བྱེད་ཐབས་ཆེན་པོ་གསུམ་གྱིས་རིམས་འགོག་དབུལ་གྲོལ་འགན་ལེན་བྱེད་པ།

རིག་འཛིན་རང་གྲོལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


ད་ལོ་ནི་དབུལ་གྲོལ་འགག་སྒྲོལ་མཇུག་བསྡུ་བའི་ལོ་ཡིན་ཞིང་། དམག་འཐབ་དྲག་པོ་མི་ཉུང་བ་ཞིག་རྒྱག་དགོས། ལྷག་པར་དུ་གློ་བུར་དུ་བྱུང་བའི་གློ་ཚད་རིམས་ནད་གསར་པས་ཡང་འགྲན་སློང་གསར་པ་བྱུང་། ས་གནས་སོ་སོས་ཅི་ལྟར་ངང་རིམས་ནད་འགོག་རྒོལ་དང་དབུལ་གྲོལ་འགག་སྒྲོལ་གཅིག་འདོམས་སྐུལ་འདེད་བྱེད་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆེས་དམའ་བར་གཏོང་བ་དང་། དུས་བཀག་ལྟར་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ཁག་ཐེག་བྱ་དགོས་ཞེ་ན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དང་ཆེད་མཁས་པ། དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ལ་བཅར་འདྲི་བྱས།

དབུལ་ཕོངས་ངལ་རྩོལ་ནུས་ཤུགས་གང་མགྱོགས་ངང་ལས་གནས་སུ་ཕྱིར་ལོག་ནས་ལས་ཞུགས་བྱེད་པར་རོགས་རམ་བྱེད་པ།


རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། ན་ནིང་རྒྱལ་ཡོངས་སུ་ཡིག་ཚགས་བཟོས་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་མི་ཁྲི་2729ཡིས་ཕྱི་ནས་ཞོར་ལས་སྒྲུབ་བཞིན་ཡོད་པ་དང་། ཕྱི་རུ་གླ་པ་རྒྱུག་མཁན་གྱིས་དབུལ་ཕོངས་མི་འབོར་2/3ཙམ་ལ་ཡོང་འབབ་2/3ཙམ་ཐོབ་པར་བྱས་ཡོད།

རིམས་ནད་གནས་ཚུལ་སེལ་བ་ལས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་ཡོང་འཕར་ལ་ཕོག་ཐུག་བཟོས་ཡོད་པས། ཕྱོགས་གཉིས་ནས་དམ་འཛིན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོར་ལྟོ་ཕོར་མང་ཙམ་འཚོལ་བ་དང་ལྟོ་ཕོར་མང་ཙམ་བཟོ་རོགས་བྱ་དགོས། ཞེས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་ཡའེ་ཞིང་ཆིང་གིས་འདི་ལྟར་བཤད།

གཅིག་གཏད་གཅིག་དང་སྟབས་གཅིག་གི་རྣམ་པའི་ཞབས་ཞུ་ལས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལས་གནས་ཐོག་རིམ་ལྡན་ཕྱིར་ལོག་བྱེད་རོགས་བྱས་པ་ཡིན། ཉེ་ཆར། སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཆིང་ཁྲོན་རྫོང་ཧྲུ་པཱ་ཡུལ་ཤོག་ལྟེ་གནས་ཡུལ་ཚོའི་དབུལ་ཕོངས་དུད་ཚང་ཝང་ལི་ཞུའེ་ལས་གནས་སུ་ཕྱིར་ལོག་བྱེད་པའི་ཆེད་གཏོང་རླངས་འཁོར་དུ་བསྡད་དེ་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲུའུ་གྲོང་ཁྱེར་དུ་ལས་ཀ་བསྐྱར་གསོ་བྱེད་དུ་ཕྱིན་པ་དང་།
རྫོང་གིས་དཔྱིད་རླུང་བྱ་འགུལ་ཞེས་པའི་ཆེད་གཏོང་རླངས་འཁོར་69བཀོད་སྒྲིག་བྱས་ཏེ་ཞིང་པ་ལས་བཟོ་པ་བསྡོམས་པས་1189བདེ་འཇགས་ངང་ལས་གནས་སུ་བསྐྱལ་ཡོད།

ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་དང་། རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པའི་སྔོན་ལ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་བེད་སྤྱོད་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁབ་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་བཏོན་རྒྱུར། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་བསྡུ་ལེན་ཐུབ་པའི་ཁེ་ལས་དང་ཁྲོམ་རའི་གཙོ་གཟུགས་ཆེ་ཆུང་གང་ཡིན་རུང་རྒྱབ་སྐྱོར་ཡོད་པར་མ་ཟད། ལས་ཀ་སླར་གསོ་བྱེད་འདོད་པའི་དབུལ་ཕོངས་དུད་ཁྱིམ་ལ་བྱ་དགའ་དང་ཁ་གསབ་ཡོད་པ་རེད།

དབུལ་ཕོངས་དུད་ཁྱིམ་ལ་ཚན་རིག་དང་མཐུན་པའི་སྒོས་སྤྱི་ཕན་རང་བཞིན་གྱི་ལས་གནས་མང་ཙམ་གསར་སྤེལ་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུང་ཁང་དང་ནོར་སྲིད་པུའུ་ཡིས་བླང་བྱ་གསལ་པོ་བཏོན་རྒྱུར། ད་ལོར་གློག་ཧྥུའུ་དབུལ་སྐྱོར་གྱི་ཁེ་སྤོགས་80%དབུལ་ཕོངས་མི་འབོར་གྱིས་སྤྱི་ཕན་ལས་གནས་ཀྱི་ཟླ་ཕོགས་དང་དབུལ་ཕོངས་དུད་ཁྱིམ་ཡུལ་ཚོའི་སྤྱི་ཕན་ལས་དོན་འཛུགས་སྐྲུན་ལ་ཞུགས་པའི་ཟླ་ཕོགས་ལ་བེད་སྤྱད་བྱས་པ་དང་། ས་གནས་སོ་སོས་ཡུལ་བབ་དང་བསྟུན་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱས་ཏེ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཐག་ཉེ་ས་ནས་ལས་ཞུགས་བྱས་ཏེ་ཡོང་འཕར་བྱུང་བ་བྱས།

སྤྱི་ཟླ་3པའི་ཚེས་20ཉིན་བར། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་མི་ཁྲི་1879.23ཕྱི་རུ་གླ་པར་བསྐྱོད་དེ། ན་ནིང་གི་ཕྱི་རུ་གླ་པར་བསྐྱོད་པའི་སྤྱིའི་བསྡོམས་གྲངས་ཀྱི་68.85%ཟིན་པ་དང་། དབུལ་ཕོངས་རྣམ་གྲངས་52.59%ལས་འགོ་བཙུགས་པ་དང་དབུལ་སྐྱོར་འཁོར་ཁང་སླར་གསོ་བྱེད་ཚད་86.98% དབུལ་སྐྱོར་སྣེ་འདྲེན་ཁེ་ལས་སླར་གསོ་བྱེད་ཚད་92.76%བཅས་ཟིན་ཡོད། དེ་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྲུང་གནས་ཚུལ་རྒྱུན་མཐུད་ཇེ་བཟང་ཕྱིན་པ་དང་བསྟུན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་པ་དང་། དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་གཉེར་ལས་ཞུགས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན།

ཐོན་འཚོང་འབྲེལ་མཐུད་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་འབྲོག་ཐོན་རྫས་བྲིན་པོ་མེད་པའི་གནད་དོན་ཐག་གཅོད་བྱས།

