མདོ་དབུས་མཐོ་སྒང་དུ་སྐྱེ་གཟུགས་ཙི་གུ་དང་འདྲ་ཞིང་རྔ་མ་མེད་པའི་སྲོག་ཆགས་ཆུང་ངུའི་རིགས་ཤིག་འཚོ་སྡོད་བྱས་ཡོད་ཅིང་། གྲངས་འབོར་ཧ་ཅང་མང་ལ། ཉིན་རྒྱུན་དུ་བྲེལ་བྲེལ་འཚུབ་འཚུབ་ངང་གནས་པར་མ་ཟད། དགུན་དུས་ཀྱང་ངལ་གསོ་མི་བྱེད། དེ་ནི་གནས་འདི་ཁོ་ནར་ཡོད་པའི་ཨ་བྲ་རེད། དུས་ཡུན་རིང་བོ་ཞིག་ལ། མཐོ་སྒང་གི་མང་ཚོགས་ཀྱིས་སྲོག་ཆགས་འདི་དགྲ་བོ་ཞིག་ཏུ་བརྩིས་ཏེ་རྩ་མེད་དུ་གཏོང་བཞིན་ཡོད་ཀྱང་། ཚན་རིག་ཞིབ་འཇུག་ཏུ་ཨ་བྲ་ཞེས་པ་གྲོགས་ཡིན་པའི་ཚུལ་བརྗོད་ཡོད་ནའང་། ཨ་བྲ་ལ་སྔར་བཞིན་ལྟ་སྟངས་ངན་པ་ཞིག་ཆགས་ཡོད། གཤམ་ནས་སྲོག་ཆགས་ཨ་བྲ་འདི་རྩྭ་ཐང་གི་དགྲ་དང་གྲོགས་གང་ཡིན་གྱི་སྐོར་ནས་རགས་ཙམ་བཤད།
གནོད་སྐྱེལ་ཨ་བྲ་ནས་ཕན་འདོགས་ཨ་བྲར་གྱུར་ཚུལ།
རྩྭ་ཐང་ནི་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། གལ་ཏེ་རྩྭ་ཐང་ཞན་འགྱུར་ཚབས་ཆེན་བྱུང་ཚེ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་ལ་གཏོར་བཤིག་ཐེབས་པར་མ་ཟད། འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བར་ཡང་ཤུགས་རྐྱེན་ངན་པ་ཐེབས་སྲིད། ད་ལྟའི་བར་དུ་རང་རྒྱལ་གྱི་རྩྭ་ཐང་ས་ཁུལ90%ཙམ་ལ་ཚད་རིམ་མི་འདྲ་བའི་ཞན་འགྱུར་བྱུང་ཡོད།
ཨ་བྲས་རྩི་མགོ་དང་རྩི་རྐང་ཟ་ཞིང་། རྩྭ་ཐང་ནས་ཁུང་བུ་བརྐོ་བཞིན་ཡོད་པས། རྒྱ་ཁྱབ་ཏུ་ཡོད་པའི་ས་ཁུལ་ལ་རྒྱང་ནས་བལྟས་ན། ནག་ཐིང་ངེར་ས་ནག་ཐང་དུ་གྱུར་ཡོད། འདི་ལས་ཨ་བྲ་དང་རྩྭ་ཐང་ཞན་འགྱུར་གྱི་འབྲེལ་བ་བསྟན་ཡོད་སྟབས། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བཟུང་། སྲིད་གཞུང་གཙོ་བྱས་ཏེ་ཨ་བྲ་གསོད་པའི་ལས་འགུལ་རྒྱ་ཆེན་ངང་སྤེལ་འགོ་བརྩམས།
