༄༅། །དྲིན་ཅན་ཕ་མ་རྣམ་གཉིས་ཀྱི་དྲིན་དྲན་པའི་མགུར་དབྱངས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25
ཨོཾ་མ་ཎི་པདྨེ་ཧཱུཾ། །
རྟེན་བཟང་པོ་མི་ལུས་རིན་པོ་ཆེ། །
སྟེར་མཁན་གྱི་ཕ་མ་དྲིན་ཅན་རྗེ། །
དྲིན་ཆེ་བ་ལེགས་པར་ངོ་ཤེས་ན། །
ཕ་མ་ལ་བརྩི་བཀུར་སུས་མི་བྱེད། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
མ་དྲིན་ཅན་གྱི་ཟླ་བ་དགུ་ལྷག་ལ། །
རུམ་ལྟོ་བ་དཀའ་ལས་ཆེན་པོས་བཟུང་། །
བུ་ལས་ངན་དེ་ལ་གནོད་དོགས་ནས། །
རང་དཀའ་བ་དང་བླངས་སྡུག་ལ་གཟན། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
བུ་བང་ཐོགས་ངུ་སྐད་ཙི་རི་རི། །
ཁ་ནུ་རེག་འོ་མ་འཇིབ་ཤེས་ལས། །
གཞན་འགྲོ་འདུག་ཟ་འཐུང་མི་ཤེས་པ། །
དེ་ཕ་མའི་ལན་ཆགས་མ་རེད་དམ། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག ། །
ཨོཾ་མ་ཎི་པདྨེ་ཧཱུཾ། །
ཟས་གང་ཞིམ་བཅོས་ནས་བུ་ལ་སྟེར། །
གོས་གང་ཡགས་བཟོས་ནས་བུ་ལ་སྐོན། །
རང་ལྟོགས་སྐོམ་ཚ་གྲང་ཁྱད་བསད་ནས། །
བུ་གཅིག་རུ་བདེ་ཞིང་སྐྱིད་ན་འདོད། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
ལས་མ་བཟང་ཕ་མ་གཞུག་བསྐྱུར་ནས། །
སྡུག་མཆི་མ་ཆར་བ་འབབ་འབབ་བཞིན། །
བུ་གཅེས་ཕྲུག་དར་མའི་ངུར་འདེབས་པ། །
འཇིག་རྟེན་ན་མཐོང་ཐོས་ཅི་འདྲ་འདུག །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
ལས་བཟང་ན་ཕ་མ་དྲིན་ཅན་དེ། །
ཚེ་མཐར་ཕྱིན་དགུང་ལོ་མཐོན་པོའི་སྐབས། །
བུ་ཚ་རྒྱུད་སེམས་ལ་འཕྲེང་བཞིན་དུ། །
ཚེ་ཕྱི་མར་གཤེགས་པ་སྙིང་རེ་རྗེ། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
སྐྱེ་བ་ཞིག་བླངས་པའི་མཐའ་མ་ལ། །
འཆི་བ་དེ་བཟློག་མེད་ཆོས་ཉིད་ཡིན། །
དོན་དེ་ཕྱིར་སེམས་ཀྱི་མྱ་ངན་དང་། །
ཁས་ཆོ་ངེ་འདོན་པ་དོན་མེད་ཡིན། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། །
རྗེ་དྲིན་ཅན་ཕ་མའི་དྲིན་ལན་ལ། །
རང་སྡིག་སྤོང་དགེ་སྒྲུབ་ལས་གཞན་མེད། །
ཚེ་ཡུན་ཐུང་རྟེན་བཟང་བཀོལ་ཤེས་ཀྱིས། །
ཆོས་ས་ལམ་སྙིང་ནས་བསྒྲུབ་ལ་འབད། །
ཁོང་ཕ་མའི་དྲིན་ལན་འཁོར་བར་ཤོག །
ཨོཾ་མ་ཎི་པདྨེ་ཧཱུཾ། ། ཞེས་བྱ་བ་བྲིས་ནས་དོན་དྲན་བཞིན་དུ་བསམ་སྒོམ་རེ་བྱེད་ཀིན་ཡོད་དོ། ། དེ་ཡང་རང་ཅག་འཁོར་བའི་གནས་འདིར་ཐོག་མ་མེད་པའི་དུས་ནས་ད་ལྟ་ལ་ཐུག་གི་བར་སྐྱེ་བ་ལ་ཡ་མཐའ་མེད་པ་དང་། འགྲོ་བ་རིགས་དྲུག་གི་སྐྱེ་བ་འདི་མ་བླངས་བྱ་བ་མེད་པས་དེའི་རིང་སྡིག་པ་མི་དགེ་བ་བགྲང་གིས་མི་ལང་པ་བསགས་པ་ལས་གཉེན་པོ་སྟོབས་ལྡན་ཞིག་དང་མ་ཕྲད་ན་རྐྱེན་དང་ཚོགས་པའི་ཚེ་ལས་ཀྱི་རྣམ་པར་སྨིན་པ་ནི་ལུས་གྲིབ་མ་བཞིན་དུ་འགྲོགས་པས་ན་མི་འདོད་བཞིན་དུ་འབྲས་བུ་ངན་པ་སྣ་ཚོགས་མྱོང་དགོས་པ་ནི་བཟློག་པར་བྱར་མེད་དོ། །