༄༅། །བཀའ་གདམས་པའི་གྲུབ་མཐའི་འབྱུང་ཁུངས་དང་ཁྱད་ཆོས་ལ་རགས་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


    དེ་ཡང་བོད་གངས་ཅན་གྱི་ལྗོངས་འདིར་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་མོ་ཞིག་ནས་སྲིད་པ་མིའི་འགྲོ་བ་བྱུང་བ་ལ་བརྟེན་ནས། བོད་འབངས་ཀྱི་འགྲོ་བ་སེམས་ཅན་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ལ་ཆེས་སྔ་ཤོས་གཉའ་ཁྲི་བཙན་པོ་ནས་རིམ་བཞིན་བརྒྱུད་པའི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་ཡར་ཀླུང་ཁུལ་གྱི་ཕོ་བྲང་ཡུམ་བུ་བླ་སྒང་དུ་མདོ་སྡེ་ཟ་མ་ཏོག་དང་། པང་སྐོང་ཕྱག་རྒྱ། མ་ཎི་ཡི་གེ་དྲུག་མ་སོགས་ཀྱི་གླེགས་བམ་ཕྱག་ཏུ་འབྱོར་བ་ལ་བརྟེན་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པའི་དབུ་ཐོག་མ་བརྙེས།
    དེ་ནས་རིམ་བཞིན་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་ནས་བློན་ཆེན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་མངགས་ཤིང་། ཡི་གེ་བསླབས་པ་མཐར་ཕྱིན་ནས་ཕྱིར་ཕེབས་རྗེས་ལྷ་སའི་ཉེ་འགྲམ་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་ད་ལྟའི་བོད་མི་སྤྱིའི་ཐུན་མོང་དུ་བཀོལ་སྤྱོད་བྱེད་བཞིན་པའི་ཡི་གེ་འདི་གསར་བཟོ་བྱས་ཏེ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། ཟླ་བ་སྒྲོན་མེ་ཞུས་པའི་མདོ་སྟེ་ཏིང་ངེ་འཛིན་རྒྱལ་བོ། དགེ་བ་བཅུའི་མདོ། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་སོགས་བོད་རང་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད།
དེ་ནས་རིམ་བཞིན་རྒྱལ་རབས་ལྔ་འདས་པ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བྱོན། དེས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཏེ་མཁན་ཆེན་གྱིས་སད་མི་མི་འདུན་རབ་ཏུ་བྱུང་བར་མཛད་དེ་སོ་སོ་ཐར་བའི་ཆོས་འདུལ་བའི་བསྟན་པ་སྤེལ་ཏེ་དགེ་འདུན་གྱི་སྡེ་ཐོག་མ་བྱུང་། སློབ་དཔོན་པདྨས་རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ།
    སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སོགས་ལོ་ཙཱ་བ་རྣམས་ཀྱིས་རྒྱལ་བའི་བཀའ་དུ་མ་བོད་སྐད་དུ་བསྒྱུར་ནས་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་དར་རྒྱས་སུ་ཡོད་པ་ལ། ཕྱིས་སུ་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་དགེ་སྡིག་གི་དབྱེ་བ་དང་། སྒྲུབ་པ་ཉམས་ལེན་བྱེད་ཚུལ། ལྟ་བ་སོགས་ལ་ལོག་བཤད་མང་དུ་བརྗོད་པས་བསྟན་པ་དྲི་མ་ཅན་དུ་བཏང་། དེ་སློབ་དཔོན་ཀ་མ་ལ་ཤཱི་ལས་ཚར་བཅད་ནས་ལྟ་བ་དང་སྤྱོད་པ་སོགས་ཕྱོགས་ཐམས་ཅད་ནས་རྣམ་པར་དག་པར་ཡོད་པ་ལ་གླང་དར་མས་བསྣུབས་ནས་ལོ་ངོ་བདུན་ཅུ་ཙམ་གྱི་རིང་ལ་བོད་མུན་གླིང་དུ་གྱུར།
    དང་པོ། ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་གི་བོད་ཀྱི་བསྟན་པའི་གནས་བབ།
    དེ་ནས་བླ་ཆེན་དགོངས་པ་རབ་གསལ་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས། འདིར་བླ་ཆེན་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་བསྟན་པའི་མེ་རོ་ནི་དགེ་ཚུལ་སློང་གི་སྡོམ་རྒྱུན་དེ་མདོ་ཁམས་སྨད་ནས་གསོས་པ་ཡིན་གྱི། དེ་མིན་བླ་ཆེན་གྱིས་ཆོས་འཆད་ཉན་དང་བསྟན་བཅོས་མང་པོ་བརྩམས་ནས་བསྟན་པའི་མེ་རོ་བསླངས་པ་ཞིག་མ་ཡིན་ཏེ། བླ་ཆེན་རང་གིས་བརྩམས་པའི་བསྟན་བཅོས་མེད་པའི་ཕྱིར།
ཚུལ་འདི་ལ་དཔགས་ན་བསྟན་པ་ཡོད་མེད་ཅེས་པ་དེ་ཡང་དགེ་ཚུལ་སློང་གི་སྡོམ་རྒྱུན་ཡོད་མེད་ལ་རག་ལས་པ་ཡིན་པར་མཚོན་ཐུབ་སྟེ། དེ་མིན་ན་གླང་དར་གྱིས་བསྟན་པ་བསྣུབས་རྗེས་སུའང་དབུས་སོགས་ན། གསང་སྔགས་ཀྱི་བསྟན་པ་དང་དེ་ཉམས་སུ་ལེན་མཁན་གྱི་སྔགས་པ་མང་དུ་ཡོད་ཀྱང་བསྟན་པ་གནས་པ་ཞེས་པའི་གོ་ཆོད་མེད། གོ་ཆོད་ཡོད་ན་བླ་ཆེན་གྱིས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པ་དེ་དོན་མེད་དུ་འགྱུར་པའི་ཕྱིར་རོ།།
ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་སྟོད་ནས་བསྟན་པ་གསོས་པས་དབུས་གཙང་གི་ལྗོངས་སུ་དགེ་འདུན་གྱི་སྡེ་མང་དུ་འཕེལ་ཡོད་མོད་ཀྱང་། འགའ་ཞིག་གིས་འདུལ་བ་ལ་མོས་བློས་སྔགས་ཁྱད་དུ་གསོད། འགའ་ཞིག་གིས་སྔགས་ལ་མོས་བློས་འདུལ་བ་ཁྱད་དུ་བསད་པས་བསྟན་པ་ཕྱོགས་རེ་བར་སོང་། ཕལ་མོ་ཆེ་གྲུབ་མཐའི་ཁ་འཛིན་གྱི་བཤད་པ་ཙམ་ལས་ཐུབ་བསྟན་ཡོངས་སུ་རྫོགས་པ་ཉམས་ལེན་དུ་ཁྱེར་ཤེས་པ་ཞིག་ཕར་ཞོག ཕྱོགས་ཙམ་གྱི་གོ་བ་ཆགས་པའང་དཀོན་པར་གྱུར།
