲོ་གསུམ་པ་རིགས་གསུམ་མགོན་པོའི་བྲོ།།
བྲོ་བཞི་བ་རྒྱལ་ཆེན་སྡེ་བཞིའི་བྲོ།།
བྲོ་ལྔ་བ་རྒྱལ་བ་རིགས་ལྔའི་བྲོ།།
བྲོ་དྲུག་པ་སྨིན་དྲུག་ཁྲ་མོའི་བྲོ།།
བྲོ་བདུན་པ་རྒྱལ་སྲས་སྣ་བདུན་བྲོ།།
བྲོ་བརྒྱད་པ་པདྨ་འདབ་བརྒྱད་བྲོ།།
བྲོ་དགུ་བ་འཁོར་ལོ་རྩེ་དགུའི་བྲོ།།
བྲོ་བཅུ་བ་ས་བཅུ་ཐོབ་པའི་བྲོ།།
དེ་ལ་སྨོན་ལམ་བཏབ་ན།
མ་རྩིག་རྩིག་པ་ཡག་མོ།།
ལྷ་སའི་མཐིལ་གྱི་རྩིག་པ།
རྩིག་ལ་འགྱུར་བ་མེད་ནོ།།
བཀའ་འགྱུར་ཆོས་ཀྱི་རྩིག་པ།།
དེ་ལ་སྨོན་ལམ་བཏབ་ན།།
རྩེད་འཇོ་དུང་ཕྱུར་ལྔ་བརྒྱ།།
མ་རྩིག་རྩིག་པ་ཡག་མོ།།
རྒྱ་ནག་མཁར་གྱི་རྩིག་པ།།
རྩིག་ལ་འགྱུར་བ་མེད་པ།།
ནག་རིལ་ཇ་གི་རྩིག་པ།།
དེ་ལ་སྨོན་ལམ་བཏབ་ན།།
ཤར་ལྷོ་དུང་ཕྱུར་ལྔ་བརྒྱ།།
མ་རྩིག་རྩིག་པ་ཡག་མོ།།
རང་ཡུལ་ཕྱོགས་ཀྱི་རྩིག་པ།།
རྩིག་ལ་འགྱུར་བ་མེད་པ།།
ཨ་འབྲུ་ནས་ཀྱི་རྩིག་པ།།
དེ་ལ་སྨོན་ལམ་བཏབ་ན།།
མ་སྲུ་དུང་ཕྱུར་ལྔ་བརྒྱ།།
ཨོ་རྒྱན་པདྨའི་རི།
རི་འདིའི་གཡས་རི་གཡོན་རི།།
ཨོ་རྒྱན་པདྨའི་གནས་རི།།
ཨོ་རྒྱན་པདྨའི་རི་ལ།།
ལྷ་དར་སེར་པོ་བརྐྱངས་ཡོད།།
ལྷ་དར་གཡས་འཁྱིལ་གཡོན་འཁྱིལ།།
རང་ཡུལ་ཕྱོགས་ལ་འཁྱིལ་ཡོད།།
རང་ཡུལ་ཕྱོགས་ལ་འཁྱིལ་ནས།།
ཆོས་ཀྱི་བསྟན་པ་དར་བྱུང་།།
རི་འདིའི་གཡས་རི་གཡོན་རི།།
ཨོ་རྒྱན་པདྨའི་རི་སྐེད།།
ཨོ་རྒྱན་པདྨའི་རི་ལ།།
ལྷ་དར་དཀར་པོ་བརྐྱངས་ཡོད།།
ལྷ་དར་གཡས་འཁྱིལ་གཡོན་འཁྱིལ།།
རང་ཡུལ་ཕྱོགས་ལ་འཁྱིལ་ཡོད།།
རང་ཡུལ་ཕྱོགས་ལ་འཁྱིལ་ནས།།
ཁྲིམས་ཀྱི་བསྟན་པ་དར་བྱུང་།།
རི་འདིའི་གཡས་རི་གཡོན་རི།།
ཨོ་རྒྱན་པདྨའི་རི་འདབ།།
ཨོ་རྒྱན་པདྨའི་རི་ལ།།
ལྷ་དར་སྔོན་པོ་བརྐྱངས་ཡོད།།
