ལོ་རེར་དབྱར་ཁའི་གུང་གསེང་སྐབས་བདག་གིས་ཁོམ་ལོང་གི་ཆུ་ཚོད་བེད་སྤྱད་ནས་རྒྱ་གར་གྱི་འབྲས་ལྗོངས་དང་ལ་དྭགས། ཁུ་ནུ། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཁག དེ་མིན་ནང་པའི་གནས་ཆེན་ཁག་དང་། ཧིན་རྡུའི་གནས་ཆེན་ཁག ད་དུང་བལ་ཡུལ་སོགས་སུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་གི་ཡོད། རེབ་འདིར་འབྲུག་ཡུལ་ནས་ཀ་ལི་ཀ་ཏ་བརྒྱུད་དེ་གྲོང་ཁྱེར་ལྡི་ལི་རུ་འབྱོར་བ་དང་། དེ་ནས་ཉིན་ཁ་ཤས་བསྡད་རྗེས་མུ་ན་ལིའི་ཆུ་ཚན་ནང་ཉིན་གཉིས་ཙམ་བསྡད་ནས་ལྷག་སྤྲོ་གསེང་ལ་རོལ་པ་ཡིན། དེ་ནས་སྤྱི་ཟླ་དྲུག་པའི་ཚེས་དགུ་ཉིན་གླ་གཏོང་རླངས་འཁོར་ཞིག་གི་ནང་ཕྱི་གླིང་མགོ་སེར་ཁ་ཤས་དང་མཉམ་དུ་མར་ཡུལ་ལ་དྭགས་ཀྱི་ཕྱོགས་སུ་བཞུད་འགོ་བརྩམས་པ་ཡིན།
མུ་ན་ལི་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་སྤྱི་ལེ་475ཙམ་ཡོད་པར་བཤད་ལ། ཞོགས་པའི་ཆུ་ཚོད་2་30སྟེང་ནས་དགོང་མོའི་ཆུ་ཚོད་8དང་9པའི་བར་ལ་དྭགས་སུ་འབྱོར་བར་བཤད་མོད། ང་དང་ཡུལ་སྐོར་གྲོགས་པོ་ཚོས་ལམ་བར་ནས་གནས་ཆེན་ཁག་དང་དགོན་རྙིང་། དེ་མིན་ཡུལ་སྐོར་བའི་ས་གནས་གྲགས་ཆེན་དག་སོང་ནས་ཕྱི་ཉིན་ཉིན་གུང་ཙམ་མ་གཏོགས་གླེ་རུ་སླེབས་མ་ཐུབ། དེ་ལྟར་མུ་ན་ལི་ནས་སྤྱི་ལེ་51ལྷག་བརྒལ་དུས་རོ་ཐང་ལ་ཞེས་པའི་༼མཐོ་ཚད་ལ་མུ་ཁྲེ་3980ཙམ་ཡོད༽ཉག་ཁ་དེར་སླེབས་དུས་ཞོགས་པའི་ཉི་རྩེ་ཤར་མ་ཐག་ཙམ་རེད་འདུག་ལ། ལམ་འགྲམ་གྱི་རྡེའུ་འབུམ་དང་དར་ལྕོག་དག་མཐོང་དུས་ཕ་ཡུལ་དྲན་པའི་ཚོར་སྣང་མི་འདྲ་བ་ཞིག་སླེབས། རོ་ཐང་ལ་དེའི་གཡས་གཡོན་དག་ཁ་བས་གཡོག་འདུག་ལ། འཇིགས་སུ་རུང་བའི་ཀྱག་ཀྱོག་གི་ལམ་ཕྲན་དེ་ནི་གཤིན་རྗེ་འཕྲང་ལམ་དང་གཉིས་སུ་མ་མཆིས། ལོ་རེར་སྤྱི་ཟླ་བཞི་བ་དང་ལྔ་བའི་ནང་འཕྲུལ་འཁོར་གྱིས་གངས་ལམ་གཤགས་ནས་འགྲུལ་བཞུད་ཀྱི་ལམ་ཁ་བཟོ་དགོས་པར་འདུག། དེ་མིན་དགུན་དུས་དང་དཔྱིད་དུས་སུ་ལ་དྭགས་ལ་འགྲོ་དགོས་ཚེ་སུ་རི་ན་རྒུར་སྐོར་ནས་འགྲོ་བའམ་ཡང་ན་གནམ་གྲུ་ནང་ནས་འགྲོ་དགོས་པ་ལས་གཞན་ཐབས་ཤེས་གང་ཡང་མེད་པར་བཤད།