    ལྷག་པར་གླང་དར་གྱིས་བསྟན་པ་བསྣུབས་པའི་རྗེས་དེ་ནས་སྡོམ་པ་ལེན་པ་དང་། འཆད་ཉན་གྱི་རྒྱུན་ཆད། རབ་བྱུང་གི་རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་བ་ཅན་གྱོན། མགོའི་སྐྲ་གཞན་བྲེགས་གཙུག་ཕུད་བཞག་པ་ལ་མིང་གནས་བརྟན་དགྲ་བཅོམ་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་མཆོད་གནས་བྱེད། སྡོམ་པ་སྲུང་ཟེར་ནས་དབྱར་ཟླ་གསུམ་དུ་རྩ་བ་བཞི་སྟེ། སྲོག་གཅོད་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ། རྫུན་དུ་སྨྲ་བ་བཞི་སྲུང་སྟེ་གཙུག་ལག་ཁང་དུ་བསྡད་ནས་དབྱར་གནས་བྱེད། དེ་ནས་དགག་དབྱེ་སྟེ་དབྱར་གྲོལ་རྗེས་གང་ཡང་མི་སྲུང་བར་གྲོང་དུ་ཁྱིམ་ཐབ་བྱེད། སྔགས་པ་ཕལ་ཆེར་ཡང་གསང་སྔགས་རྒྱུད་སྡེའི་འཆད་ཉན་དང་ནང་གི་རྣལ་འབྱོར་སྒྲུབ་པ་ལ་མི་གཞོལ་བར་བོན་པོ་ལ་མིག་ལྟོས་བྱས་ཏེ། སྒྲུབ་གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་ཁོ་ན་བྱེད། དེ་ལ་མི་དར་མ་ཤི་ན་འབུམ། གཞོན་པ་ལ་ཉི་ཁྲི། བྱིས་པ་ལ་བརྒྱད་སྟོང་པ་འདོན། ད་ལྟའང་མདོ་དབུས་ཁམས་སོགས་སུ་གྲྭ་བ་དང་སྔགས་པ་ཚོས་གྲོང་དུ་སོང་ནས་གསང་སྔགས་ཀྱི་ཆོ་ག་དབྱངས་གྱེར་ནས་འདོན་པ་དང་། རྒྱལ་བའི་གསུང་རབ་ཀློག་པའི་མིང་ལ་གྲོང་ཆོག་ཞེས་པའི་ལུགས་སྲོལ་འདི་དུས་ནམ་གྱི་ཚེ་དར་བ་དང་། ཁུངས་གང་ཡིན་ད་དུང་དཔྱད་གཞིར་སྣང་ངོ་། །གྲོང་ཆོག་ཞེས་པའི་ལུགས་སྲོལ་ འདི་ཐུགས་ལ་མ་བབ་པར་སྔོན་བྱོན་མཁས་དབང་རྣམས་ཀྱིས་དགག་པ་མང་དུ་བཏང་ཡོད་པར་སོ་སོའི་བཀའ་འབུམ་རྣམས་སུ་ལན་གཅིག་མ་ཡིན་པར་མང་དུ་བཀོད་ཡོད།
           ཡང་སྔགས་པ་འགའ་ཞིག་གིས་རྒྱུད་ཚིག་བློ་ལ་ཡོད་པ་རྣམས་ཡི་གེར་བྲིས་པར། བར་བར་གྱི་ཚིག་བརྗེད་ནས་མ་ཤེས་པ་རྣམས་ལ་རང་གིས་བློ་བཟོའི་བསླད་བཅུག བརྡ་ཆད་ཁ་ནས་གང་ཐོན་སྦྱར། །ལ་ལས་རྒྱུད་ཀྱི་མིང་བཏགས་པའི་རྟོག་བཟོའི་ཡི་གེ་གྲོང་ཚིག་འབའ་ཞིག་གང་འདོད་དུ་བྲིས། ལ་ལས་རང་གི་ཆུང་མ་ལ་ཁྱོད་ཀྱིས་ང་ལ་ཆང་ཞིམ་པོ་བཟོས་དང་། ངས་རྒྱུད་པོ་ཏི་ལོངས་པ་ཞིག་རྩོམ་པ་ཡིན་ཟེར་བའང་བྱུང་།
རྒྱ་གར་ནས་ཨ་ཙརྱ་དམར་པོ་ཞེས་བྱ་བ་དང་། པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་བྱ་བ་ལ་སོགས་པ་འགའ་ཞིག་བྱུང་ནས་བུད་མེད་སྤྱོད་པ་ལ་སྦྱོར་བ་དང་། དགྲ་ལ་སོགས་པའི་སེམས་ཅན་གསོད་པ་ལ་སྒྲོལ་བ་ཞེས་སྦྱོར་སྒྲོལ་དུ་གྲགས་པའི་ཆོས་ལོག་དང་། གཞ་ཡང་སྔགས་ལ་སྙད་བཏགས་པའི་རྩིང་སྤྱོད་མང་པོ་ཞིག་དར་བར་བྱས། དེ་དག་གི་དབང་གིས་བསྟན་པ་རྣམ་དག་ཅིག་འཛིན་པ་ཉུང་ཞིང་ཆོས་ལོག་སྤྱོད་པ་མང་དུ་གྱུར།
    དེ་ནས་མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཀྱི་བསྟན་པའི་གནས་ཚུལ་དེ་འདྲའི་རྙོག་འཛིངས་ཅན་དུ་གྱུར་པ་དེར་དགོངས་ནས། དང་པོར་ཡབ་མེས་ཀྱི་རིང་ལ་དམ་ཆོས་དབུ་བརྙེས་སྲོལ་བཏོད་དར་ཞིང་རྒྱས་པར་མཛད་པའི་ཕྱག་བཞེས་རྣམས་གཟིགས་པས་འཁོར་བ་ལ་སྐྱོ་བ་སྐྱེས་ནས། ཡབ་མེས་ཀྱི་གདུང་བསབ་པར་དགོངས་ཏེ་རྒྱལ་སྲིད་དཔོན་པོ་ལྷ་སྡེ་ལ་གཏད་ནས་རབ་ཏུ་བྱུང་། དམ་པའི་ཆོས་ཐེག་པའི་རིམ་པ་མཐའ་དག་གཟིགས་པས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཆོས་ལུགས་འགལ་བར་གཟིགས་ནས་ཐེ་ཚོམ་སྐྱེས་ཏེ། འདི་གཉིས་གང་རུང་གཅིག་ཡིན་ཏེ་གཅིག་མ་ཡིན་ནམ། ཡང་ན་ཚིག་འགལ་ཡང་དོན་མི་འགལ་བ་ཡིན་ནམ་སྙམ་ནས་ཐེ་ཚོམ་གསལ་བའི་ཕྱིར། མངའ་རིས་སྐོར་གསུམ་ནས་གཞོན་ནུ་བློ་རབ་ཏུ་རྣོ་བ། དེ་ཡང་ལོ་བཅུ་ལོན་པ་རྣམས་བསགས་ནས་ཆོས་ཀྱི་ཚིག་འདི་ཙམ། དུས་འདི་ཙམ་ཚུན་ཆད་ལ་བློར་ཟུངས་ཤིག་ཅེས་བློ་སུ་རྣོ་བ་བརྟག་པས། བློ་ཤིན་ཏུ་རྣོ་བ་རབ་བདུན་རྙེད་ནས་ཡི་གེ་བསླབས། རབ་ཏུ་བྱུང་ནས་བྱིས་པ་བདུན་པོ་ལ་གཡོག་གཉིས་རེ་བཅས་ཉི་ཤུ་རྩ་གཅིག་ཁ་ཆེར་ཆོས་ཀྱི་སློབ་གཉེར་ལ་བརྫངས། ངྷམ་པཱ་ལ་སོགས་སྤྱན་འདྲེན་ཅི་ཐུབ་དང་། དེ་ལས་གཞན་པའི་པཎྜི་ཏ་བོད་ལ་ཕན་ཐོགས་པ་ཇི་ལྟ་བུ་འདུག་དྲིས་ལ་ཤོག་ཅེས་བྱས་ནས་བཏང་བས། མི་བཅུ་དགུ་རྒྱ་གར་ཚད་པ་ཆེ་བས་ཤི། ལོ་ཙཱ་བ་རིན་ཆེན་བཟང་བོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལུས། བོད་ཀྱི་བསྟན་པ་ལ་ཞུ་དག་གཏོང་བའི་པཎྜི་ཏ་ཞིག་གདན་འདྲེན་མ་ཐུབ། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སླར་ཡང་བརྩོན་པ་བསྐྱེད་དེ་བོད་ཀྱི་བསྟན་པ་ལ་ཞུ་དག་གཏོང་བའི་ཆེད་དུ་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་གདན་འདྲེན་པའི་དོན་དུ་གསེར་སྒྲུབ་པའི་ཕྱིར་མཐའ་འཁོབ་ཅིག་ཏུ་བྱོན་པས་གར་ལོག་གི་རྒྱལ་བོས་ཤེས་ཏེ་བཙོན་དུ་བཟུང་། ཁྱོད་རང་གི་རྒྱལ་ཁམས་མུ་སྟེགས་ལ་འགོད་ན་བྱ་དགའ་སྟེར། ཐ་ན་རྒྱུད་ཀྱི་སྐྱབས་འགྲོ་གཏོང་ན་བླུད་མ་མི་དགོས། གཞན་དུ་གསེར་ལུས་ཚད་དང་མཉམ་པ་མ་བྱུང་ན་མི་གཏོང་ཟེར་ཏེ། མཐར་ལྷ་བླ་མ་ཡེ་ཤེས་འོད་གར་ལོག་རྒྱལ་བོས་བཀྲོངས་སོ།། དེ་ནས་བྱང་ཆུབ་འོད་ཀྱི་རིང་ལ་གདན་དྲངས་ཏེ་མཛད་རྗེས་རྣམས་འོག་ཏུ་འཆད་དོ། །
གཉིས་པ། བཀའ་གདམས་ཀྱི་ལུགས་སྲོལ་ཁྱད་པར་ཅན་དེ་ཇི་ལྟར་བྱུང་བའི་ཚུལ།
བཀའ་གདམས་ཀྱི་ལུགས་སྲོལ་ཁྱད་པར་ཅན་དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེས། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད། གླང་ཤར་གཉིས་དང་བྱ་ཡུལ་བ་སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པ་ཞིག་ཡིན་ལ།
