བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭ་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་གྱི་གསོ་སྦྱོང་ལས་ཁུངས་ཤིག་ཡིན་ཞིང་། དུས་ཡུན་རིང་པོར་བོད་ལྗོངས་སློབ་ཆེན་དང་། ལྷ་སའི་དགེ་འོས་སློབ་ཆེན། ནན་ཅིང་དགེ་འོས་སློབ་ཆེན་མཛེས་རྩལ་སློབ་གླིང་དང་། སུའུ་ཀྲོའུ་བཟོ་རྩལ་མཛེས་རྩལ་སློབ་གླིང་བཅས་དང་འཐབ་ཇུས་མཉམ་འབྲེལ་བྱས་ཏེ། ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག་བཅས་གསུམ་པོ་ཟུང་འབྲེལ་བྱེད་པའི་སློབ་ཁྲིད་བྱེད་སྟངས་ཀྱིས་བོད་ཀྱི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཡོད་པ་རེད། མིག་སྔར། བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭས་ཐང་ག་འབྲི་བ(ཀརྨ་སྒར་བྲིས་དང་། བྱིའུ་སྒང་པའི་ཐང་གའི་འབྲི་ལུགས)དང་། མགར་བ(རྡུང་བཟོ)ཡི་ལག་རྩལ། ལྷ་སའི་སྲོལ་རྒྱུན་གྱོན་གོས་ཀྱི་ཐགས་འཐག་པ་དང་། རྫ་ཆས་ཇུས་འགོད། བོད་བཟོའི་ཁྱིམ་ཆས་ཇུས་བཟོ། པར་བརྐོས་པར་འདེབས་དང་། བོད་སྤོས་བཟོ་བ། རྒྱན་ཆ་ཇུས་འགོད་དང་གྲངས་གཞི་ཅན་གྱི་འདྲ་བཟོ་སོགས་ཀྱི་ཆེད་ལས་བཙུགས་ཡོད་པ་རེད།
“ཞོལ་འདོད་དཔལ”ནི་བོད་ལྗོངས་ཀྱི་གནའ་བོའི་ལག་ཤེས་བཟོ་རྩལ་ཞིག་ཡིན་ཞིང་། དུས་རབས་བཅུ་བདུན་པ་ནས་བཟུང་དེས་བོད་ལྗོངས་ས་ཁུལ་གྱི་ལག་ཤེས་བཟོ་རྩལ་གྱི་ཆུ་ཚད་མཐོ་ཤོས་ཀྱི་སྒྲིག་གཞི་མཚོན་གྱི་ཡོད། “ཞོལ་འདོད་དཔལ”ནི1640ལོར་ཕོ་བྲང་པོ་ཏ་ལ་བསྐྱར་བཞེངས་བྱས་པ་ལས་བྱུང་ཞིང་། དེ་ནི་ཕོ་བྲང་པོ་ཏ་ལའི་ཞོལ་གྲོང་དུ“ཆེས་མཛེས་སྡུག་ལྡན་པའི་སྒྱུ་རྩལ་ཐོན་རྫས་བཟོ་བའི་ཚོགས་པ”ཞེས་པའི་དོན་ཡིན། ད་ལྟ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ“ཞོལ་འདོད་དཔལ་གྱིས་བཟོས”ཞེས་བཀོད་པའི་སྒྱུ་རྩལ་གྱི་ཐོན་རྫས་རེ་རེས་སྔར་བཞིན་འདས་ཟིན་པའི་འོད་སྟོང་དང་མཚར་སྡུག་མངོན་བཞིན་ཡོད། “ཞོལ་འདོད་དཔལ”གསར་པའི་སྒྱུ་རྩལ་མཁས་ཅན་གྱིས་དུས་རབས་གསར་པར་ལས་མཐུན་བཙུགས་ཏེ། ཕུལ་བྱུང་ཚོགས་པའི་དེང་རབས་ཀྱི་འདུ་ཤེས་དང་ཇུས་འགོད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་“ཞོལ་འདོད་དཔལ”ལ་སྟོབས་ཆེ་བའི་གསོན་ཤུགས་ཤིག་བསྣན་ཡོད།
ཞོལ་འདོད་དཔལ་གྱིས་བཟོ་རྩལ་ཐད་ཞིབ་ཚགས་ལྡན་པ་དང་། རྣམ་པའི་ཐད་མཛེས་སྡུག་ལྡན་པ་བརྩོན་ལེན་བྱས་པས་བརྩམས་ཆོས་ཀྱི་བཀོད་པ་གཟབ་ནན་ཡིན་པ་དང་། གྲི་བཟོ་ཞིབ་ཅིང་ཕྲ་བ། ཐིག་རིས་ལ་ཐོགས་ཐུག་མེད་པར་མ་ཟད། ཐོན་རྫས་སྤྱི་ཡོངས་ཀྱི་སྲོལ་རྒྱུན་གྱི་ལུགས་སྲོལ་རྒྱུན་སྲུང་བྱེད་པའི་རྨང་གཞིའི་ཐོག་གསར་གཏོད་ཀྱང་བྱས་ཡོད། དུས་ཡུན་རིང་པོའི་སྒྱུ་རྩལ་གྱི་ལག་ལེན་ལས་ཞོལ་འདོད་དཔལ་གྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ལུགས་སྲོལ་ཞིག་གྲུབ་ཡོད་ཅིང་། དེས་བོད་ལྗོངས་ཀྱི་ཉེ་དེང་རབས་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་ཆུ་ཚད་མཐོ་ཤོས་མཚོན་ཡོད་པ་རེད། བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་གསར་གཏོད་པ་སུང་མིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་སློབ་གྲྭ་དེར་བསྡོམས་པས་སློབ་མ་200ལྷག་ཙམ་ཡོད་པ་དང་། མ་འོངས་པར་ལག་རྩལ་པ་འདི་དག་གིས་མུ་མཐུད་དུ་སྔོན་རབས་པ་ཚོའི་གོམ་སྟབས་བརྒྱུད་དེ་དུས་ཚོད་སྤྱད་ནས་ལག་རྩལ་ཞིག་སློབ་སྦྱོང་བྱེད་པ་དང་། མཛུབ་རྩེའི་དྲོད་ཚད་ལ་བརྟེན་ནས་སྒྱུ་རྩལ་ཐོན་རྫས་ཤིག་ལ་ཐུག་རེག་བྱེད་ཀྱི་ཡོད་ཅེས་བཤད།