ལྷ་དར་གཡས་འཁྱིལ་གཡོན་འཁྱིལ།།
རང་ཡུལ་ཕྱོགས་ལ་འཁྱིལ་ཡོད།།
རང་ཡུལ་ཕྱོགས་ལ་འཁྱིལ་ནས།།
ལོ་ཆུང་སེམས་པ་དགའ་བྱུང་།
སྨོན་ལམ་ཆེ་བཏབ་ཆུང་བཏབ།
འཛོམས་པ་ཕ་གིའི་རིལ།།
ཆུ་མིག་འོ་མ་སེར་པོ།།
ཆུ་མིག་འོ་མ་སེར་པོ།།
ཙན་དན་བརྒྱ་ཡིས་བསྐོར་ཡོད།།
རྨ་བྱ་ཆེ་འབབ་ཆུང་འབབ།།
ཙན་དན་ཤིང་ལ་འབབ་ཡོད།།
སྨོན་ལམ་ཆེ་བཏབ་ཆུང་བཏབ།།
རྨ་ཡ་བྱ་ལ་བཏབ་ཡོད།།
འཛོམས་པ་ཕ་གིའི་རིལ།།
ཆུ་མིག་འོ་མ་དཀར་པོ།།
ཆུ་མིག་འོ་མ་དཀར་པོ།།
ཐང་དཀར་བརྒྱ་ཡིས་བསྐོར་ཡོད།།
རྒོད་དཀར་ཆེ་འབབ་ཆུང་འབབ།།
ཐང་དཀར་ཤིང་ལ་འབབ་ཡོད།།
སྨོན་ལམ་ཆེ་བཏབ་ཆུང་བཏབ།།
རྒོད་ཕྲུག་བྱ་ལ་བཏབ་ཡོད།།
འཛོམས་པ་ཕ་གིའི་རིལ།།
ཆུ་མིག་འོ་མ་སྔོན་པོ།།
ཆུ་མིག་འོ་མ་སྔོན་པོ།།
ལྕང་དཀར་བརྒྱ་ཡིས་བསྐོར་ཡོད།།
ཁུ་ཡ་ཆེ་འབབ་ཆུང་འབབ།།
ལྕང་དཀར་ཤིང་ལ་འབབ་ཡོད།།
སྨོན་ལམ་ཆེ་བཏབ་ཆུང་བཏབ།།
ཁུ་ཡ་བྱ་ལ་བཏབ་ཡོད།།
ཐར་ལམ་བྲོ།
གཞས་ཡུལ་དགོང་སྔོན་མཐོན་པོ།།
ཨ་མ་འབྲུག་མོའི་ས་ཆ།།
འགྲིམས་པའི་གསེར་མོ་ཉི་ཟླ།།
རིགས་བཟང་མཁའ་འགྲོའི་གདོང་རྒྱུད།།
དཀར་སྤྲིན་མཐའ་ནས་རྒྱས་དུས།།
དཔའ་བོའི་དཔའ་མོའི་བྲོ་ར།།
གཞས་ཡུལ་བྲག་དཀར་མཐོན་པོ།།
ཨ་མ་འབྲུག་མོའི་ས་ཆ།།
འགྲིམས་པའི་དངུལ་འཇམ་རྒོད་དཀར།།
རིགས་བཟང་མཁའ་འགྲོའི་གདུང་རྒྱུད།།
གཤོག་དྲུག་མཐའ་ནས་རྒྱས་དུས།།
དཔའ་བོ་དཔའ་མོའི་བྲོ་ར།།
གཞས་ཡུལ་བཅོ་བརྒྱད་མཐོན་པོ།།
ཨ་མ་འབྲུག་མོའི་ས་ཆ།།
འགྲིམས་པའི་འདིར་བཞུགས་རྣམ་པ།།
རིགས་བཟང་མཁའ་འགྲོའི་གདུང་རྒྱུད།།
ཁ་མཚར་མཐའ་ནས་རྒྱས་དུས།།
དཔའ་བོ་དཔའ་མོའི་བྲོ་ར།།
སྐྱིད་པའི་ལྷ་དར་ཉིལ་ལི་ལི།
བཀྲ་ཤིས་ལྷུན་པོའི་ཕུག་ཕྱོགས་ལ།།
