༄༅།།བོད་གདོད་མའི་ཀླུའི་དད་མོས་ཀྱི་བྱུང་འཕེལ་སྐོར་ལ་དཔྱད་པ།

རྡོ་རྗེ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། སྤེལ་དུས། 05-06



རྡོ་རྗེ་ཚེ་རིང་།
གཅིག ཀླུའི་འབྱུང་ཁུངས་སྤྱི་བཤད།
        བོད་ཀྱི་གདོད་མའི་བོན་ལུགས་སུ། འཇིག་རྟེན་འདི་ལ་ས་འོག་ས་སྟེང་ས་བླ་གསུམ་དུ་དབྱེ་ནས་ཁམས་གསུམ་དུ་མིང་བཏགས་ཤིང་། ས་འོག་ནི་ཀླུའི་གནས་ཡུལ་དུ་ངོས་བཟུང་ཡོད།
        བོན་གྱི་དཔེ་རྙིང་ཁག་ཏུ་འཇིག་རྟེན་ཆགས་གྲུབ་ཀྱི་རྣམ་གཞག་རྒྱས་པར་གླེང་སྐབས། མ་སྲིད་སྲིད་པ་རིན་པོ་ཆེ་སྟེ་ནམ་མཁའ་ནི་འབྱུང་བཞིའི་གྲོགས་སུ་གྱུར་བ་ལས་སྣོད་བཅུད་གྲུབ་པ་ཡིན་ལ། ནམ་མཁའ་ཉིད་ནི་སྐྱེ་བོའི་གཟུགས་སུ་བསྐྲུན་ནས་མིང་ལ་ཡང་ནམ་མཁའ་སྟོང་ལྡན་ཕྱོད་སུམ་རྗེ་ཞེས་མིང་བཏགས་ཡོད་པ་དང་། ཀླུའི་འབྱུང་ཁུངས་རྣམ་པར་བསྟན་སྐབས་ཀྱང་སྲིད་པ་ཀློང་གི་སྒོ་ང་ལས་བྱུང་བར་བཞེད་པའི་ལྟ་བའི་རིག་པ་དེ་ལ་ཁུངས་བཅོལ་ཏེ། ནམ་མཁའ་སྟོང་ལྡན། འབྱུང་ལྔའི་བཅུད་ལས་བྱུང་བའི་འོད་སྒོ་ང་དཀར་ནག་གམ་སྣང་མུན་དེ་གསུམ་འདུས་པའི་གཞི་ལས་ཀླུ་ཞེས་བྱ་བ་བྱུང་ཞིང་། ཀླུ་ཞེས་བྱ་བ་ནི་ཆུ་ལ་གནས་པའི་སེམས་ལྡན་ཞིག་ཏུ་ངོས་བཟུང་ཡོད།
        བོད་མིའི་དད་མོས་ཁྲོད་བྱུང་བའི་ཀླུ་ཞེས་བྱ་བ་དེའི་ཐོག་མའི་འབྱུང་ཁུངས་ཇི་ལྟར་ཡིན་ཞེ་ན། ཀླུ་ཞེས་བྱ་བ་ནི་ཆུ་ལ་གནས། དང་པོ་འབྱུང་ཁུངས་ནི་ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན། མུན་པ་ཟེར་ལྡན་དང་། དེ་གསུམ་འདུས་པའི་གཞི་ལས་བྱུང་ཞེས་གསུངས་པ་ལྟར། ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན་དང་། མུན་པ་ཟེར་ལྡན་དེ་གསུམ་ཕན་ཚུན་འདུས་པའི་གཞི་ལས་ཀླུ་ཞེས་བྱ་བ་བྱུང་བ་དང་། གནསཡུལ་གཙོ་བོ་ནི་ཆུ་ཡིན་པར་བསྟན་ཡོད།