རོ་ཐང་ནས་སྤྱི་ལེ་80ལྷག་བརྒལ་མཐར་སྐྱིད་སྣང་(Keylong)ཟེར་བའི་ས་དེར་སླེབས་ཤིང། རྫོང་དེའི་མིང་ལ་ག་ཞ་ཟེར། རྫོང་ཁོངས་དེའི་ཤར་ལྷོའི་ཕྱོགས་ཀྱི་བྲག་རི་གནམ་ལ་ཟུག་པ་འདྲ་བའི་ངོས་སུ་རྗེ་རྒོད་ཚང་བ་མགོན་པོ་རྡོ་རྗེའི་སྒྲུབ་ཕུག་འདུག་ལ། ཡང་བྱང་ཤར་གྱི་ཕྱོགས་སུ་གྲུབ་ཆེན་དྲིལ་བུ་བའི་སྒྲུབ་གནས་དྲིལ་བུའི་རི་དང་། རྗེ་རྒོད་ཚང་བའི་དབྱར་ཁའི་སྒྲུབ་གནས་སོགས་འདུག ཡང་རྫོང་གི་ལྷོ་ནུབ་ཀྱི་རི་ངོས་སུ་སྟག་ཚང་རས་པ་ངག་དབང་རྒྱ་མཚོས༼སྤྱི་ལོ་1574༽་ཕྱག་བཏབ་པའི་ཞ་ཞུར་དགོན་པའམ་མཁའ་འགྲོའི་ཤུགས་གླིང་འདུག།
་
ཞ་ཞུར དགོན་པ།
ག་ཞ་ནས་ལམ་ལ་ཆས་ཏེ་རྫོང་ཁག་ཁ་ཤས་བརྒྱུད་དགོས་བྱུང་བ་དང་། ལམ་བར་ནས་གཡང་གཟར་དང་གྲོག་རོང་སོགས་འཇིགས་སུ་རུང་བའི་ཀྱག་ཀྱོག་གི་ལམ་བར་མང་པོ་བརྒྱུད་དགོས་བྱུང་བས་སེམས་སུ་འཇིགས་དངངས་ཆེན་པོ་ཞིག་ངང་གིས་སྐྱེས་འོང་། ། མཚམས་རེར་རླངས་འཁོར་གྱི་གཞུང་ལམ་དྲང་ཞིང་བདེ་ལ་ལམ་བར་ནས་བརྗིད་ཆགས་པའི་གངས་རི་དང་བྲག་རི། སྔོ་ཞིང་དྭངས་པའི་ནམ་མཁའ་དང་གཙང་བོ། ལྷུང་ལྷུང་འབབ་པའི་རྦབ་ཆུ། བརྗེད་དཀའ་བའི་ཤིང་ལྕགས་ཀྱི་ཟམ་པ་ཆེ་ཆུང་སོགས་མིག་ལམ་དུ་ཝ་རེར་མངོན་བྱུང་།
དེ་ནས་ས་རུབ་ཁར་སྤང༼ Pang ༽ཞེས་པའི་ས་ཆ་དེར་འབྱོར་བ་དང་། དེ་རུ་ཡུལ་སྐོར་བ་ཚོར་ཆེད་དུ་གཉེར་བའི་རས་གུར་དང་ལྕགས་ཁང་ཆེ་ཆུང་འདྲ་མིན་གྱི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་མང་ལ། ས་གནས་དེའི་ཡུལ་མི་ཚོས་མགྲོན་པོ་སྒུག་ནས་བསྡད་འདུག དགོང་མོ་དེར་དེ་ནས་ཞག་སྡོད་བྱས་པ་ཡིན།
ཕྱི་ཉིན་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ལ་ས་དེ་ནས་ལམ་ལ་ཆས་ཏེ་ཐང་ཆེན་པོ་རྐྱང་སྐྱིད་ཐང་གཤགས་ནས་སོང་། ལམ་འགྲམ་གྱི་རི་ཁུགས་དག་ན་འབྲོག་པའི་ནོར་ཁྱུ་རྣམས་སོས་དལ་བག་ཡངས་ངང་བསྡད་འདུག་ལ། ཆོན་ཐགས་ཀྱིས་ཕྱོགས་བཞིར་བརྐྱངས་བའི་སྦྲ་ནག་རྣམས་དུད་སྨུག་གི་ཀློང་རིམ་ནས་སུ་ཞིག་ལ་བསུ་བ་བྱེད་བཞིན་པ་འདྲ། སྐབས་དེར་ངས་ཕ་ཡུལ་གྱི་འབྲོག་པའི་འཚོ་བ་དེ་དྲན་ནས་སེམས་སུ་སྨྲ་མི་ཤེས་པའི་དགའ་སྤྲོ་ཚད་མེད་སྐྱེས། དེ་ནས་སོང་སོང་མཐར་ཉིན་གུང་ཙམ་ལ་དྭགས་ཀྱི་གནའ་བའི་གྲོང་ཁྱེར་རྒྱལ་ས་གླེ་རུ་སླེབས་སོང་།
ལ་དྭགས་ཀྱི་གནའ་བའི་གྲོང་ཁྱེར་རྒྱལ་ས་གླེ།