               དེ་ལ་ཐོག་མར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལོ་རྒྱུས་ཅུང་གླེང་བར་བྱ་བ་ལ། རྡོ་རྗེ་གདན་གྱི་ཤར་ཕྱོགས་བྷཾ་ག་ལའི་བྱེ་བྲག་ཟ་ཧོར་ཡུལ་གྱི་ཡབ་རྒྱལ་པོ་དགེ་པའི་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་སུ་རབ་བྱུང་མ་ཚུགས་སྔོན་གྱི་མེ་མཁའ་རྒྱ་མཚོ་༣༥༩(སྤྱི་ལོ་༩༨༢)ལ་སྐུ་བལྟམས། ལོ་བཅུའི་བར་དུ་གསོ་དཔྱད་དང་བཟོ་དང་ཡི་གེ་སོགས་ལ་བསླབས་པས་མཁས་པའི་ཕུལ་དུ་ཕྱིན་པ་མཁྱེན།
དེ་ནས་ལོ་ཉི་ཤུ་རྩ་གཅིག་གི་བར་དུ། ཕྱི་རོལ་བའི་སྒྲ་དང་ཚད་མ་དང་། ནང་བའི་སྒྲ་དང་ཚད་མ་མ་ལུས་པར་བསླབས། ཁྱད་པར་དུ་སྒྱུ་རྩལ་དྲུག་ཅུ་རེ་བཞི་དང་སྒྲ་ཚད་ལ་མཁས་པའི་ཕུལ་དུ་ཕྱིན་པ་ཡིན་གསུང་། བླ་མ་ཨ་ཝ་དྷཱི་ཏི་བ་ལོ་དགུར་བསྟེན་ཏེ་དབུ་མའི་ལྟ་བ་དེ་ལས་བརྙེས། རེ་ཞིག་ཤར་ཕྱོགས་བྷཾ་ག་ལར་ཕྱི་ནང་གཉིས་རྩོད་པ་ཆེན་པོ་བྱུང་ནས། བྷཾ་ག་ལའི་བསྟན་པ་ཕལ་ཆེར་མུ་སྟེགས་པ་ལ་ཤོར། ནང་བའི་གནས་བརྟན་ཆེན་པོ་ཞིག་ཐུགས་ཤིན་ཏུ་མ་བདེ་ཞིང་། ནང་བའི་ནང་ནས་མུ་སྟེགས་པའི་རྩོད་པ་ཟློག་ནུས་པའི་པཎྜི་ཏ་བཙལ་བས་མ་རྙེད་པའི་སྐབས་སུ། ཇོ་བོ་དང་འཕྲད་ནས་ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ཏེ་བརྩད་པས་མུ་སྟེགས་པ་ཐམས་ཅད་ཚར་བཅད་ནས་སྔར་ཤོར་བའི་པཎྜི་ཏ་དང་གནས་ཐམས་ཅད་ཚུར་ཐོབ་པར་གྱུར།
               དགུང་ལོ་ཉི་ཤུ་རྩ་དགུ་བཞེས་དུས་བྱེ་བྲག་སྨྲ་བ་ལ་ནང་གསེས་ཀྱི་སྡེ་བཅོ་བརྒྱད་དུ་གྱེས་ཡོད་པས་དགེ་འདུན་ཕལ་ཆེན་སྡེ་བའི་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བཀའ་བརྒྱུད་དུ་མ་ཏི་བྷི་ཧ་རའི་གཙུག་ལག་ཁང་དུ་ཤཱི་ལ་རཀྵྀ་ཏའི་སྤྱན་སྔར་བར་ཏུ་བྱུང་། དེ་ནས་མཁན་པོ་ཤཱི་ལ་རཀྵྀ་ཏའི་སྤྱན་སྔར། སྒྲ་དང་། གཏན་ཚིགས། བཟོ་དང་། གསོ་བ་དང་། ནང་རིག་པ་བཅས་ལ་མཁས་པར་སྦྱངས། ལྷག་པར་དུ་སློབ་གཉེར་གྱི་ཕྱིར་ལུས་དང་སྲོག་ལའང་མ་འཛེམ་པར་རྒྱ་མཚོ་ཆེན་པོར་ལན་གསུམ་ཞུགས། རྒྱ་གར་ཡུལ་དབུས་དང་། ལྷོ་དང་། ཁ་ཆེ་དང་། ཟ་ཧོར་དང་། གསེར་གླིང་དང་། ཟངས་གླིང་དང་། ནགས་གླིང་ལ་སོགས་པར་བྱོན་ནས་མཁས་གྲུབ་དུ་མའི་སྤྱན་སྔར་མདོ་སྔགས་རིག་གནས་རབ་འབྱམས་ལ་སྦྱངས་བརྩོན་མཐར་ཕྱིན་པར་མཛད། ཁྱད་པར་གསེར་གླིང་བ་ཆོས་ཀྱི་གྲགས་པ་ལ་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་བསླབས།
                 དེ་ནས་ཇོ་བོ་ཉིད་ནང་བ་སངས་རྒྱས་པ་ཐམས་ཅད་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ཏེ་རྡོ་རྗེ་གདན་དུ་བཞུགས། ཇོ་བོ་བཞུགས་པའི་དུས་ན་ལྷོ་ཕྱོགས་ནས་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་ཞིག་བྱུང་ནས། སངས་རྒྱས་པའི་བསྟན་པའི་བདག་པོ་ཁྱོད་རེད། མུ་སྟེགས་པའི་བདག་པོ་ཁོ་བོ་ཡིན་པས། རང་ཅག་གཉིས་རྩོད་པ་བྱེད་ལ་སུ་རྒྱལ་བའི་བསྟན་པ་ལ་འཇུག་དགོས་ཟེར་ཏེ། རྒྱལ་པོ་དཔང་དུ་བཞག་ནས་རྩོད་པ་བྱས། ཇོ་བོ་རྗེས་ཚེགས་མེད་པར་ཚར་བཅད་ནས་གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོར་བླངས་ནས་ཕྱི་རོལ་པ་ཐམས་ཅད་ནང་བའི་བསྟན་པ་ལ་ཞུགས་སོ། །
ཡང་སང་ཕོད་ལོ་དུས་ན་མུ་སྟེགས་པའི་སྟོན་པ་གདུགས་བདུན་ཕུབ་པ་ཅིག་བྱུང་བ་ཡང་སྔར་བཞིན་དུ་ཚར་བཅད། ཡང་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་མཁས་པ་ཕུལ་དུ་ཕྱིན་པ་ཅིག་བྱུང་བ་དང་རྩོད་པའི་གཡུལ་བཤམས་ཏེ། སྔ་རྒོལ་ཕྱི་རྒོལ་གྱི་གདན་བཤམས། ཕྱི་ནང་གཡས་གཡོན་དུ་གྲལ་བྱས། རྒྱལ་པོ་གོང་ལ་བཞུགས། སྐྱེ་བོའི་ཚོགས་མང་པོ་འདུས་པ་དང་། དེ་ནས་རྩོད་པ་བྱས། དང་པོ་པཎྜི་ཏ་ཀུན་གྱིས་གོ་བ་བྱུང་། དེ་ནས་སུམ་ཅུ་ཙམ་གྱིས་གོ་གཞན་གྱིས་མ་གོ  དེ་ནས་ཉི་ཤུ་ཙམ་གྱིས་གོ་དེ་ནས་བཅོ་ལྔ་ཙམ་གྱིས་གོ  དེ་ནས་བཅུ་ཙམ་གྱིས་གོ  དེ་ནས་ལྔ་ཙམ་གྱིས་གོ་དེ་ནས་ཤིན་ཏུ་ཕྲ་བར་གྱུར་ཏེ་ཁོ་རང་གཉིས་མ་ཡིན་པས་གཞན་གཅིག་གིས་ཀྱང་མ་གོ  དེ་ནས་མུ་སྟེགས་པ་དེས་སྒྲའི་ཚིགས་སུ་བཅད་པ་གཅིག་གི་དོན་དྲིས་པས། ཇོ་བོས་དུས་སུ་ལན་མ་ཐེབས་ནས་ཁྱོད་དེར་སྡོད་ཅིག་གསུངས་ནས་ནང་དུ་བཞུད་དེ་ཇོ་བོས་སྒྲོལ་མ་ལ་མཎྜལ་ཕུལ་ནས་གསོལ་བ་བཏབ་པས། སྒྲོལ་མས་བྱིན་གྱིས་བརླབས་ཏེ། དེའི་དོན་ཐུགས་ལ་ཝལ་གྱིས་བྱུང་ནས་ལན་བཏབ་པས་དེ་ཚར་བཅད། གདུགས་ལྔ་བོ་ཇོ་བོ་ལ་ཕུལ་ནས་ཞབས་སྤྱི་བོར་བླངས་ཏེ་མུ་སྟེགས་པ་ཐམས་ཅད་ནང་བའི་བསྟན་པ་ལ་བཀོད་པ་སོགས་འཕགས་ཡུལ་ཀྱི་པཎྜི་ཏ་ཐམས་ཅད་ཀྱི་གཙུག་གི་རྒྱན་དུ་གྱུར་པ་དང་། འཕྲིན་ལས་གཞན་དང་མི་མཚུངས་པའི་བསྟན་པ་འཛིན་པའི་སྐྱེས་བུ་ཆེན་པོ་ཞིག་ཏུ་གྱུར་ཡོད་དོ། །
གསུམ་པ། ཇོ་བོ་རྗེ་བོད་དུ་ཇི་ལྟར་བྱོན་པའི་ཚུལ།
                དེ་ནས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ལ་བཀའ་བསྩལ་ནས་ཇོ་བོ་རྗེ་བོད་དུ་སྤྱན་འདྲེན་པའི་ཕོ་ཉ་མངགས། ཇོ་བསྟོད་དང་ལམ་རིམ་སོགས་ལྟར་ན། སྤྱི་ལོ་༡༠༣༩ལོར་ཇོ་བོ་རྗེ་བོད་དུ་ཕེབས། དེ་ནས་བལ་བོ་བརྒྱུད་དེ་འཕགས་པ་ཤིང་ཀུན་ཏུ་ཕེབས་པ་ན། བོད་ཀྱི་བསུ་བ་མི་དྲུག་སླེབས་ནས་བོད་ཀྱི་ལུགས་ལྟར་ཇ་ཐབ་དང་། གདན་གྱི་བཀོད་པ་དང་ཞལ་ཟས་བཏུང་བ་རྣམས་བསྟབས་ནས་ཐོག་མའི་བསུ་བ་མཛད།