ཀྲུང་གོའི་ཚན་རིག་ཁང་གི་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཆུས་ཅ་ཕེང་གིས་མདོ་དབུས་མཐོ་སྒང་གི་དམིགས་བསལ་གྱི་ཁོར་ཡུག་ནང་དུ། འོ་འཐུང་སྲོག་ཆགས་ཆུང་ངུའི་རིགས་ཧ་ཅང་དཀོན། ཨ་བྲ་ནི་ཧ་ལམ་མཐོ་སྒང་གི་སྤྱང་ཀི་དང་ཝ་མོ། དོམ། གླག་སོགས་ཀྱི་འཚོ་རྟེན་དུ་གྱུར་ཡོད་ཅེས་ཟེར།
གཞན་ད་དུང་། མཐོ་སྒང་དུ་ཤིང་སྡོང་རིགས་ཉུང་སྟབས། ཨ་བྲའི་ཁུང་བུ་འདི་བྱ་དང་བྱེའུ་རིགས་མང་པོ་ཞིག་དང་། ཐ་ན་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ཆུང་ངུའི་རིགས་ཀྱི་སྡོད་གནས་དང་རྩེབ་སའི་ཚང་དུ་གྱུར་ཡོད། ནམ་ཞིག་ཨ་བྲ་རྩ་མེད་དུ་བཏང་ཚེ། ཤུལ་དུ་ལུས་པའི་ཁུང་བུར་བདག་སྐྱོང་བྱེད་མཁན་མེད་པས་ཐོར་ཞིག་ཏུ་འགྲོ་ལ། གོང་གསལ་སྲོག་ལྡན་རིགས་དེ་དག་ཀྱང་གནས་ཚང་མེད་པ་ཞིག་ཏུ་འགྱུར།
དེ་བས་ཀྱང་གལ་ཆེ་བ་ཞིག་ལ། ཨ་བྲས་རྩྭ་བཟས་པ་ནི་རྩྭ་ལ་གནོད་འཚེ་ཐེབས་པ་ལས་ལྡོག་སྟེ་རྩྭ་རིགས་སྐྱེ་བར་ཕན་པ་དང་། ཁུང་བུ་བརྐོས་པ་ལས་ས་རྒྱུ་གསར་སྒྱུར་ལ་རམ་འདེགས་བྱས་ཏེ་ས་རྒྱུའི་དངོས་པོ་འཁོར་རྒྱུག་དང་ས་འོག་ཏུ་ཆུ་ཐིམ་ཚད་ཇེ་མགྱོགས་སུ་བཏང་ནས་ས་རྒྱུའི་ཆུ་འཛིན་ནུས་པ་དང་ཆུ་འདུས་ཚད་ཇེ་མཐོར་གཏོང་ཐུབ།
ཞིབ་འཇུག་མི་སྣས་ཨ་བྲ་ལ་ལྟ་སྟངས་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་མདོ་དབུས་མཐོ་སྒང་གི་རྩྭ་ས་ཞན་འགྱུར་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་པ་ཡིན།
ཞིབ་འཇུག་ལྟར་ན། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བཟུང་། མདོ་དབུས་མཐོ་སྒང་གི་མི་གྲངས་འཕར་བ་དང་ཕྱུགས་ལས་འཕེལ་རྒྱས་མགྱོགས་མྱུར་སོང་བ་དང་བསྟུན། ཕྱུགས་ཟོག་འཚོ་བ་ཚད་ལས་བརྒལ་བ་དང་། དེ་ནས་རྩྭ་རིགས་ཀྱི་སྐྱེ་ཚད་དང་ཁེབས་ཚད་དམའ་བར་གྱུར་བ་རེད། ཕྱུགས་འཚོ་ཚད་ཅི་ཙམ་མང་ན་ཨ་བྲ་ལ་གནོད་འཚེ་དེ་བས་ཆེ་བར་མངོན།
སྒོ་ཕྱུགས་དང་རྩྭ་ཐང་། ཨ་བྲ་བཅས་ཀྱི་སྐྱེ་ཁམས་དོ་མཉམ།
