འདོད་པ་དེའི་ཤུགས་ནས་ཤོར་བའི་ཆགས་གཏམ།
ཚེ་དཔའ་སྐྱིད་ཟེར་བའི་བུ་མོ་ཞིག་ལ་བྲིས་པའི་ཤོག་འཕྲིན་རྙིང་མ་ཞིག།
ཁ་ཡག་ཚིག་ཞིག་ལབ་རྒྱུ་ང་ལ་མེད། །
ང་ཁྱོད་དགའ་བའི་སྐད་ཆ་གཏམ་རྒྱུ་ཡིན། །
ཕྱོགས་ཞེན་བུ་མོའི་སེམས་ལ་དེ་ལྟར་ཞོག །
ཚད་མར་འཛིན་མིན་བུ་མོའི་ཐུགས་ལ་སོམས། །
བུ་མོ་ཚེ་མིང་ཅན་ལ་ཚིག་ཞིག་ཞུ། །
ཚེ་གང་བཟའ་ཚང་ང་ཡིས་དམ་ཀྱང་ཕོད། །
སྙིང་རྩ་འདར་ལ་སེམས་རྩ་འགུལ་བའི་ཚིག །
དགའ་བའི་སེམས་འདི་སྟོན་ཕྱིར་འགྲེལ་ནི་ཡིན། །
དང་པོའི་དུངས་པ་དེ་ནི་དྲན་ཤིང་ཙམ། །
བར་གྱི་ཟུག་སློང་དེ་ཡང་ན་ཟུག་ཙམ། །
ཐ་མའི་ཆགས་པ་འདི་ནི་དབང་མེད་ཅིག །
དོན་མེད་ཕོག་ཐུགས་བཏང་བ་ཡངས་པར་སྒོམ། །
བུ་མོ་ཁྱེད་རང་དྲན་ཐེངས་གླེང་ཐེངས་རེར། །
བཅོས་མིན་སེམས་འདི་རྒོད་པོ་གཤོག་ཐོགས་འདྲ། །
བུ་མོ་ཁྱེད་རང་བཞད་ཐེངས་འཛུམ་ཐེངས་རེར། །
དགའ་བའི་སེམས་འདི་ངེས་མེད་རླུང་བུ་འདྲ། །
ང་དང་སྨྱུ་གུའི་བར་ན་ཁྱོད་རང་རྒྱུགས། །
མིག་དང་མཆི་མའི་བར་ན་ཁྱོད་རང་བཞུར། །
སེམས་དང་སྙིང་གི་དཀྱིལ་ན་ཁྱོད་རང་འཕག །
སྙན་ངག་ཁྲག་རྩ་འབྱུང་བའི་རྒྱུ་མཚན་རེད། །
ཞལ་རས་དུང་ཟླ་ལ་སོགས་ཁ་ཡག་རེད། །
སྐྱེས་གཟུགས་སྨྱུག་མ་སོགས་ནི་ངོ་དགའ་རེད། །
རྒྱུ་མཚན་འདི་དག་འདྲེན་པ་ཐབས་རྡུགས་རེད། །
སེམས་ན་དགའ་རྒྱུ་ཡོད་ཀྱང་སྟོན་རྒྱུ་མེད། །
སེམས་འདི་གཤེགས་པའི་ཐབས་ནི་ཁྱོད་ལྡན་ན། །
སྙིང་འདི་སྟེར་བའི་སྤོབས་ནི་ང་མཆིས་པས། །
མིན་ན་དགའ་བ་དེ་ཡང་མིང་ཙམ་རེད། །
ཡིན་ཡང་ང་ཁྱོད་དགའ་བ་འདི་ཙམ་མིན། །
རང་སྲོག་དམར་བོ་ཟེར་ན་ལབ་ཏུ་འགྱུར། །
རང་གི་ཡོད་ཚད་ཁྱེད་ལ་འབུལ་ཀྱང་རུང་། །
རང་ཉིད་འཆི་ཁ་ཆེམས་ཀྱིས་ཕྱུག་པ་མིན། །
རང་གི་བརྩེ་བའི་ཤུགས་ནས་བསྟན་པ་ཡིན། །
དགའ་བ་ཞེས་པ་འདི་ལ་བརྗོད་པ་ཡིན། །
དུངས་པ་ཞེས་པ་འདི་ལས་ཐོན་པ་ཡིན། །
དྲན་པ་ཞེས་པ་འདི་གྲུབ་སྙིང་བོ་ཡིན། །
འདི་གསུམ་བསྡུས་ཏེ་ཁྱེད་ཀྱི་མིང་ལ་སྦྱོར། །
རྣམ་དག་སེམས་ཀྱིས་བོད་སྐད་བཤད་པ་ཡིན། །
མ་དག་པ་ནས་ཚིག་སྦྱོར་སྒྲིག་པ་མིན། །
ལག་ཀླད་ཟུང་འབྲེལ་བྱས་ནས་བྲིས་པ་ཡིན། །
མངོན་ལྐོག་ཐབས་ཇུས་འཐེན་ནས་སྦྱར་བ་མིན། །
ཉ་ཉོག་ཚིག་གི་རྒྱན་ཆ་ཡིན་ན་ཐང་། །
དཀྱོར་འབྱིན་བསླུ་བྲིད་ཡིན་ན་དཀོན་མཆོག་གསུམ། །
སེམས་ཀྱི་ཕུགས་ནས་ཤོར་བའི་ཤོ་ལོ་ཀ །
ཤོག་བུ་དཀར་བོའི་དྲང་བདེན་རྒྱལ་སྲས་ཡིན། །
འདོད་པའི་བསྟན་བཅོས་ཀློག་རྒྱུ་མང་སོང་བ། །
ཁྱེད་འདོད་དྲག་ནས་ལུས་སེམས་སྤྲིད་སོང་བ། །
གང་ཡིན་མི་ཤེས་གང་ཟག་དབང་དུ་བྱེད། །
གང་ལྟར་ངག་གི་སྦྱོར་བ་འདི་ནས་འཁྱོལ། །