དཀར་མཛེས་རྫོང་གིས་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་གིས་ལས་ཞུགས་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-26
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། སི་ཁྲོན་དཔལ་འབྱོར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་བསྟུད་མར། དཀར་མཛེས་ཀྲོའུ་ཡི་ས་ཁུལ་ཁག་གི་སློབ་གྲྭ་འབྲིང་ཆུང་གཅིག་རྗེས་གཉིས་མཐུད་ངང་སློབ་ཁྲིད་སླར་གསོ་བྱས་ཤིང་། དཀར་མཛེས་ཀྲོའུ་དཀར་མཛེས་རྫོང་དུ་དམིགས་བསལ་བྱིས་པ་ཁག་གཅིག་ཀྱང་ཡུན་རིང་ཁ་བྲལ་པའི་སློབ་གྲྭར་ལོག་ཡོད། ཡིན་ནའང་དམིགས་བསལ་གྱི་སློབ་གྲྭ་དེའི་ནང་ནས་གྲགས་པ་ནི་དཔེ་ཀློག་གི་སྒྲ་མིན་པར“ཏ་ཏ་ཏ”ཞེས་པའི་འཚེམ་འཁོར་གྱི་སྒྲ་དེ་རེད།
དཀར་མཛེས་རྫོང་རྡོ་མདོ་ཤང་གི“དཀར་མཛེས་ཀྲོའུ་སྤྱི་པའི་ལས་ཞུགས་རྩལ་ནུས་དངོས་སྦྱོང་རྟེན་གཞིར”གྱོན་ཆས་འཚེམ་བཟོའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་132འཚེམ་འཁོར་གྱི་མདུན་དུ་ལས་ལ་བྲེལ་བཞིན་འདུག གྱོན་ཆས་འཚེམ་བཟོའི་འཛིན་གྲྭ་གསུམ་གྱི་སློབ་མ་རྣམས་དགེ་རྒན་གྱི་མཛུབ་ཁྲིད་འོག་ལུས་རྩལ་གྱི་གོས་ཐུང་དང་། བོད་ཆས། ཁ་རས་སོགས་འཚེམ་སྟངས་སྦྱོང་བཞིན་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ལོ་16ནས་18བར་གྱི་སློབ་མཚམས་ཆད་པའི་ན་སོ་དར་ལ་མི་བབས་པའི་མིའི་ངལ་ནུས་རྩལ་ནུས་གསོ་སྦྱོང་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། རྡོ་མདོ་ཤང་གི“དཀར་མཛེས་ཀྲོའུ་སྤྱི་པའི་ལས་ཞུགས་རྩལ་ནུས་དངོས་སྦྱོང་རྟེན་གཞི”དེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་རྩལ་ནུས་གསོ་སྦྱོང་ས་ཚིགས་སུ་བརྩིས་ནས། སྲོལ་རྒྱུན་གྱི་རྩལ་ནུས་གསོ་སྦྱོང་བྱེད་སྟངས་ལས་བརྒལ་བ་དང“གསོ་སྦྱོང་དང་ལས་ཞུགས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་མངའ་ཁོངས་ནང་ཁུལ་གྱི་ངལ་ནུས་ལས་ཞུགས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
དཀར་མཛེས་རྫོང་ཤེས་ལྡན་པའི་སྤེལ་རེས་དང་ལས་ཞུགས་ཞབས་ཞུ་ཅུས་ཀྱི་ཅུང་ཀྲང་ཀྲའོ་ཅོན་གྱིས་ངོ་སྤྲོད་བྱས་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་ཟླ་4ཚེས་10ཉིན་རྡོ་མདོ་ཤང་གི་གསོ་སྦྱོང་རྟེན་གཞིའི་འཚེམ་བཟོའི་འཛིན་གྲྭ་དངོས་སུ་སློབ་ཁྲིད་སླར་གསོ་བྱས་པ་དང་། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13གྱི་སློབ་མ་130རྩལ་ནུས་གསོ་སྦྱོང་གི་ལམ་བུར་སླར་ཡང་ཞུགས་ཤིང་། གསོ་སྦྱོང་རྟེན་གཞིས་སློབ་མའི་དབར་བར་ཐག་བཞག་ནས་མིང་ཐོ་འགོད་པ་དང་། ཁག་བགོས་ནས་ལྟོ་ཆས་ཟ་བ། གཙང་སྦྲ་དུག་སེལ་བྱེད་པ། གནས་སྐབས་ཀྱི་ལོགས་སུ་འཇོག་ས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་མ་རྣམས་བློ་བདེ་པོའི་སྒོ་ནས་སློབ་སྦྱོང་ལ་ཡོང་བ་དང་འཚོ་བའི་ཐད་ཀྱི་ཕུགས་ཀྱི་སེམས་ཁྲལ་ཡང་བསལ་བ་རེད།
སློབ་གྲྭར་འབྱོར་བའི་རིན་ཆེན་ཆོས་མཚོས“སྔོན་ཆད་ཁྱིམ་དུ་གཅེན་གཅུང་མིང་སྲིང་ཅུང་མང་བ་དང་ཁྱིམ་ཚང་གི་ཆ་རྐྱེན་སྐྱོ་ཙམ་ཡོད་རྐྱེན་སླར་ཡང་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་སྟབས་རང་ཉིད་སླར་ཡང་སློབ་གྲྭར་འགྲོ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། དེ་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན། དགེ་རྒན་རྣམས་པས་ང་ཚོར་ཐུགས་ཁུར་ཟབ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དབུལ་པོ་སེལ་བར་སྔོན་ལ་རྨོངས་པ་སེལ་དགོས་ལུགས་རང་ཉིད་ཀྱིས་གསལ་པོར་ཤེས་བྱུང་། ལག་རྩལ་སྣ་གཅིག་མཁས་པར་སྦྱངས་ཚེ་ལས་དབང་ལ་གཞི་ནས་འགྱུར་ལྡོག་གཏོང་ཐུབ་པ་དང་། རང་ཉིད་ཀྱིས་ཚང་མའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་འཚེམ་བཟོའི་ལག་རྩལ་སློབ་སྦྱོང་ཡག་པོ་བྱེད་ངེས་ཡིན”ཞེས་བརྗོད་པ་རེད།
དུས་ཡུན་ཟླ་བ་6རིང་གི་གསོ་སྦྱོང་ལ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་སློབ་ཚན་མང་པོ་ཞིག་འཐུས་ཤོར་སོང་ཡོད། སློབ་ཁྲིད་སླར་གསོ་བྱས་རྗེས་གསོ་སྦྱོང་རྟེན་གཞིས་ཉིན་རེའི་སློབ་ཚན་བཀོད་སྒྲིག་སྡག་སྡག་བྱས་ཡོད་ལ། སློབ་ཁྲིད་དགེ་རྒན་གྱིས་ཀྱང་གོ་བདེ་བ་དང་ཤེས་སླ་བའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་སློབ་མ་ཚོར་འཚེམ་བཟོའི་འབྲེལ་ཡོད་རྩལ་ནུས་དང་གནད་འགག་རྣམས་ཁོང་དུ་གང་ལེགས་ཆུད་པར་བྱས་པ་རེད། གྱོན་ཆས་འཚེམ་བཟོའི་འབྲེལ་ཡོད་ཤེས་བྱ་སློབ་ཁྲིད་བྱས་པ་མ་ཟད་སློབ་ཞོར་གྱི་དུས་ཚོད་སྤྱད་ནས་སློབ་མ་ཚོར་རྒྱ་ཡིག་དང་ཨང་རྩིས་ཀྱང་སློབ་ཁྲིད་བྱས་ཏེ་རྩལ་ནུས་མཐོ་རུ་བཏང་བ་དང་ཆབས་ཅིག་རིག་གནས་ཁ་གསབ་དང་ཁྲིམས་ལུགས་སྒྲོག་འགྲེལ་སོགས་ཀྱི་སློབ་གསོ་ཡང་སྤེལ་བ་རེད། སློབ་སྦྱོང་བྱས་པ་བརྒྱུད་སློབ་མ་ཚོས་གྱོན་ཆས་སྤུས་ལེགས་མང་པོ་ཞིག་འཚེམ་ཐུབ་པ་དང་། ཐོན་རྫས་སྤུས་ལེགས་བཟོས་རྗེས་དགེ་རྒན་གྱིས་ཐོན་རྫས་གྱང་སྟེང་དུ་འགྲེམས་སྟོན་བྱེད་པ་མ་ཟད། ཐོན་རྫས་ཕུལ་བྱུང་ཁག་གཅིག་ཁྲེང་ཏུའུ་སོགས་ས་ཁུལ་གྱིས་མངགས་ཉོ་བྱེད་ཀྱི་ཡོད།