གསེར་གྱི་མཆོད་རྟེན་ཁྲི་མ་འབུམ།།
ཁྲི་མ་འབུམ་ལ་གཡས་བསྐོར་བརྒྱབ།།
དགའ་བའི་དར་ལྕོག་ཡ་ལ་ལ།།
ཁྲི་མ་འབུམ་ལ་གཡོན་བསྐོར་བརྒྱབ།།
སྐྱིད་པའི་ལྷ་དར་ཉིལ་ལི་ལི།།
བཀྲ་ཤིས་ལྷུན་པོའི་ཕུག་ཕྱོགས་ལ།།
དངུལ་གྱི་མཆོད་རྟེན་ཁྲི་མ་འབུམ།།
ཁྲི་མ་འབུམ་ལ་གཡས་བསྐོར་བརྒྱབ།།
དགའ་བའི་དར་ལྕོག་ཡ་ལ་ལ།།
ཁྲི་མ་འབུམ་ལ་གཡོན་བསྐོར་བརྒྱབ།།
སྐྱིད་པའི་ལྷ་དར་ཉིལ་ལི་ལི།།
བཀྲ་ཤིས་ལྷུན་པོའི་ཕུག་ཕྱོགས་ལ།།
གཡུ་ཡི་མཆོད་རྟེན་ཁྲི་མ་འབུམ།།
ཁྲི་མ་འབུམ་ལ་གཡས་བསྐོར་བརྒྱབ།།
དགའ་བའི་དར་ལྕོག་ཡ་ལ་ལ།།
ཁྲི་མ་འབུམ་ལ་གཡོན་སྐོར་བརྒྱབ།།
སྐྱིད་པའི་ལྷ་དར་ཉིལ་ལི་ལི།།
མཆོད་པ་འབུལ།
དགོང་སྔོན་མཐོན་པོ་ཕྱི་ན་ཡོད་པའི་ཕྱི་ཡི་ལྕགས་
རི་དེ་དང་གཅིག །
གསལ་མོ་ཉི་ཟླ་ནང་ན་ཡོད་པའི་ནང་གི་ནོར་བུ་དེ་
དང་གཉིས།།
དཀར་སྤྲིན་ལེགས་མ་ཟུར་ལ་ཡོད་པའི་ཟུར་གྱི་རྒྱན་
ཆ་དེ་དང་གསུམ།།
རྒྱན་དྲུག་མེ་ཏོག་པདྨ་འདབ་བརྒྱད་དཀོན་མཆོག་
ལྷ་ལ་མཆོད་པ་འབུལ།།
བྲག་དཀར་མཐོན་པོ་ཕྱི་ན་ཡོད་པའི་ཕྱི་ཡི་ལྕགས་
རི་དེ་དང་གཅིག །
དངུལ་འཇམ་རྒོད་དཀར་ནང་ན་ཡོད་པའི་ནང་གི་
ནོར་བུ་དེ་དང་གཉིས།།
གཤོག་དྲུག་ལེགས་མ་ཟུར་ལ་ཡོད་པའི་ཟུར་གྱི་རྒྱན་
ཆ་དེ་དང་གསུམ།།
རྒྱན་དྲུག་མེ་ཏོག་པདྨ་འདབ་བརྒྱད་དཀོན་མཆོག་
ལྷ་ལ་མཆོད་པ་འབུལ།།
ཇ་སྒྱེད་མཐོན་པོ་ཕྱི་ན་ཡོད་པའི་ཕྱི་ཡི་ལྕགས་རི་དེ་
དང་གཅིག །
འདིར་བཞུགས་རྣམ་པ་ནང་ལ་ཡོད་པའི་ནང་གི་
ནོར་བུ་དེ་དང་གཉིས།།
ཁ་མཚར་རྩེད་མོ་ཟུར་ལ་ཡོད་པའི་ཟུར་གྱི་རྒྱན་ཆ་
དེ་དང་གསུམ།།
རྒྱན་དྲུག་མེ་ཏོག་པདྨ་འདབ་བརྒྱད་དཀོན་མཆོག་
ལྷ་ལ་མཆོད་པ་འབུལ།།