དེ་ནས་བལ་བོ་རྫོང་ལ་ཕེབས་པ་ན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་གོས་དཀར་པོ་འབའ་ཞིག་གྱོན་པ་སུམ་བརྒྱ་ཐམ་པས་གདུགས་དང་རྒྱལ་མཚན་བ་དན་ལ་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར། དེ་བཞིན་གླུ་གར་དང་། བཀྲ་ཤིས་པའི་ཤིས་པ་བརྗོད་པ་བཅས་གཟབ་ཅིང་རྒྱས་པའི་ཕེབས་བསུ་མཛད། རྒྱན་ཐམས་ཅད་ཀྱང་དཀར་པོ་འབའ་ཞིག་བྱས། བློན་ཆེན་པོ་བཞི་ལ་དར་མདུང་དཀར་པོ་ཐོགས་པ་བཅུ་དྲུག་བཅུ་དྲུག་གིས་བསྐོར། གཞན་ཐམས་ཅད་ལ་ཡང་བ་དན་དང་། ཆུ་དར་གྱི་གདུགས། དེའི་སྐབས་སྔར་མེད་པའི་རག་དུང་གསར་དུ་བཟོས་ཏེ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་འབུད་པ་དེ་ནས་བོད་དུ་དུང་ཆེན་འབུད་སྲོལ་དར་ལ། དུང་ཆེན་དེ་ལ་ལོ་པན་སྤྱན་འདྲེན་པའི་དུང་ཆེན་ཞེས་གྲགས།
གཞན་ཡང་པི་ཝང་གླིང་བུ་སོགས་ཀྱི་སྒྲ་སྙན་འཁྲོལ་བ། ངག་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་འགྱུར་རོ་བྱ་བ་དང་། ཨ་ཏི་ཤ་ལ་བསྡོ་བའི་ཕས་རྒོལ་ཐམས་ཅད་བདག་གིས་གཞོམ་པར་བྱའོ་ཞེས་པ་བརྗོད་ནས། ཐམས་ཅད་རྟ་ལས་མི་འབབ་པར་གྲལ་སྒོར་མོ་བྱས་ཏེ། དབུས་སུ་ཨ་ཏི་ཤ་དཔོན་གཡོག་རྣམས་བཅུག་ནས་མི་རྟ་ཐམས་ཅད་ཀྱི་མགོ་བོ་ནང་དུ་རུག་གིས་བསྟན། བློན་ཆེན་བཞི་དབུས་སུ་འོངས་ནས་བློན་ཆེན་ལྷའི་དབང་ཕྱུག་གིས་སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་བཅུ་བ་བྲིས་མ་ཐག་པ་ཅིག་ཕྱག་རྟེན་དུ་ཕུལ། དེ་ནས་གཞན་ཐམས་ཅད་ཀྱིས་ཀྱང་རས་དཀར་པོ་དཀར་སེང་ངེ་བ་རེ་ཕྱག་རྟེན་དུ་ཕུལ་བ་ལ་སོགས་པའི་བསུ་བ་རྒྱ་ཆེན་མཛད། ད་ལྟའི་དུས་ནའང་བོད་ཀྱི་བླ་མ་ཆེ་ཁག་རྣམས་ས་ཆ་གཞན་དུ་ཕེབས་ཚེ། ཕྱོགས་དེའི་སྐྱེ་བོ་བརྒྱ་ཕྲག་སྟོང་ཕྲག་དུ་མ་རྣམས་ཀྱིས་སྟོད་དུ་ལྭ་བ་དཀར་པོ་གྱོན། ལག་ཏུ་རུ་མཚོན་གྱི་དར་བཟུང་སྟེ་ཆིབས་པ་བཟང་ཤོས་ལ་ཞོན་ནས་ཆིབས་བསུ་བྱེད་པ་དང་། ཇ་ཐབ་རྒྱག་པའི་ལུགས་སྲོལ་ནི་དུས་དེ་ནས་བཟུང་དར་བར་གྱུར་པའོ། །
བཞི་པ། ཇོ་བོ་རྗེ་བོད་དུ་ཕེབས་ནས་བསྟན་པའི་ཞུ་དག་གི་བྱ་བ་བྱས་ཚུལ།
                དེ་ནས་ཇོ་བོ་རྗེ་མངའ་རིས་སྟོད་དུ་ཕེབས་སྐབས། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་ལ་ཞུ་རྟེན་དུ་གསེར་མང་པོ་ཕུལ་ནས་ཐོག་མར་གནད་དོན་གསུམ་བཀའ་འདྲི་ཞུས་པ་སྟེ། ༡.སངས་རྒྱས་ཀྱི་བསྟན་པ་ལ་རིམ་གྱིས་འཇུག་པ་ལགས་སམ། ཅིག་ཅར་དུ་འཇུག་པ་ལགས། ༢.ཕྱི་ནང་གི་ཁྱད་པར་གང་ལགས། ༣.དགེ་སློང་གིས་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང་ཞེས་ཞུས་པའི་ལན་དུ། ༡.རིམ་གྱིས་ཡིན་གསུངས་ནས་ལམ་སྒྲོན་མཛད། ༢.སྐྱབས་འགྲོ་དང་། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཡོད་མེད་ཡིན། ༣.གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླངས་བར་མི་བྱ་ཞེས་གསུངས་སོ། །
དེ་ལྟར་སངས་རྒྱས་ཀྱི་བསྟན་པའི་དག་ཐེར་མཛད་པའི་བསྟན་བཅོས་མདོ་སྔགས་གཉིས་ཀྱི་ལམ་གྱི་གནད་ཐམས་ཅད་བསྡུས་ནས་ཉམས་སུ་ལེན་པའི་རིམ་པར་དྲིལ་བ། གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་པའི་བསྟན་བཅོས་དེ་མཛད་པས་གླང་དར་མའི་རྗེས་ནས་བྱུང་བའི་བོད་ཀྱི་ཕལ་མོ་ཆེའི་འདུལ་བ་ལ་མོས་ཁུལ་གྱི་གསང་སྔགས་ཁྱད་དུ་གསོད། གསང་སྔགས་ལ་མོས་ཁུལ་གྱིས་འདུལ་བ་ཁྱད་དུ་གསོད། ལ་ལས་ཚེ་སྟོད་དུ་མདོ་ཕྱོགས་ཀྱི་ཉམས་ལེན་བྱེད་པ་ཡིན་ཟེར་ནས་རབ་བྱུང་བྱས། ཚེ་སྨད་དུ་གསང་སྔགས་ལ་འཇུག་པ་ཡིན་ཞེས་ནས་བུད་མེད་བསྟེན་པ་སོགས་ཀྱི་ལོག་རྟོག་མཐའ་དག་གསལ་ནས་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་ཕྱི་གཙང་ནང་གཙང་པདྨའི་སྦུབས་དང་འདྲ་བར་བྱས།
                    དེས་ན་ལམ་སྒྲོན་གྱི་བརྗོད་བྱ་ནི་ལམ་གྱི་རིམ་པ་མཐའ་དག་སྐྱེས་བུ་གསུམ་གྱི་རྒྱུད་ཚོད་དང་བསྟུན་པའི་སྒོ་ནས་འཆད་པ་ཞིག་ཡིན་ཏེ། ལམ་སྒྲོན་གྱིས་དབུ་ན། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གང་ཟག་གང་ཞིག་གིས་འཁོར་བའི་བདེ་བ་སྟེ། ཚེ་འདི་བ་ཙམ་གྱི་བདེ་སྐྱིད་ཁོ་ན་རང་གི་ཆེད་དུ་གཉེར་བར་བྱེད་པའི་སྐྱེས་བུ་དེ་འདྲ་ནི། ལམ་གྱི་རིམ་པ་འདི་ཉམས་སུ་ལེན་པའི་སྣོད་དུ་མི་རུང་བའི་ཐ་མལ་བ་ཉིད་དུ་ཤེས་པར་བྱའོ་ཞེས་པ་དང་། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་པའི་སྐྱེས་བུ་འབྲིང་དེའི་སྲིད་པ་འཁོར་བའི་བདེ་བ་ལ་རྒྱབ་ཀྱིས་ཕྱོགས་ནས། སྡིག་པའི་རྒྱུ་ལས་དང་ཉོན་མོངས་ལས་ལྡོག་ནས་ཞི་བ་མྱང་འདས་ཏེ་འཁོར་བ་ལས་ཐར་བའི་ཐར་བ་ཙམ་རང་གི་དོན་དུ་གཉེར་བར་བྱེད་པའི་སྐྱེས་བུ་དེ་ནི་འབྲིང་ཡིན་ནོ་ཞེས་པ་དང་། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་པའི་སྐྱེས་བུ་ཆེན་པོ་དེས་རང་ཉིད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་བྲལ་བར་འདོད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་འཁོར་བའི་རྒྱུ་ལས་དང་ཉོན་མོངས་མ་རིག་བག་ཆགས་སོགས་ཡང་དག་པར་ཟད་པ་སྟེ་རྩ་བ་ནས་སྤངས་ཏེ་བླ་མེད་བདེ་བ་ལ་འགོད་པར་འདོད་པའི་བློ་བཅོས་མ་མ་ཡིན་པར་སྐྱེ་བའི་སྐྱེས་བུ་དེ་ནི་མཆོག་ཡིན་ནོ་ཞེས་པའོ། །
