དཀར་མཛེས་རྫོང་གིས་མཐའ་མཚམས་འབྲོག་ཁུལ་གྱི་ཕྲུ་གུ་ཚོར་འདྲ་མཉམ་སྤུས་ལེགས་ཀྱི་སློབ་གསོ་མྱངས་སུ་བཅུག་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 04-30



          ཟླ་4པའི་དཀར་མཛེས་ཀྱི་ཉི་འོད་དྲོ་འཇམ་ལྡན་ལ་ནམ་མཁའ་སྔོ་ཤིང་དྭངས། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་མཐའ་མཚམས་འབྲོག་ཁུལ་དུ་སྐྱོད་སྐབས། འབྲོག་ཁུལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཐོག་ཁང་གསར་པ་མང་པོ་ཞིག་ཀྲོང་ངེར་འགྱིང་པ་དང་། སྐར་ལྔའི་དར་དམར་རེ་རེ་སྐྱི་བསེར་རླུང་གི་འགྲོས་དང་སྡོངས་ནས་ལྷབ་ལྷུབ་ཏུ་གཡོ་བ། བདེ་སྐྱིད་འཚོ་བའི་བསྟོད་གླུས་ཁམས་པའི་ས་གཞིར་ཁྱབ་པའི་སྣང་ཚུལ་དག་མཐོང་ཐུབ། 
དཀར་མཛེས་རྫོང་མཐའ་མཚམས་འབྲོག་ཁུལ་གྱི་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་།
         ཟླ་4ཚེས་24ཉིན། དཀར་མཛེས་རྫོང་མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་རུ། རྫོང་དེའི་མཐའ་མཚམས་འབྲོག་ཁུལ་ནས་ཡོང་བ་དང་སྔོན་ཆད་རྟ་ཞོན་ནས་ཆུ་ཚོད་གཉིས་ལྷག་ཙམ་སློབ་གྲྭར་འགྲོ་དགོས་པའི་ལོ་རིམ་གསུམ་པའི་འཛིན་གྲྭ་བདུན་པའི་སློབ་མ་ཚུལ་ཁྲིམས་ཉི་མ་ནི་སྨྱན་མང་གཟུགས་ཀྱི་སློབ་ཁང་དུ་བསྡད་ནས། དགེ་རྒན་གྱིས་གློག་རྡུལ་སམ་ཊ་སྤྱད་ནས་སློབ་ཁྲིད་བྱེད་པར་ནན་ཏན་ངང་ལྟ་བཞིན་ཡོད།  ཚུལ་ཁྲིམས་ཉི་མ་ནི་ན་ནིང་ཟླ་9པར་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭར་སྤར་བ་ཡིན་ལ། སློབ་གྲྭ་འདི་དང་ཁོའི་སྔོན་ཆད་ཀྱི་སློབ་གྲྭའི་ཁྱད་པར་སྐོར་གླེང་སྐབས། ཁོས་བརྗོད་དོན། “སྔོན་ཆད་ཀྱི་སློབ་གྲྭ་དེ་འདི་ནས་སྤྱི་ལེ་200ལྷག་ཙམ་གྱི་སར་གནས་པའི་འབྲོག་ཁུལ་དུ་ཡོད་ཅིང་། སློབ་གྲྭ་ཧ་ཅང་ཆུང་ཆུང་ཞིག་ཡིན་པ་དང་། སྒྲིག་བཀོད་ཀྱང་ཧ་ཅང་སྟབས་བདེ་རེད། ད་ལྟའི་སློབ་གྲྭར་ཤིན་ཏུ་ཆེ་བའི་སློབ་ཁྲིད་ཐོག་ཁང་དང་ལུས་རྩལ་ར་བ་ཡོད་པར་མ་ཟད། ད་དུང་ཟ་ཁང་ཡང་ཡོད་པས། སློབ་གྲྭ་ཡག་པོ་འདི་འདྲ་སྔོན་ཆད་གཏན་ནས་མཐོང་མྱོང་མེད་ལ། སེམས་པ་དགའ་ཚོར་ཆེན་པོ་བྱུང་། ངའི་ཕུགས་བསམ་ནི་དགེ་རྒན་ཞིག་བྱེད་འདོད་པ་དེ་ཡིན།”ཞེས་ཟེར། ཁོང་དང་འདྲ་བར་སློབ་གྲྭ་འདིར་རྫོང་འདིའི་ཤང་(གྲོང་རྡལ)10ཡི་མཐའ་མཚམས་འབྲོག་ཁུལ་ནས་ཡོང་བའི་སློབ་མ་1717ལ་སྤུས་ལེགས་སློབ་གསོ་མྱོང་བའི་བསྐལ་བ་ལྡན་པ་རེད།
དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་གྱིས་སྨྱན་མང་གཟུགས་སྤྱད་དེ་སློབ་ཁྲིད་བྱེད་བཞིན་པ།