སྐྱེ་དངོས་སྲུང་སྐྱོབ་པ་མང་པོ་ཞིག་གིས་ཨ་བྲ་རྩ་མེད་དུ་གཏོང་བར་དགག་པ་གཏོང་བཞིན་ཡོད། ཡིན་ནའང་དུས་རབས་ཕྱེད་ཀ་ཙམ་ལ་རྒྱུན་བསྲིངས་པའི་ལས་འགུལ་འདི་ད་དུང་མཇུག་སྒྲིལ་མེད་པ་དང་།ཕྱོགས་གཅིག་ནས་སྐྱེ་དངོས་སྲུང་སྐྱོབ་པས་ཨ་བྲ་རྩ་མེད་དུ་བཏང་བའི་ས་ཆར་སྐྱེ་དངོས་ཕན་ཚུན་མངགས་བཅོལ་རྒྱུན་ཆད་པའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་བྱུང་བར་འདོད་པ་དང་། ཕྱོགས་གཞན་ཞིག་ནས་རྩྭ་ཐང་སྲུང་སྐྱོབ་པ་ཚོས་ཨ་བྲ་རྩ་མེད་དུ་གཏོང་ཐབས་བྲལ་བ་དང་། རྩྭ་ས་ཞན་འགྱུར་ལ་ཇི་ལྟར་ཚོད་འཛིན་བྱས་ཀྱང་འབྲས་བུ་དེ་འདྲ་བཟང་རྒྱུ་མེད་པ་ཤེས་རྟོགས་བྱུང་།
གནས་ཚུལ་འདི་འདྲ་ཞིག་ལ་གཞིགས་ཏེ། ཆུས་ཅེ་ཕེང་གིས་མིག་སྔའི་འདོད་ཚུལ་རྒྱུགས་ཆེ་བ་སྟེ་མཐའ་གཅིག་ཏུ་ཨ་བྲ་རྩ་མེད་དུ་གཏོང་བའམ་ཡང་ན་རྒྱ་ཡན་དུ་གཏོང་བ་གཉིས་ཀའི་གང་ཡིན་ནའང་། རྩྭ་ཐང་སླར་གསོ་དང་སྐྱེ་ཁམས་མ་ལག་བདེ་ཐང་ཡོང་བར་གནོད་པ་ཡོད་པར་འདོད། ཨ་བྲས་རྩྭ་ཐང་ལ་ཐེབས་པའི་ཤུགས་རྐྱེན་བཟང་ངན་དེ་ཨ་བྲའི་གྲངས་འབོར་དང་འདུས་ཚད་ལ་འབྲེལ་བ་ཡོད།
ཕྱུགས་འཚོ་ཚད་དང་ཨ་བྲའི་གྲངས་འབོར་གང་ཡིན་རུང་། ཁྱབ་ཁོངས་ངེས་ཅན་ཞིག་གི་འོག་ཏུ་རྩྭ་ཐང་དང་སྐྱེ་ཁམས་མ་ལག་ལ་གནོད་པ་ཐེབས་མི་སྲིད། དེ་བས་འོས་འཚམ་གྱིས་ཚོད་འཛིན་དང་དོ་དམ་བྱེད་དགོས།
ཚན་རིག་པ་མང་པོ་ཞིག་གིས་ཨ་བྲ་དང་དེ་འཚོ་གནས་ཀྱི་ཁོར་ཡུག་གཞི་གཅིག་དུ་ངོས་བཟུང་སྟེ། གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་དང་དོ་དམ་བྱེད་པ། ཕྱོགས་བསྡུས་རང་བཞིན་གྱི་བྱེད་ཐབས་ཁ་ཤས་ཏེ་དཔེར་ན། གནས་སྤོའི་ཕྱུགས་འཚོ་དང་ཕྱུགས་དོར་རྩྭ་གསོ། གཟན་རྩྭ་འདེབས་འཛུགས། ཨ་བྲ་བཅས་ཀྱི་སྐྱེ་ཁམས་དོ་མཉམ་ཡོང་བ་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་བཏོན་ཡོད།