                དེ་ལ་ལམ་སྒྲོན་གྱི་ལམ་གྱི་རིམ་པ་མཐའ་དག་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་བཞག་པ་ནི། གང་ཟག་གི་ལོ་ཚོད་ཆེ་ཆུང་གི་སྒོ་ནས་བཞག་པ་མ་ཡིན་ཏེ། གང་ཟག་གི་བློ་ཁའམ་རྒྱུད་ཚོད་རབ་འབྲིང་ཐ་གསུམ་གྱི་སྒོ་ནས་བཞག་པ་ཞིག་ཡིན་ནོ། །བྱང་ཆུབ་ལམ་གྱི་སྒྲོན་མའི་བསྟན་བཅོས་འདི་ལ་ཤོག་གྲངས་མང་པོ་ཞིག་མེད་དེ། ཤིང་པར་སྣེ་རིང་གི་ཤོག་ལྷེ་དྲུག་ཙམ་ལས་མེད་ཀྱང་ཇོ་བོ་རྗེས་མཛད་པའི་བསྟན་བཅོས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་འཛིན་པ་ཞིག་ཡིན།
དེས་ན་ནང་བ་སངས་རྒྱས་པའི་བསྟན་བཅོས་ཀྱི་རྩ་ཆེ་ཆུང་ནི་ཤོག་གྲངས་མང་ཉུང་གི་སྒོ་ནས་འཇོག་པ་ཞིག་མ་ཡིན་ཏེ། ཤོག་གྲངས་ཉུང་ལ་བརྗོད་བྱ་ཕུལ་དུ་སོན་པའི་རྩོད་མེད་ཀྱི་བསྟན་བཅོས། དཔེར་ན། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་ཤེར་ཕྱིན་གྱི་དགོངས་འགྲེལ་མངོན་རྟོགས་རྒྱན་ལ་ཤོག་གྲངས་བཅོ་བརྒྱད་དང་། རྒྱུད་བླ་མ་ལ་ཤོག་གྲངས་ཉེར་བརྒྱད། དབུས་མཐའ་རྣམ་འབྱེད་ལ་ཤོག་གྲངས་བརྒྱད། ཆོས་ཉིད་རྣམ་འབྱེད་ལ་ཤོག་གྲངས་དྲུག མདོ་སྡེ་རྒྱན་ལ་ཤོག་གྲངས་ང་བཞི། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་རྩ་བ་ལ་ཤོག་གྲངས་སོ་ལྔ། མགོན་པོ་ཀླུ་སྒྲུབ་གྱིས་མཛད་པའི་དབུ་མ་རྩ་ཤེས་ལ་ཤོག་གྲངས་ཉི་ཤུ་ལྷག རྗེ་ཐམས་ཅད་མཁྱེན་པས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་བོ་ལ་ཤོག་གྲངས་བརྒྱ་ཉི་ཤུ་བཅས་ལས་མེད་ཀྱང་བསྟན་བཅོས་འདི་དག་ནི་ཚིག་ཉུང་ལ་བརྗོད་བྱའི་དོན་མཐའ་དག་ཧ་ཅང་ཟབ་པས་ནང་བསྟན་གྱི་རྩ་བ་སྙིང་པོ་ལྟ་བུའི་ཆོས་ཕུལ་དུ་བྱུང་བའི་བསྟན་བཅོས་སུ་ཐམས་ཅད་ཀྱིས་རྩོད་མེད་དུ་ཁས་ལེན་ནོ། །
              དེའི་ཕྱིར་བསྟན་བཅོས་ཀྱི་རྩ་ཆེ་ཆུང་ནི་གླེགས་བམ་མཐུག་པོ་ཡིན་མིན་དང་ཤོག་གྲངས་མང་ཉུང་གི་སྒོ་ནས་འཇོག་པ་ཞིག་མ་ཡིན་ཏེ། ཉིང་དགོས་གྱ་ནོམ་པ་མེད་པའི་དོན་མེད་ཀྱི་བསྟན་བཅོས་ཁ་ཤས་ལ་ཤོག་གྲངས་བརྒྱ་ཕྲག་སྟོང་ཕྲག་དུ་མ་ཡོད་པའི་ཕྱིར། ཇོ་བོ་རྗེས་ལམ་སྒྲོན་གྱི་བསྟན་བཅོས་དེ་བརྩམས་རྗེས་ཤོག་ལྷེ་སྣེ་རིང་གསུམ་གྱི་སྟེང་ལ་བྲིས་ནས་རྒྱ་གར་དུ་བསྐུར་བ་ན། པཎྜི་ཏ་ཐམས་ཅད་ཀྱི་གྲལ་སྔ་ནས་རེ་རེར་བཀླགས་ཏེ་རིམ་བཞིན་གྲལ་མགོ་ལ་སླེབས་པ་ན་ཐམས་ཅད་ཧ་ལས་ཏེ་ཇོ་བོ་བོད་དུ་ཕེབས་པ་ཤིན་ཏུ་ནས་ལེགས། བོད་དུ་མ་ཕེབས་ན་འདི་འདྲའི་བསྟན་བཅོས་ཁ་གསལ་ཞིང་དོན་ཟབ་པ་ཞིག་མི་རྩོམ་ཞེས་པཎྜི་ཏ་ཐམས་ཅད་ཀྱིས་ཚད་མར་བྱས་སོ། །
ལྔ་པ། ཇོ་བོ་རྗེས་བརྩམས་ཆོས་ཀྱི་སྐོར།
                  ཇོ་བོ་རྗེས་བརྩམས་ཆོས་ལ་གོང་དུ་བཤད་པའི་བྱང་ཆུབ་ལམ་གྱི་སྒྲོན་མ་དང་། དེ་མིན་བོད་ཀྱི་བསྟན་པའི་ཞུ་དག་ཕྱི་གསལ་ནང་གསལ་མཐར་ཕྱིན་པ་ཞིག་གཏོང་བའི་ཆེད་དུ་དམིགས་པར་བརྩམས་པའི་བསྟན་བཅོས་《སྤྱོད་པ་བསྡུས་པའི་སྒྲོན་མ་》འདིའི་བརྗོད་བྱ་གཙོ་བོ་ནི། ཐེག་ཆེན་གྱི་གང་ཟག་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་ལམ་འགྲོ་འདུག་ཉལ་འཆག་དང་། བཟའ་བ་ཟས་ཀྱི་སྤྱོད་ལམ། དབང་པོའི་སྒོ་སྡོམ་ཚུལ། ཕྱག་དང་སྐོར་བ་བཟླས་བརྗོད་སོགས་དལ་འབྱོར་ལ་སྙིང་པོ་ལེན་ཚུལ་རྣམས་སྟོན་པ་ཞིག་གོ།
                《བདེན་པ་གཉིས་ལ་འཇུག་པ་》འདིའི་བརྗོད་བྱ་གཙོ་བོ་ནི། ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་བརྗོད་བྱའི་གཙོ་བོར་བྱས་ནས་ཀླུ་སྒྲུབ་ལུགས་ཀྱི་ཟབ་མོ་སྟོང་བ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་ཞིག་གོ། 《དབུ་མའི་མན་ངག་ཅེས་བྱ་བ་》དང་། 《སྙིང་བོ་བསྡུ་བ་》།《སྙིང་བོ་ངེས་པར་བསྡུ་བ་》།《བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་》།《བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ་》།《འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་》།《སྤྱོད་པའི་གླུ་》།《ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ་》ཞེས་པ་ལ་སོགས་པ་མང་དུ་མཛད་ཡོད་པ་དེ་དག་གི་བརྗོད་བྱ་ལའང་མདོ་སྔགས་གཉིས་ཀའི་གནད་སྟོན་པ་རྣམས་དང་། གཞན་ཡང་། གཞན་གྱི་ཡོན་ཏན་བསྒྲགས་བྱ་ཞིང་། །རང་གི་ཡོན་ཏན་སྦ་བར་བྱ། །རྙེད་དང་བཀུར་སྡི་སྤང་བྱ་ཞིང་། །ཁེངས་དྲེགས་རྟག་ཏུ་སྤངས་པར་བྱ། །ཞེས་པ་ལྟ་བུ་སྐྱེ་བོ་ཡོན་ཏན་ཅན་ལ་གཟེངས་སུ་བསྟོད་པ་དང་། རང་གི་ཡོན་ཏན་ཁེངས་བསྐྱུང་ནས་རང་ཉིད་གཞན་ལས་མཁས་འདོད་དང་གྲགས་འདོད་ཀྱི་ང་རྒྱལ་རྣམས་སྤངས་དགོས་པ་སོགས་ཀྱི་བསླབ་བྱའི་སྐོར་སྟོན་པ་དང་།ꪥཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་པ་ལྟ་བུ་ནི་སྤྱིར་མིའི་ཚེ་ནི་ཡུན་ཐུང་ཞིང་བསླབ་པར་བྱ་བའི་ཤེས་བྱའི་རིགས་ཀྱི་རྣམ་གྲངས་ནི་མཐའ་ཡས་སྟབས། ཤེས་བྱ་ཐམས་ཅད་སྦྱང་བར་ཚེ་ཡིས་མི་ལྕོགས་པས། རང་ཉིད་ལ་གང་མཁོ་བའི་ཤེས་བྱ་སྐབས་སུ་བབ་པ་དེ་དག་སྦྱངས་པར་གྱིས་ཤིག་ཅེས་སློབ་གཉེར་གྱི་གནད་ལ་གདམས་པ་སོགས་མང་དུ་ཡོད། །
དྲུག་པ། རྗེས་འཇུག་སློབ་མའི་སྐོར་བྱུང་ཚུལ།
                ཇོ་བོ་རྗེའི་གདམས་ངག་གི་རྒྱུན་འཛིན་པའི་སློབ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་དུ་བྱོན་ནའང་། གདམས་ངག་མ་ལུས་པ་འཛིན་པའི་སློབ་མའི་གཙོ་བོ་མདོ་སྡེ་དུ་མ་ནས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན། འབྲོམ་སྟོན་པས་བྱང་རྭ་སྒྲེང་དགོན་པ་བཏབ་པ་ལ་བརྟེན་ནས་བཀའ་གདམས་ཀྱི་སྲོལ་ཕྱེ། པོ་ཏོ་བ། སྤྱན་སྔ་བ། ཕུ་ཆུང་བ་སྟེ་སྐུ་མཆེད་གསུམ་དང་། ཁམས་ལུང་བ། གླང་རི་ཐང་བ། ཤ་ར་བ། ཡ་གད་པ། བྱ་ཡུལ་བ། ཤ་ར་བའི་སློབ་མ་གཏུམ་སྟོན་བློ་གྲོས་གྲགས་པའི་སྣར་ཐང་བྱང་ཆུབ་ཆེན་པོའི་དབེན་གནས་བཏབ་པ་སོགས་ཀྱི་དར་རྒྱས་སུ་མཛད་པའོ། །དེ་ལྟར་བཀའ་གདམས་ཀྱི་རིང་ལུགས་འཛིན་པའི་གང་ཟག་དང་དགོན་སྡེ་དུ་མས་དབུས་གཙང་གི་ལྗོངས་ཐམས་ཅད་ཁྱབ་པར་གྱུར།
གཞན་ཡང་གངས་ཅན་གྱི་གྲུབ་མཐའ་ཕལ་ཆེར་གྱི་གདམས་ངག་གི་ཁུངས་ནི་ཇོ་བོ་རྗེ་དང་དེའི་སློབ་རྒྱུན་ལ་གཏུགས་ཡོད་པ་དཔེར་ན། བཀའ་རྒྱུད་པའི་གྲུབ་མཐའི་མེས་པོ་ལྷོ་བྲག་མར་བ་ལོ་ཙཱ་རྒྱ་གར་དུ་ལན་ཕྱི་མ་བྱོན་དུས། ཇོ་བོ་རྗེ་དང་མཇལ་ནས་གདམས་ངག་རྣམས་གསན་པ་ལྷོ་བྲག་མར་བའི་རྣམ་ཐར་ལས་འབྱུང་བ་དང་། ཁྱད་པར་དུ་མཉམ་མེད་དྭགས་པོ་ལྷ་རྗེས་ཇོ་བོའི་དངོས་སློབ་རྣལ་འབྱོར་བ་ཆེན་པོའི་སློབ་མ་རྒྱ་ཡོན་བདག་ལས་བཀའ་གདམས་ཀྱི་མན་ངག་རྣམས་གསན། དེ་རྗེས་རྗེ་བཙུན་མི་ལ་ལས་ཕྱག་ཆེན་གྱི་གདམས་པ་རྣམས་གསན་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམས་པ་ལམ་རིམ་ཐར་རྒྱན་མཛད།
                དེས་ན་བཀའ་རྒྱུད་པའི་གྲུབ་མཐའི་མེས་པོ་ལྷོ་བྲག་མར་བ་དང་མཉམ་མེད་དྭགས་པོ་ལྷ་རྗེ་གཉིས་ནས་ཀྱང་ཇོ་བོ་རྗེ་དང་ཇོ་བོའི་སློབ་རྒྱུན་ལས་བཀའ་གདམས་ཀྱི་གདམས་ངག་རྣམས་གསན་ཡོད་པས། བཀའ་རྒྱུད་པའི་ཆོས་ཀྱི་སྙིང་བོ་ཕྱག་ཆེན་དང་། ཆོས་དྲུག་གདམས་པ་བྱང་ཆུབ་སེམས་ཀྱི་མན་ངག་རྣམས་བཀའ་གདམས་ཀྱི་ཆོས་བརྒྱུད་ཁོ་ན་ལས་བྱུང་ཡོད་པས་བཀའ་རྒྱུད་པའི་གྲུབ་མཐའ་དེ་ཡང་བཀའ་གདམས་ཀྱི་གྲུབ་མཐའི་ཡན་ལག་ལྟ་བུར་གྱུར་ཡོད་དོ། །
གཞན་ཡང་། ཀརྨ་བ་དུས་གསུམ་མཁྱེན་པས་ཤ་ར་བའི་སློབ་མ་རྣལ་འབྱོར་བ་ཤེས་རབ་རྡོ་རྗེ་ལས་བཀའ་གདམས་ཀྱི་མན་ངག་རྣམས་གསན་ནས། སྤྱོད་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་བཞིན་མཛད་ཡོད། དེ་བཞིན་དུ་འཇམ་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཀྱང་སྣེའུ་ཟུར་བའི་སློབ་མ་སྤྱི་བོ་ལྷས་པ་ལས་བཀའ་གདམས་ཀྱི་མན་ངག་རྣམས་གསན་ཅིང་། ཁོང་གི་གསུང་རབ་རྣམས་སུ་ཡང་ཐེག་ཆེན་ཐུན་མོང་བའི་ལམ་གྱི་ཉམས་ལེན་ཐམས་ཅད་བཀའ་གདམས་ལུགས་ཁོ་ན་མཛད་པས། རྗེས་འབྲང་གི་ས་སྐྱ་བ་རྣམས་ཀྱིས་ཀྱང་ལུགས་སྲོལ་དེ་བཞིན་མཛད་པས་དཔལ་ལྡན་ས་སྐྱ་བའི་གྲུབ་མཐའི་ངོ་བོའང་བཀའ་གདམས་ལས་མ་འདས་སོ། །
                དགེ་ལྡན་བསྟན་པའི་བདག་པོ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་ཀྱང་ལྷོ་བྲག་ནམ་མཁའ་རྒྱལ་མཚན་དང་མཁན་ཆེན་ཆོས་སྐྱབས་དཔལ་བཟང་གཉིས་ལས་བཀའ་གདམས་ཀྱི་ལམ་རིམ་དང་གདམས་ངག་རྣམས་གསན་ནས། ཇོ་བོའི་གདམས་པ་ལ་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་དྲི་མའི་ལྷད་ཞུགས་པ་རྣམས་བསལ་བར་བྱེད་པའི་བསྟན་བཅོས་ལམ་རིམ་ཆེ་ཆུང་སོགས་མང་དུ་མཛད་པ་དང་། རི་བོ་དགེ་ལྡན་པའི་ལུགས་སྲོལ་ཉིད་ཀྱང་ཇོ་བོ་བཀའ་གདམས་པའི་ལུགས་སྲོལ་གཞིར་བཞག་གི་སྟེང་ནས་ཟབ་མོ་དབུ་མའི་ལྟ་བ་དང་། གསང་སྔགས་ཀྱི་སྣོན་པ་བཏབ་པ་ལྟ་བུ་ཡིན་པས་གྲུབ་མཐའི་ངོ་བོའང་བཀའ་གདམས་ལས་མ་འདས་ལ། དེ་ཕྱིར་ཆོས་འབྱུང་དང་ལོ་རྒྱུས་རྣམས་སུ་ཡང་དགེ་ལྡན་པ་ལ་བཀའ་གདམས་གསར་མ་ཞེས་པའི་ཐ་སྙད་ཀྱང་མཛད་དོ། །
                    གཞན་ཡང་བོད་གངས་ཅན་གྱི་འཛིན་མའི་ཁྱོན་མ་ལུས་པ་ན་ཆོས་འཆད་ཉན་གྱི་འབྲུག་སྟོང་ལྡིར་བའི་མཚན་ཉིད་སོགས་གཞུང་ཆེན་མོའི་བཤད་རྒྱུན་རྣམས་ཀྱང་ཇོ་བོའི་བཀའ་དྲིན་ལས་བྱུང་བ་སྟེ། དེའི་ཚུལ་ནི། བོད་འདིར་དབུ་ཚད་ཕར་ཕྱིན་སོགས་བྱམས་ཆོས་ཡོངས་སུ་རྫོགས་པའི་བདག་པོར་གྱུར་པ་ནི་རྔོག་ལོ་ཙཱ་བ་ཆེན་པོ་སློབ་མ་ཡང་སློབ་དང་བཅས་པ་ཡིན་པར་ཆོས་འབྱུང་ལོ་རྒྱུས་རྣམས་སུ་གསལ་བོར་ལན་གཅིག་མ་ཡིན་པར་བཀོད་ཡོད་པ་དང་། རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ནི་ཇོ་བོ་རྗེའི་དངོས་སློབ་ཙམ་དུ་མ་ཟད་ཡེར་བ་ལྷ་རིར་གསང་ཆོས་བཀའ་གདམས་གླེགས་བམ་གནང་བའི་ཐུགས་ཀྱི་སྲས་པོ་གཅིག་ཀྱང་ཡིན། ཇོ་བོའི་བཀའ་བཞིན་གསང་ཕུ་དགོན་པ་འདེབས་པ་པོའང་ཡིན།