         འདྲ་མཉམ་སྤུས་ལེགས་ཀྱི་སློབ་གསོ་གཉེར་བ་དང་། ལྷག་པར་དུ་མི་རིགས་སློབ་གསོར་ཤུགས་སྣོན་རྒྱག་པའི་ཐད་ལ་དཀར་མཛེས་རྫོང་མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭའི་དགེ་རྒན་ཚོར་མྱོང་ཚོར་ཟབ་མོ་ལྡན། དགེ་རྒན་གྱིས་སྨྱན་མང་གཟུགས་སྤྱད་དེ་སློབ་ཁྲིད་བྱེད་པ་ནི་“གློག་བརྙན་ལ་ལྟ་བ་དང་འདྲ་བར་རང་གི་ཡིད་ལ་འཛིན་མགྱོགས་པོ་འདུག” དཀར་མཛེས་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས་ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། མཐའ་མཚམས་ཞིང་འབྲོག་ཁུལ་གྱི་ཟླ་ཐང་མ་དང་། སྟོང་སྐོར། རྫ་ཁོག་ཤང་། ཤར་ཕྱོགས་ཤང་བཅས་ནི་མི་འབོར་ཉུང་ཞིང་། སྡོད་གནས་ཁ་ཐོར་ཡིན་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། གཞིས་སྲུང་བྱིས་པ་གཉོར་རྒྱུ་ཅུང་མང་བ་བཅས་ཀྱི་ཁར་ས་ཁམས་ཁོར་ཡུག་དང་ཞིང་འབྲོག་པའི་འཚོ་བའི་གོམས་གཤིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས། དུས་ཚིགས་རང་བཞིན་གྱི་སློབ་ཤོར་གནས་ཚུལ་ཇེ་སྡུག་དུ་ཕྱིན་པ་དང་། དགེ་རྒན་གྱི་ལས་ཀའི་ཁོར་ཡུག་ཞན་པ་དང་འགྲོ་སྐྱོད་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས། ཡུན་རིང་པོར་སློབ་ཁྲིད་སྤུས་ཚད་དམའ་པོ་ཡིན་ལ་མཐོར་འདེགས་གཏོང་ཁག་པོ་རེད།  བུ་ཕྲུག་ཚོར་སློབ་གསོ་ལེགས་པོ་ཞིག་ཐོབ་ཆེད། རྫོང་དེའི་ཆ་རྐྱེན་འཛོམས་པའི་མང་ཚོགས་1000ཙམ་དཀར་མཛེས་རྫོང་གི་རྫོང་མཁར་དུ་ཁང་པ་གླས་ནས་བྱིས་པ་སློབ་གྲྭར་སྐྱེལ་བ་རེད། གནས་ཚུལ་འདིར་འགྱུར་ལྡོག་བཏང་ནས་སློབ་གསོའི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། སློབ་ལོ་རན་པའི་བྱིས་པར་སྤུས་ལེགས་སློབ་གསོ་ཞིག་ཐོབ་ཏུ་འཇུག་ཆེད། 2017ལོར་དཀར་མཛེས་རྫོང་གིས་མ་དངུལ་སྒོར་དུང་ཕྱུར་1.2བཏང་ནས། རྫོང་མཁར་གྱི་གྲོང་ཁུལ་གསར་པ་རུ་སྤུས་ཚད་མཐོ་ལ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དེང་རབས་ཅན་གྱི་གཞུང་ཚུགས་སློབ་ཆུང་འདི་བསྐྲུན་པ་དང་། 2019ལོའི་ཟླ་9པར་སློབ་གྲྭ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་སྟེ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། མིག་སྔར་སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་བ་མི་170དང་། སློབ་ཁྲིད་འཛིན་གྲྭ་36དང་སློབ་མ་1717ཡོད་པ་རེད།
དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་རི་མོའི་སློབ་ཁང་།
         “མཐའ་མཚམས་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭ་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དེས་དཀར་མཛེས་རྫོང་གི་མཐའ་མཚམས་འབྲོག་ཁུལ་གྱི་སློབ་ཞུགས་ཚད་བརྟན་འཇགས་སུ་བཏང་བ་དང་། སློབ་ལོ་རན་པའི་བྱིས་པས་གྲོང་ཁྱེར་གྱི་སྤུས་ལེགས་སློབ་གསོ་མྱོང་ཐུབ་པ་བྱུང་བས། སློབ་གྲྭར་ཞུགས་ཐུབ་པ་ནས་སློབ་གྲྭ་ལེགས་པོར་ཞུགས་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་པ་དང་། འབྲོག་པའི་བྱང་ཚད་མཐོ་རུ་གཏོང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ལ། སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།”ཅེས་འགན་འཛིན་པས་དེ་ལྟར་ངོ་སྤྲོད་བྱས་བྱུང་།
         ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་བཀོད་པ་ལུགས་མཐུན་ངང་བསྡུ་སྒྲིལ་བྱས་ཏེ། སློབ་ཞུགས་དཀའ་བ་དང་སློབ་རིམ་འཕར་དཀའ་བའི་གནད་དོན་དེ་དོན་དངོས་ཐོག་ཐག་གཅོད་བྱས་པ་དང་། སློབ་གཉེར་ཆུ་ཚད་དམའ་བ་དང་སྤུས་ཚད་ཞན་པའི་གནད་དོན་ཐག་གཅོད་བྱས། “ཁྲིད་ལུགས་གཉིས་འདྲ་མཚུངས་སྒོས་དམ་འཛིན་དང་། རང་འགུལ་གདམ་གསེས། རིགས་དབྱེའི་སློབ་གསོ། སྤུས་ཀ་ཚད་དང་ལྡན་པ། ཚད་ལྡན་དོ་དམ།”བཅས་ཀྱི་མི་རིགས་སློབ་གསོའི་སྤེལ་ལུགས་ལག་བསྟར་བྱས་ཏེ། རིམ་བཞིན་འོས་འགན་སློབ་གསོ་དོ་སྙོམས་ཡོང་བར་བྱས་པ་དང་། སློབ་ཞུགས་གོང་གི་སློབ་གསོ་དང་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་གི་སློབ་གསོ། ལས་རིགས་སློབ་གསོ་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སློབ་གསོའི་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་སློབ་གསོ་ཁྱབ་གདལ་གཏོང་བ་དང་། དམངས་ཡོངས་ལ་ཕན་པའི་འདྲ་མཉམ་གྱི་སློབ་གསོ་ཞིག་ཆགས་པར་བྱས་ནས། སྔར་ལས་ཕུན་སུམ་ཚོགས་པའི་སྤུས་ལེགས་སློབ་གསོ་ཞིག་མཁོ་འདོན་བྱས་པ་དང་དཀར་མཛེས་སློབ་གསོ་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་ཞིག་ཡོང་བར་བྱས། དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི་1411.5བཏང་ནས་ཤང་དང་གྲོང་རྡལ་གྱི་བྱིས་གཉོར་ཁང་11བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་1219.75བཏང་ནས་སློབ་ཆུང་7གྱི་ཕྱོགས་བསྡུས་ཁང་པ་དང་དགེ་སློབ་ཀྱི་ལས་ཤག་འཛུགས་སྐྲུན་བྱས། མ་དངུལ་སྒོར་ཁྲི་1065བཏང་ནས་མི་རིགས་སློབ་འབྲིང་གི་ཀྲུང་ལེའང་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་དང་དཀར་མཛེས་རྫོང་གི་ཚད་ལྡན་རྐང་རྩེད་སྤོ་ལོའི་ཐང་སོགས་བསྐྲུན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཉམས་གསོ་དང་སྲུང་སྐྱོང་ཐད་ལ་མ་དངུལ་སྒོར་ཁྲི་665བཏང་པ་རེད། དེ་དང་ཆབས་ཅིག་“སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པ”ཡི་ཁ་གསབ་སློབ་གསོ+ནུས་རྩལ་གསོ་སྦྱོང་གི་ཆེད་དོན་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སློབ་ཞུགས་གོང་གི་སློབ་གསོའི་“རྩ་ཆག་གཅིག་དང་ཁ་གསབ་གཅིག”ཅེས་པ་དང་། འོས་འགན་སློབ་གསོའི་“རྩ་ཆག་གསུམ་དང་ཁ་གསབ་གཅིག”དང་། དེ་བཞིན་མཐོ་རིམ་སློབ་འབྲིང་སློབ་གསོའི་“རྩ་ཆག་གཉིས”སོགས་དམངས་ཕན་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ལས་གནས་རེས་སྐོར་གྱིས་དགེ་རྒན་མི་ཐེངས་785གསོ་སྦྱོང་བྱས་པ་རེད། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1