རིམས་ནད་ཀྱིས་ཚད་ངེས་ཅན་ཞིག་ནས་མི་རྒྱུན་དང་ཟོག་འགྲེམ་ལ་བར་མཚམས་བཅད་དེ། དབུལ་སྐྱོར་གྱི་ཞིང་ཕྱུགས་ཐོན་རྫས་ཁ་ཤས་བྲིན་མི་ཐུབ་པའི་གནད་དོན་བྱུང་། ཞིང་ལས་གྲོང་གསེབ་པུའུ་ཡི་ཁྲོམ་ར་དང་ཆ་འཕྲིན་ཅན་སི་ཡི་སི་ཀྲང་ཐང་ཁུ་ཡིས་དབྱེ་ཞིབ་བྱས་པ་ལྟར་ན། དེའི་འབྱུང་རྩ་རྩད་གཅོད་བྱས་ན་གཙོ་བོ་ནི་དབུལ་ཕོངས་ས་ཁུལ་གྱི་སྒྲིག་ཆས་མི་འདང་བ་དང་། སྐྱེལ་འདྲེན་བར་ཐག་ཅུང་རིང་བ། མ་རྩ་ཅུང་མཐོ་བ་དང་། ད་དུང་མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་མི་འདང་བ་སོགས་ཀྱི་རྒྱུ་རྐྱེན་འདུག །ཐང་ཁུ་ཡིས་བཤད་རྒྱུར། དབུལ་སྐྱོར་ཐོན་རྫས་འཚོང་ཁག་སེལ་དགོས་ན་ངེས་པར་དུ་བྱ་ཐབས་ཡག་པོ་སྤྱད་ནས་མུ་མཐུད་དུ་ཤུགས་རྒྱག་དགོས། ཐོན་འཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས། དུས་ཡུན་ཐུང་ངུའི་ནང་གི་བྱེད་ཐབས་ལ་བལྟས་ན། གཙོ་བོ་ནི་ལས་རིགས་མཐུན་ཚོགས་དང་། སྡེབ་ཚོང་ཁྲོམ་ར། གློག་རྡུལ་ཚོང་དོན་ཆེ་གྲས། སྣེ་འདྲེན་ཁེ་ལས་སོགས་ལ་འཕྲལ་བསྟུན་བྲིན་སྐུལ་བྱས་ཏེ། མིག་སྔར་ཞིང་ལས་ཐོན་རྫས་ཏུན་ཁྲི་85ཕྱིར་འཚོང་བྱེད་པར་སྐུལ་འདེད་བཏང་བ་དང་། དེའི་ཁྲོད་དུ་ལྷོ་ཕྱོགས་ཀྱི་ཚ་ལུ་མའི་རིགས་ཀྱི་ཤིང་ཏོག་འཚོང་དཀའ་བའི་གནས་ཚུལ་མངོན་གསལ་དོད་པོས་ཞི་ལྷོད་དུ་སོང་ཡོད། སྤྱི་ཟླ་3པའི་ཚེས་17ཉིན་གྱི་བར། ཞིང་ལས་ཐོན་རྫས་བྲིན་དཀའ་བའི་ཆ་འཕྲིན་དྲ་ཐོག་ནས་བསྡུ་རུབ་དང་ལས་སྟེགས་ཐོག་ཡོངས་བསྒྲགས་བྱས་ནས་བསྡོམས་པས་དབུལ་ཕོངས་ས་ཁུལ་གྱི་བྲིན་དཀའ་བའི་ཞིང་ལས་ཐོན་རྫས་ཏུན་7000ལྷག་མཉམ་དུ་བཙོངས་འདུག །དེ་ཡང་ཡུན་ཕན་ལམ་སྲོལ་གྱི་ཆ་ནས་བལྟས་ན། “མཉམ་འབྲེལ་དྲ་བ་+”ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་དུ་རྒྱུག་ཐུབ་པའི་ལས་གཞི་ལག་བསྟར་བྱས་ཏེ། ཞིང་ལས་ཐོན་རྫས་མཛོད་འཇུག་སོས་ཉར་གྲང་སྦྲེལ་ཟོག་འགྲེམ་ལས་གྲྭ་ལག་བསྟར་བྱེད་པ་དང་། སྣེ་འདྲེན་ཁེ་ལས་དང་སྡེབ་ཚོང་ཁྲོམ་ར། དེ་མིན་ཐོན་ཡུལ་བཅས་ལ་སྐུལ་འདེད་གཏོང་བ་དང་།
ལྷག་པར་དུ་དབུལ་ཕོངས་ས་ཁུལ་དང་མཉམ་དུ་ཡུན་གནས་བརྟན་བརླིང་གི་ཉོ་ཚོང་འབྲེལ་བ་བཙུགས་ཏེ། རྒྱུན་རྣམ་ཅན་གྱི་ཐོན་འཚོང་འབྲེལ་མཐུད་སྟེགས་བུ་བསྐྲུན་ནས་ལོ་འཁོར་མོར་ཉོ་ཚོང་བྲིན་ཚོང་བྱ་དགོས།