                  དེའི་སློབ་མ་དང་དཔོན་པོ་གཉིས་ཀ་ཡིན་པ་བློ་ལྡན་ཤེས་རབ་ཀྱིས་ཇོ་བོའི་ཆོས་རྣམས་ཁུ་བོ་ལས་གསན་ནས་བསྟན་རིམ་ཆེན་མོའང་མཛད། དེའི་སློབ་མ་གསུང་རབ་ཀུན་ལ་མཁས་པ་གྲོ་ལུང་བ་བློ་གྲོས་འབྱུང་གནས་དང་། ཕར་ཕྱིན་ལ་མཁས་པ་འབྲེ་ཆེན་པོ་ཤེས་རབ་འབར། ཚད་མ་ལ་མཁས་པ་གངས་པ་ཤེའུ། དབུ་མ་ལ་མཁས་པ་ཁྱུང་རིན་ཆེན་གྲགས། དངོས་ཀྱི་གདན་ས་བ་ཞང་ཚེ་སྤོང་སོགས་བྱུང་། ལྷག་པར་དུ་གྲོ་ལུང་བས་ན་ཚོད་གཞོན་ནུའི་དུས་ནས་ཇོ་བོ་རྗེ་དང་འབྲོམ་སྟོན་པ་ལས་བཀའ་གདམས་ཀྱི་ཆོས་མང་དུ་གསན། ཇོ་བོའི་ཆོས་ཆུང་བརྒྱ་རྩ་ལ་ཊཱིཀ་དང་བསྟན་རིམ་ཆེ་ཆུང་སོགས་མཛད། འདིས་མཛད་པའི་བསྟན་རིམ་ཆེན་མོ་ནི་ལམ་སྒྲོན་གྱི་དགོངས་འགྲེལ་ཟླ་མེད་པ་ཡིན་པས་རྗེ་རིན་པོ་ཆེ་ནས་ཀྱང་འདིའི་གླེགས་བམ་གཟིགས་དུས་སུ་མཆོད་པ་སྣ་ཚོགས་ཀྱིས་བསུ་བ་མཛད་ཅིང་། ལམ་རིམ་ཆེན་མོ་ཡང་ཕལ་ཆེར་འདི་དང་མཐུན་པར་མཛད། གཞན་གྲོ་ལུང་བ་དང་། འབྲེ། གངས་པ། ཁྱུང་། ཞང་རྣམས་ཀྱི་སློབ་བརྒྱུད་ལ་མཁས་པ་མཐའ་ཡས་པ་ཞིག་རིམ་པར་བྱོན་པ་རྣམས་ཀྱིས་བཤད་གྲྭ་མང་དུ་བཙུགས་པས་འཆད་ཉན་གྱི་རྒྱུན་དུས་ཡུན་རིང་བོའི་བར་དུ་གནས་ཡོད་སྟབས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱི་དེབ་སྔོན་ལས། དུས་ཕྱིས་བོད་དུ་བྱོན་པའི་དགེ་བའི་བཤེས་གཉེན་རྣམས་དང་། རྣལ་འབྱོར་བ་གྲུབ་པའི་སྤྱོད་པ་ཅན་རྣམས་ཀྱི་རྣམ་པར་ཐར་བ་ཕལ་ཆེར་ན་བཽ?V|Q @?r c| b??tf b?Xf cf f?|D VYS B?r f?|S Qt V|Q c ar Bz XzQ Tf FV f?rQ f??tD c?z`t V|S BftX B?rf Vf??Df ^zf T cf aD f?rD f??tD c?z`t V|S BftX B `Q? arS T QD Qzf FV f?rQ Gr c?b Vf??Df T`r f?|b Bfc V|b VdQ XzQ f?Vf V|Q brB Tb ^rV `GtB Br A?|Q Qt Q c?`D Qz c Vf?|Xf ZrB aD QB ErB P|V XzQ  ?འ་གདམས་པའི་དགེ་བའི་བཤེས་གཉེན་རེ་ལ་གཏུགས་པ་ཁོ་ན་སྣང་བས། འབྲོམ་ཡང་རྒྱ་ཆེ་ཞིང་རྒྱུན་ཆགས་པའི་འཕྲིན་ལས་ཅན་ཞིག་སྟེ། དེ་དག་གིས་ནི་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ་ཞེས་གསུངས།
བདུན་པ། བཀའ་གདམས་པའི་བསྟན་པའི་སྤྱི་ཁོག
               བཀའ་གདམས་ཀྱི་བསྟན་པའི་སྤྱི་ཁོག་ཙམ་ནི། གཞུང་དང་། གདམས་ངག་དང་། མན་ངག་གསུམ་གྱི་ནང་དུ་འདུས། གཞུང་ལ་ལྟ་བ་དང་སྤྱོད་པ་དང་གཉིས་ཀ་ཟུང་འབྲེལ་དུ་སྟོན་པ་གསུམ་ཡོད། དང་པོ་ལྟ་བ་གཙོ་བོར་སྟོན་པའི་གཞུང་ནི། ཇོ་བོས་མཛད་པའི་བདེན་གཉིས་ལ་འཇུག་པ་དང་།དབུ་མའི་མན་ངག་སོགས་ཡིན། །སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ནི། སྤྱོད་བསྡུས་སྒྲོན་མེ་དང་། སེམས་བསྐྱེད་དང་། སྡོམ་པའི་ཆོ་ག་སོགས་དང་། ལྟ་སྤྱོད་གཉིས་ཀ་ཟུང་འབྲེལ་དུ་སྟོན་པ་ནི། བྱང་ཆུབ་ལམ་སྒྲོན་ནོ། །དེ་མིན་སྐྱེས་རབས་སོ་བཞི་བ། ཆེད་དུ་བརྗོད་པའི་ཚོམས། བསླབ་བཏུས། སྤྱོད་འཇུག བྱང་ས། མདོ་སྡེ་རྒྱན་ཏེ་བཀའ་གདམས་གཞུང་དྲུག་དང་། ཇོ་བོའི་ཆོས་ཆུང་བརྒྱ་རྩ། དབུ་མ་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་བ། དབུ་མ་རིན་ཆེན་ཕྲེང་བ་རྣམས་ཀྱང་བཀའ་གདམས་ཀྱི་གཞུང་ཡིན་ནོ། །
               གདམས་ངག་ལའང་གསུམ་ལས། ལྟ་བ་གཙོ་བོར་སྟོན་པ་བདེན་བཞིའི་ཁྲིད། རྟེན་འབྲེལ་གྱི་ཁྲིད། བདེན་པ་གཉིས་ཀྱི་ཁྲིད། ཇོ་བོའི་སློབ་མ་སོ་སོའི་ཀླུ་སྒྲུབ་ལུགས་ཀྱི་ཟབ་མོ་དབུ་མའི་ལྟ་བ་སྟོན་པའི་ཡིག་ཆ་རྒྱས་བསྡུས་དུ་མ་མཛད་པ་རྣམས་སོ། །སྤྱོད་པ་གཙོ་བོར་སྟོན་པའི་གདམས་ངག་ནི་ཐེག་ཆེན་བློ་སྦྱོང་གི་གདམས་པ་རྣམས་ཏེ། དེ་དག་གི་བརྗོད་བྱ་ནི་རང་དང་གཞན་གཉིས་ལས་གཞན་གཅེས་པར་འཛིན་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་མཐའ་དག་དང་བྲལ་ནས། མཐར་ཐུག་གི་བདེ་བ་ཆེན་པོ་ཞིག་ལ་འགོད་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་མ་སྐྱེ་བ་སྐྱེས་པ་དང་། སྐྱེས་ཟིན་གོང་འཕེལ་དུ་གཏོང་བའི་ཐབས་རྣམས་སྟོན་པ་ཞིག་ཡིན། བློ་སྦྱོང་གི་གདམས་ངག་གི་ཁུངས་གཏུགས་ས་ནི། ཐེག་ཆེན་གྱི་མདོ་སྡེ་སྤྱི་དང་། ལྷག་པར་དུ་མདོ་སྡེ་ཕལ་བོ་ཆེ་དང་། མདོ་སྡེ་དགོངས་འགྲེལ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། རྒྱལ་སྲས་ཞི་བ་ལྷས་མཛད་པའི་བསླབ་བཏུས་དང་སྤྱོད་འཇུག་རྣམས་ཡིན། བཀའ་དང་བསྟན་བཅོས་དེ་དག་གི་མན་ངག་གི་སྙིང་བོར་ཕྱོགས་གཅིག་ཏུ་ལྡེབས་པ་བློ་སྦྱོང་དོན་བདུན་མར་གྲགས་པ་གསེར་གླིང་བ་ཆོས་ཀྱི་གྲགས་པས་ཇོ་བོ་རྗེ་ལ་གསུངས་པ་རིམ་གྱིས་མཆད་ཀ་པ་ལ་བརྒྱུད་དེ་མན་ངག་རྣམས་རྩ་བའི་ས་བཅད་བདུན་གྱི་སྒོ་ནས་འཆད་པའི་བསྟན་བཅོས་ཀྱི་མིང་ལའང་དོན་བདུན་མ་ཞེས་ས་བཅད་ཀྱི་སྒོ་ནས་མིང་འདོགས་མཛད་པའོ། །དེ་མིན་ཇོ་བོའི་བླ་མ་ངྷརྨ་རཀྵྀ་ཏས་མཛད་པའི་བློ་སྦྱོང་མཚོན་ཆ་འཁོར་ལོ། འདིའི་བརྗོད་བྱ་གཙོ་བོ་ནི། བདག་གཅེས་པར་འཛིན་པའི་བདག་འཛིན་གྱི་བློ་མངོན་གྱུར་པ་རྣམས་འཇོམས་པར་བྱེད་པ་ལ་མཚོན་ཆའི་འཁོར་ལོ་དང་འདྲ་བས་ན་བསྟན་བཅོས་ཀྱི་མིང་ཡང་བརྗོད་བྱའི་སྒོ་ནས་བཏགས་པའོ། །རྨ་བྱ་དུག་འཇོམས། གསེར་གླིང་བའི་སེམས་དཔའི་རིམ་པ། རྟོག་པ་འབུར་འཇོམས་ལ་སོགས་པའོ། །
                   མན་ངག་ནི། ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་བཀའ་གདམས་གླེགས་བམ་དུ་གྲགས་པ་སྟེ། མན་ངག་དེ་ནི་ཇོ་བོ་ཆེན་པོས་ཡེར་བ་ལྷ་རི་སྙིང་པོའི་མགུལ་དུ་ཁུ་རྔོག་འབྲོམ་གསུམ་ལ་གནང་བ་སྟེ། ཕ་འབྲོམ་སྟོན་པ་རིན་པོ་ཆེས་ཞུས་པ་ལ་ཕ་ཆོས་དང་། བུ་རྔོག་ལེགས་པའི་ཤེས་རབ་དང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གཉིས་ཀྱིས་ཞུས་པ་ལ་བུ་ཆོས་སུ་གྲགས། བཀའ་གདམས་གླེགས་བམ་དུ་གྲགས་པའི་ཕ་ཆོས་ཡོངས་ལ་དཔེ་ཚན་བཞི་ཡོད་པས། དང་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཆོས་ཀྱི་འབྱུང་གནས་ད་ལྟ་རྩེ་ཤོལ་དུ་བཞུགས་པའི་ལྷ་སའི་པར་མ་ལྟར་ན་ཤོག་གྲངས་ཉེར་གསུམ་ཡོད། གཉིས་པ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པ་ལ་ཤོག་གྲངས་བརྒྱ་དང་ཉེར་ལྔ། འདི་གཉིས་ཀྱི་བརྗོད་བྱ་གཙོ་བོ་ནི་ཇོ་བོ་རྗེ་སྐུ་འཁྲུངས་ཚུལ་དང་། དེ་ནས་སློབ་གཉེར་ཇི་ལྟར་བྱས་ཚུལ། རྒྱ་བོད་གཉིས་སུ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་ཚུལ་སོགས་སྟོན་པའོ། །གསུམ་པ་དགེ་བཤེས་སྟོན་པས་མཛད་པའི་གླེགས་བམ་གྱི་བཀའ་རྒྱ་ལ་ཤོག་གྲངས་ལྔ། འདིའི་གསུང་ཚུལ་ཚིགས་བཅད་ཀྱི་སྒོ་ནས་བརྗོད་བྱའི་གཙོ་བོ་ནི། དད་པའི་རྟ་ལ་ཞོན་ན་མགྱོགས་པ་ཡིན། །བརྩོན་འགྲུས་ལྕག་གིས་བྲོབས་དང་མྱུར་བ་ཡིན། །གསོལ་འདེབས་སྲབ་གྱིས་ཁ་ལོ་ཡར་ལ་སྒྱུར། །ཅིས་ཀྱང་བླ་མ་མཆོག་གིས་དྲུང་དུ་འདེད། །ཅེས་དང་། བདག་གིས་ཚབ་ཚོམ་བླ་མ་བསྟེན་མ་མྱོང་། །བསྟེན་ནས་ཡལ་བར་སྐད་ཅིག་འདོར་མ་མྱོང་། །ཤེས་སམ་དཔྱོད་དང་ང་ཡི་རྗེས་འབྲང་རྣམས། །ཞེས་སོགས་བསླབ་བྱའི་སྐོར་སྟོན་པ་ཞིག་གོ   །བཞི་བ་ཞུས་ལན་ནོར་བུའི་ཕྲེང་བ་ལྷ་ཆོས་བདུན་ལྡན་གྱི་བླ་མ་བརྒྱུད་པ་རྣམས་ཀྱི་རྣམ་ཐར་ལ་ཤོག་གྲངས་བརྒྱ་དང་ང་བཞི་བཅས་ཕ་ཆོས་ཀྱི་གླེགས་བམ་ལ་དཔེ་ཚན་སྣ་ཁ་བཞི་ཡོད་པའི་མཇུག་རྫོགས།།
བརྒྱད་པ། བཀའ་གདམས་པས་བསྟན་པ་ལ་བཤད་པ་དང་སྒྲུབ་པ་ཇི་ལྟར་བྱས་ཚུལ།
                མཉམ་མེད་ཇོ་བོ་བོད་དུ་ཕེབས་ནས་བོད་འབངས་རྣམས་ལ་ཐུན་མོང་དུ་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་གི་ཆོས་རྣམས་རྒྱུན་དུ་བསྟན་པས། བོད་མི་རྣམས་ཀྱིས་ཇོ་བོའི་མཚན་ལ་ཡང་བླ་མ་སྐྱབས་འགྲོ་བ་དང་བླ་མ་ལས་འབྲས་པ་ཞེས་ཀྱང་འབོད། དེ་མིན་གདུལ་བྱ་དབང་རྣོན་གྱི་སློབ་མ་རྣམས་ལ་གཙོ་བོ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་དགོས་པའི་རྒྱུ་། རྩ་བ་སུན་འབྱིན་གྱི་འགྲེལ་བ་འདི་ལུང་དང་རིག་པས་ཚར་བཅད་དང་། སྒོམ་པའི་ཕན་ཡོན། དེ་ཆོས་ཐམས་ཅད་ཀྱི་སྙིང་བོ་ཡིན་ཚུལ་སོགས་བསྟན་པ་ཇོ་བོས་མཛད་པའི་བསྟན་བཅོས་ཕལ་ཆེར་གྱི་ནང་དུ་ཡང་དང་ཡང་དུ་གསུངས་ཡོད།
               གསང་སྔགས་ཀྱི་ཆོས་ཀྱང་བཀའ་གདམས་ཐིག་ལེ་བཅུ་དྲུག་དང་། ཁྲོ་བོ་མི་གཡོ་བ། དཔལ་གསང་བ་འདུས་པ། བདེ་མཆོག་འཁོར་ལོ། དགྱེས་པ་རྡོ་རྗེ་སོགས་གསང་སྔགས་ཀྱི་གདམས་པ་མ་ལུས་པའང་ནང་ཐུགས་སྲས་བུ་སློབ་རྣམས་ལ་གནང་ཡོད་སྟབས་བཀའ་གདམས་པ་ལ་མདོ་སྔགས་ཀྱི་བསྟན་པའི་གནད་འདུས་ཡོད། དེས་ན་བཀའ་གདམས་པའི་གྲུབ་མཐའི་ཉམས་ལེན་གྱི་རིམ་པ་གཙོ་བོ་ནི། འཆི་བ་མི་རྟག་པ། ངན་འགྲོའི་ཉེས་དམིགས། སྐྱབས་འགྲོ། ལས་འབྲས། བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་དང་། བཀའ་གདམས་ཐིག་ལེ་བཅུ་དྲུག་སོགས་མདོ་སྔགས་གཉིས་ཀྱི་ལམ་གྱི་རིམ་པ་རྣམས་ཡིན། དེའི་ཕྱིར་བཀའ་གདམས་པས་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ནང་ནས་སྒྲུབ་པ་གཙོ་བོར་བྱེད་པའོ། །
སྤྱིར་རྒྱལ་བའི་བསྟན་པ་ཐམས་ཅད་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ནང་དུ་འདུས་ཡོད། དེ་ལ་བོད་གངས་ཅན་གྱི་གྲུབ་མཐའ་སོ་སོས་དེ་གཉིས་ལས་གང་རུང་གཙོ་བོར་འཛིན་མིན་གྱི་ཁྱད་པར་ཡོད་དེ། དཔལ་ལྡན་ས་སྐྱ་བ་དང་རི་བོ་དགེ་ལྡན་པ་གཉིས་ཀྱིས་བཤད་པ་དང་སྒྲུབ་པ་གཉིས་ལས་བཤད་པ་གཙོ་བོར་བྱེད་པས་ས་དགེ་གཉིས་ལ་ཟླ་མེད་པའི་མཁས་པ་གནམ་གྱི་ས་བཀབ་པ་ལྟ་བུ་ཞིག་བྱོན་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན། སྔ་འགྱུར་རྙིང་མ་བ་དང་བཀའ་བརྒྱུད་པ་གཉིས་ཀྱིས་བཤད་པ་དང་སྒྲུབ་པ་གཉིས་ཀྱི་ནང་ནས་སྒྲུབ་པ་གཙོ་བོར་བྱེད་པས་རྙིང་མ་བ་དང་བཀའ་བརྒྱུད་པ་གཉིས་ཀྱི་ཁྲོད་ན་ནང་གི་རྟོགས་པ་ནམ་མཁའ་དང་མཉམ་པའི་ཚད་ལྡན་གྱི་གྲུབ་ཐོབ་མཐའ་ཡས་པ་ཞིག་བྱོན་པར་གྱུར།
       དེས་ན་ས་དགེ་གཉིས་བཤད་པའི་བཀའ་བབ་དང་། བཀའ་རྙིང་གཉིས་སྒྲུབ་པའི་བཀའ་བབ་ཡིན་ཞེས་སྨྲས་ཀྱང་ཆོག །བོད་ཀྱི་གྲུབ་མཐའ་སོ་སོའི་སྤྱི་བབ་དེ་འདྲ་ཞིག་ཡིན་ཀྱང་། བྱེ་བྲག་ཏུ་གྲུབ་མཐའ་རང་རང་སོ་སོའི་ནང་དུ་བཤད་སྒྲུབ་གཉིས་ཀ་ཟུང་འབྲེལ་དུ་ཉམས་སུ་ལེན་པ་དང་། དེ་གཉིས་གང་རུང་ཞིག་ལ་གཙོ་བོར་བྱེད་པ་སོགས་སྣ་ཚོགས་སུ་ཡོད། དཔེར་ན་ས་སྐྱ་གོང་མ་རྣམ་ལྔ་དང་། དགེ་ལྡན་དབེན་ས་ཟུང་འཇུག་བརྒྱུད་པའི་ཕྲེང་བ་སོགས་སྐུ་ཚེ་དེ་ལ་མཆོག་གི་དངོས་གྲུབ་བརྙེས་པ་བགྲང་གིས་མི་ལང་བ་ཞིག་བྱོན་ཡོད་པས་ས་དགེ་གཉིས་ལའང་ཚད་ལྡན་གྱི་གྲུབ་ཆེན་མེད་པ་མ་ཡིན་ནོ། །དེ་ལྟར་བོད་ཀྱི་གྲུབ་མཐའ་འདི་དག་ཐམས་ཅད་ད་ལྟའི་བར་དུ་སྤུས་དག་མོར་གནས་ཡོད་པ་ནི་ཇོ་བོ་ཆེན་པོའི་བཀའ་དྲིན་ཡིན་ཏེ། ཇོ་བོ་ཆེན་པོས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཞུ་དག་བཏང་བ་ལ་བརྟེན་ནས་ཕྱིས་སུ་བོད་ཀྱི་གྲུབ་མཐའ་མཐའ་དག་ཕྱི་གཙང་ནང་གཙང་པདྨའི་སྦུབས་དང་འདྲ་བར་གནས་པ་འདི་ལྟར་ལགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1