“མཉམ་འབྲེལ་དྲ་བ་+”ལ་བརྟེན་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བ། ཡར་སྔོན། ཅང་ཞི་ཞིང་ཆེན་ཞིན་ཝུའུ་རྫོང་གི་རྫོང་དཔོན་དབྱང་ཡུང་ཧྥེ་ཕིང་ཏོ་ཏོ་ཐད་གཏོང་ཁང་ནང་ནས་ཞིང་པ་ཧང་ཧོང་ལིང་གི་ཚོང་ཁང་གི་གནས་སྐབས་སྒྲོག་གཏོང་བ་བྱས་ཤིང་། དུས་ཚོད་གཅིག་གི་རིང་བྲིན་དཀའ་བའི་སིལ་ཏོག་ཚ་ལུ་མ་དང་འཕན་སིལ་རྒྱ་མ་ཁྲི་5ཙམ་བཙོངས་པ་དང་། མི་ཁྲི་བཅུ་ལྷག་གིས་ཚོང་ཁང་ལ་དོ་ཁུར་བྱས། སྤྱི་ཟླ་3པའི་ཚེས་18ཉིན་གྱི་ཉིན་གུང་ཆུ་ཚོད་12ཀྱི་བར། ཕིང་ཏོ་ཏོ་ཡི་རིམས་འགོག་ཞིང་རོགས་ཀྱི་ཆེད་མངགས་ཁུལ་གྱི་ཚོང་འགྲིག་མངགས་ཐོའི་གྲངས་འབོར་ཁྲི་2750ཟིན་པ་དང་། བསྡོམས་པས་ཞིང་དུད་ཁྲི་6.7ཡས་མས་ལ་རོགས་སྐྱོར་བྱས་ཡོད། ཨ་ལི་པ་པ་ཡིས་བྱམས་སེམས་ཞིང་རོགས་འཆར་གཞི་སྤེལ་བ་དང་།
སྤྱི་ཟླ་3པའི་ཚེས་15ཉིན་གྱི་བར། ཞིང་ཆེན་20ལྷག་ལ་ཞིང་ལས་ཐོན་རྫས་ཀྱི་གྲངས་འཛིན་མཁོ་སྤྲོད་འབྲེལ་ཐག་ཛ་དྲག་ངང་བསྐྲུན་ཏེ། བསྡོམས་པས་བྲིན་དཀའ་བའི་ཞིང་ལས་ཐོན་རྫས་ཏུན་ཁྲི་11.8བཙོངས།

འཛད་སྤྱོད་དབུལ་སྐྱོར་སྤེལ་ཏེ་དབུལ་སྐྱོར་ཐོན་རྫས་བརྟན་བརླིང་ངང་ཕྱིར་འཚོང་ཐུབ་པར་སྐུལ་འདེད་བཏང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་སོགས་ཀྱི་སྡེ་ཁག་བདུན་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ལ་བརྟེན་ནས། མཉམ་སྦྲེལ་ངང་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོ་སྤེལ་ཏེ། ཕྱོགས་ཡོངས་ནས་དབུལ་ཕོངས་དུད་ཁྱིམ་གྱི་ཞིང་ལས་ཐོན་རྫས་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་པར་རོགས་སྐྱོར་བྱས། ཉེ་ཆར། རོགས་སྐྱོར་ལས་བྱེད་པ་ཅང་ཞི་ཞ་ཅང་རྫོང་རེན་ཧུའུ་གྲོང་རྡལ་ཕིང་ཅཱ་ཡུལ་ཚོའི་དབུལ་ཕོངས་དུད་ཁྱིམ་ཕིང་ཀྲི་ལེའང་གི་ཁྱིམ་དུ་འབྱོར་ཏེ་བཤས་མ་ཐག་གི་བྱ་ཤ་ལས་ཁུངས་སོ་སོར་བསྐྱལ་རོགས་བྱས། མིག་སྔར་རྫོང་ཡོངས་སུ་ལས་ཁུངས་30ལྷག་འཛད་སྤྱོད་དབུལ་སྐྱོར་བྱེད་སྒོར་ཞུགས་པ་དང་། སྒོར་ཁྲི་140ལྷག་གི་བྱ་དེ་དང་གག་པ། ཤ་མོང་སོགས་དབུལ་སྐྱོར་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས།

འཚོང་དཀའ་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གནད་སྨིན་ཤུགས་འདོན་བྱས་པ་དང་། དེའི་ཐོག་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་བབ་རྒྱུན་མཐུད་ཇེ་ལེགས་དང་འགྲིམ་འགྲུལ་རིམ་བཞིན་སླར་གསོ་བྱུང་བ། ཉེ་དུས་རྒྱལ་ཡོངས་ཀྱི་ས་གནས་མང་ཆེ་བའི་ཞིང་ལས་ཐོན་རྫས་བྲིན་དཀའ་བའི་གནད་དོན་མངོན་གསལ་དོད་པོས་ཞི་ལྷོད་དུ་སོང་ཡོད།

རིམས་ནད་རྐྱེན་གྱིས་དབུལ་པོར་བསྐྱལ་ལོག་བྱས་པའི་མི་སྣར་དུས་ཐོག་ཏུ་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་པ།

ཁྲུང་ཆིང་གྲོང་ཁྱེར་ཝང་ཀྲུའུ་ཆུས་ཀྱི་ཏོག་གསར་གློ་ཚད་ནད་པ་ཝང་ལགས་སྨན་ཁང་ནས་ཕྱིར་བུད་དེ་གཅིག་བསྡུས་ཟུར་བཀར་གྱི་དུས་སྐབས་སུ། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་འདུག མོས་བཤད་རྒྱུར། གནས་སྐབས་ཀྱི་རོགས་སྐྱོར་མ་དངུལ་སྒོར་800ལྷག་དང་། ང་སྨན་ཁང་དུ་ཉིན་13བསྡད་རིང་ཆེད་གཏོགས་ཉེན་འགོག་སྒོར་1300སྐྱིན་ཚབ་འཇལ་ཡོད། སྲིད་གཞུང་གི་རོགས་སྐྱོར་དངོས་གནས་དུས་ཐོག་ཆར་བབ་ལྟ་བུ་རེད།

ཝན་ཀྲུའུ་ཆུས་ཀྱི་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལའེ་ཁྲོན་ལིའང་གིས་མཚམས་སྦྱོར་བྱས་ན་ལྟར་ན། ཆུས་ནང་ཁུལ་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབུལ་ཕོངས་མི་འབོར་གྱི་གནས་ཚུལ་ལ་རྗེས་འདེད་བྱས་ཏེ། དུས་ཐོག་ཏུ་རོགས་སྐྱོར་བྱེད་པ་དང་རིམས་ནད་ཀྱིས་དབུལ་ཕོངས་མང་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ཆེས་དམའ་རུ་གཏོང་བར་བརྩོན་ལེན་བྱས་ཡོད།

ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་ནོར་སྲིད་པུའུ་ཡིས་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམ་བྱས་ཏེ། ཏོག་གསར་གློ་ཚད་ཕོག་པ་དང་། གཅིག་བསྡུས་ཡང་ན་ཁྱིམ་དུ་ཟུར་བཀར་བྱས་པ། ཕྱི་རུ་ལས་ཀར་འགྲོ་མི་ཐུབ་པ། གཞི་རྩའི་ཐོན་སྐྱེད་བྱེད་ཐབས་བྲལ་བ། ཡོང་འབབ་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པ་སོགས་དང་། འཚོ་བ་དཀའ་གནས་སུ་ལྷུང་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མང་ཚོགས་དང་། རིམས་ནད་ཀྱིས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་གྱུར་པའི་ཞིང་པ་མང་ཚོགས་ལ་ད་ཡོད་ཀྱི་རྒྱབ་སྐྱོར་ཐབས་ལམ་ནང་བཞིན་དུས་ཐོག་ཏུ་ཆེད་དམིགས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ལག་བསྟར་ཡག་པོ་བྱས་ཏེ་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པ་བྱ་དགོས། དབུལ་པོར་བསྐྱར་ལོག་སྔོན་འགོག་བྱེད་པ། མིག་སྔར་རིམས་ནད་ཀྱིས་དབུལ་པོར་གྱུར་པ་དང་བསྐྱར་དུ་དབུལ་པོར་གྱུར་པའི་མི་འབོར་ལ་རོགས་སྐྱོར་ཡག་པོ་བྱེད་དགོས་པར་ཕུད། ད་དུང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་དབུལ་གྲོལ་དུད་ཚང་ཁྲི་200ཙམ་དང་། དབུལ་པོ་ཆགས་ཉེན་ཡོད་པའི་དུད་ཚང་ཁྲི་300ལ་གཙོ་གནད་དུ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱ་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་ཕྱོགས་བསྡུས་སི་ཡི་སི་ཀྲང་སུའུ་ཀུའོ་ཞ་ཡིས་བཤད་རྒྱུར། ས་གནས་སོ་སོས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་ཅུང་བརྟན་པོ་འཛུགས་བཞིན་ཡོད་པ་དང་། སྡེ་པའི་ལས་བྱེད་པ་དང་ཡུལ་སྡོད་ལས་བྱེད་མི་སྣ། འབྲེལ་ཡོད་སྡེ་ཁག །གཞི་གྲངས་ཆེན་མོ་བེད་སྤྱད་བྱེད་པ་སོགས་ཀྱིས་དབུལ་ལོག་ཉེན་ཁ་ཡོད་པའི་གནས་ཚུལ་དང་གསར་དུ་དབུལ་པོ་ཆགས་ཉེན་ཆེ་བའི་གནས་ཚུལ་འཚོལ་ཞིབ་བྱས་ཏེ། རྒྱུ་རྐྱེན་བཙལ་ཏེ་དུས་ཐོག་ཏུ་ཆེད་དམིགས་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་སྣ་ཚོགས་སྤྱད་དགོས།

ཧུའུ་ནན་ཞིང་ཆེན་ཡན་ལིང་རྫོང་གིས་དབུལ་པོར་མ་གྱུར་གོང་ལ་སྔོན་འགོག་དང་རོགས་སྐྱོར་དང་སྔོན་འགོག་ཟུང་འབྲེལ་གྱི་རྩ་དོན་ལ་གཞིར་ནས། གཱ་དང་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཚང་དང་། མཐའ་མཚམས་དུད་ཚང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་དང་ནད་ཆེན་ཕོག་པའི་དུད་ཚང་སོགས་ཀྱི་གཙོ་གནད་དམིགས་ཡུལ་རིགས་དྲུག་ལ་དམིགས་ཏེ། གནད་སྨིན་དབུལ་སྐྱོར་གྱི་འགན་བཅོལ་ཚང་མ་དོན་འཁྱོལ་བྱས་ནས་སློབ་ཞུགས་དང་ན་ཚ། གནོད་འཚེ་སོགས་ལས་བྱུང་བའི་ཡོང་འབབ་གློ་བུར་དུ་ཆག་པའི་ཞིང་དུད་ལ་ཡོང་འབབ་མཐའ་སྲུང་བྱས།

ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝའེ་ཧུའོ་ཁེ་ཡིས། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་དུས་མཚུངས་སུ། འགོ་ཁུངས་ནས་དབུལ་ལོག་དང་དབུལ་ཕོངས་གསར་དུ་འབྱུང་བའི་རྐྱེན་མེད་པར་བཟོ་དགོས། ས་གནས་ཁག་གིས་མུ་མཐུད་དུ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་ལེགས་པོ་བསྒྲུབ་དགོས་པ་དང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ། དབུལ་ཕོངས་ཞིང་དུད་ཀྱི་རང་མོས་འཕེལ་རྒྱས་གཏོང་བའི་ནུས་པ་ཆེ་རུ་གཏོང་བ། བརྟན་བརླིང་དབུལ་གྲོལ་གྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་བཏོན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1