        བོད་ཀྱི་གེ་སར་སྒྲུང་དུའང་། གནའ་རབས་བོད་མིས་འཇིག་རྟེན་ཆགས་ཚུལ་སྐོར་ལ་འགྲེལ་བཤད་གནང་བའི་གཉུག་མའི་བསམ་གཞིགས་ངོ་མཚར་བ་དག་སྒྲུང་གི་རྣམ་པ་ལ་བརྟེན་ནས་ལྷུག་པར་བཤད་ཡོད། དེ་ཡང་སྔོན་ལ་ས་ཆུ་མེ་རླུང་གི་འབྱུང་བའི་རྒྱུ་ལས་འཇིག་རྟེན་ཁམས་ཆགས་པ་དང་། དེ་ནས་ནང་བཅུད་ཀྱི་སེམས་ཅན་གྲོལ་ཚུལ་ཞིབ་ཏུ་བསྟན་སྐབས་སྒོང་ང་ལས་རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ་ཚུལ་བཤད་ཡོད་དེ། སྲིད་པ་མ་ཆགས་སྲིད་པ་ཆགས། ། སྲིད་པ་ཆགས་པའི་དང་པོ་ལ། ། སྲིད་པའི་དུང་སྒོང་དཀར་པོ་ཆགས། ། ཕྱི་ཡི་སྒོང་ཤུན་ལྷ་བྲག་ཆགས། ། དེ་ལས་གསེར་བྲག་གཡུ་བྲག་ཆགས། ། ཟངས་ཀྱི་སྒོང་ཆུའི་དུང་མཚོ་འཁྱིལ། ། དེ་ལས་གསེར་མཚོ་གཡུ་མཚོ་སོགས། ། ས་རྡོ་རི་བྲག་ལ་སོགས་པ། ། རིམ་བཞིན་ཕྱི་སྣོད་འཇིག་རྟེན་ཆགས། ། བར་གྱི་སྒོ་ངའི་སེར་ཐིག་དེ། ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ་ཞེས་དང་། དེར་མཐུད་ནས། ཡ་ཐོག་སྲིད་པ་བོན་གྱིས་འཇིག་རྟེན་ལ་ས་འོག་ས་བླ་ས་སྟེང་ཞེས་ཁམས་གསུམ་དུ་ཕྱེ་བ་ལས། ས་འོག་ཀླུའི་ཁམས་ཆགས་པའི་གཞི་མ་ནི་གཡུ་སྒོང་སྔོན་མོ་ཡིན་ཚུལ་བསྟན་ཡོད་དོ། གཡུ་སྒོང་སྔོན་མོ་མར་འགྲིལ་དེ། ཀླུ་ཁམས་ཆགས་པའི་གཞི་མ་རེད་ཅེས་ཆུ་ལ་གནས་པའི་སེམས་ལྡན་ཀླུའི་རིགས་བསམ་གྱིས་མི་ཁྱབ་པའི་འབྱུང་ཁུངས་ཀྱང་སྒོ་ང་ཡིན་པར་རྒྱས་བཤད་བྱས་ཡོད།
གཉིས། ཀླུའི་གནས་ཡུལ་དང་། ཆ་བྱད། རིགས་དབྱེ།
        ཡ་ཐོག་སྲིད་པའི་བོན་ལྟར་ན། ཀླུའི་རིགས་ཀྱི་གྲོལ་ཕུག་ནི་སྲིད་པ་ཀློང་གི་སྒོ་ང་ལས་མ་འདས་པ་དང་། ནམ་མཁའ་སྟོང་ལྡན་དང་། འབྱུང་ལྔའི་བཅུད་ལས་བྱུང་བའི་འོད་སྒོ་ང་དཀར་ནག་གམ་སྣང་མུན་དེ་གསུམ་འདུས་པའི་གཞི་ལས་ཀླུ་རིགས་མང་པོ་ཞིག་བྱུང་བར་སྨྲ་ཞིང་། ཀླུ་ནི་དང་ཐོག་ས་འོག་གི་ཆུ་ལ་གནས་པའི་སེམས་ལྡན་ཞིག་ཡིན་པ་དང་། རྗེས་སུ་ཀླུའི་གནས་ཡུལ་ལ་ཡང་རིམ་བཞིན་འཕོ་འགྱུར་བྱུང་སྟེ་སྟེང་ནམ་མཁའ་ལ་གནས་པའི་རིགས་དང་། བར་ས་བླའི་རི་བྲག་ནགས་གསུམ་སོགས་ལ་གནས་པའི་ཀླུའི་རིགས་མང་པོ་བྱུང་ཡོད་དེ། བོན་གཞུང་དུ་ཀླུ་གཉན་ས་བདག་གསུམ། ནམ་མཁའ་དང་ས་གཞི་ཆུ་ལ་གནས་ལ། གཞན་ལ་མི་གནས་པ་ལྟ་བུ་ཡང་མ་ཡིན་ནོ། ཀླུ་ཆུ་བོ་དང་ཆུ་ཕྲན་དང་། རྒྱ་མཚོ་དང་ཆུ་མིག་དང་མཚེའུ་ལ་གནས་པ་ཡོད་དོ། ། ཀླུ་རྡོ་ལ་གནས་པ་ཡང་ཡོད་དོ། ཀླུ་བྲག་ལ་གནས་པ་ཡང་ཡོད་དོ། ཀླུ་རི་བོ་དང་རི་ཕྲན་ལ་གནས་པ་ཡང་ཡོད་དོ། ཀླུ་ས་གཞི་ལ་གནས་པ་ཡོད་དོ། ཀླུ་ཤིང་ལ་གནས་པ་ཡོད་དོ། ཀླུ་རྫིང་དང་ཡུར་བུ་ལ་གནས་པ་ཡོད་དོ། ཀླུ་ནམ་མཁའ་ལ་གནས་པ་ཡོད་དོ། དེ་ལྟར་སྐམ་ལ་གནས་པའི་ཀླུ་ཡོད་དོ། བསམ་གྱིས་མི་ཁྱབ་བོ་ཞེས་པ་ལྟར། ཀླུའི་ཐོག་མའི་གནས་ཡུལ་ནི་ཆུ་བོ་དང་རྒྱ་མཚོ། ཆུ་མིག་དང་མཆེའུ་ཡིན་པ་ལ་རྗེས་སོར་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ཀླུའི་གནས་ཡུལ་ནི་རི་བྲག་ནགས་གསུམ་དང་། རྫིང་བུ་དང་ཡུར་བ། ཐ་ན་ནམ་མཁའ་ལ་གནས་པའི་ཀླུའི་རིགས་ཡོད་པར་གསུངས། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མཛད་པར་གྲགས་པའི་《ཀླུ་བསངས་བླ་སེལ་ཆེན་མོ་》ལས། ཕ་རིའི་གཡས་ལ་གནས་པའི་ལྷ་ཀླུ་བསངས། ། ཚུར་རིའི་གཡོན་ལ་གནས་པའི་ཀླུ་རྣམས་བསངས། ། འབབ་པ་ཆུ་ལ་གནས་པའི་ལྷ་ཀླུ་བསངས། ། སྲ་བ་བྲག་ལ་གནས་པའི་ལྷ་ཀླུ་བསངས། ། གཡོ་བ་རླུང་ལ་གནས་པའི་ལྷ་ཀླུ་བསངས། ། བརྟན་པ་མཁར་ལ་གནས་པའི་ལྷ་ཀླུ་བསངས། ། རི་བོ་ཀུན་ལ་གནས་པའི་ལྷ་ཀླུ་བསངས། ། རྒྱ་མཚོ་ཀུན་ལ་གནས་པའི་ལྷ་ཀླུ་བསངས། ། ཡུལ་མཆོག་ཀུན་ལ་གནས་པའི་ལྷ་ཀླུ་བསངས། ། ཆུ་མིག་ཀུན་ལ་གནས་པའི་ལྷ་ཀླུ་བསངས་དང་། 《ཀླུའི་སྤང་སྐོང་》ལས་མི་མཇེད་འཇིག་རྟེན་འཛམ་གླིང་ན། རྒྱ་མཚོ་དང་ནི་ཆུ་བོ་དང་། ཆུ་ཕྲན་མཆེའུ་ལུ་མ་ལྟེང་ལྡེང་དང་། རི་རབ་རི་བྲན་ས་རྡོ་དང་། རླུང་དང་མེ་དང་ནམ་མཁའ་དང་། འབྱུང་བ་དེ་དག་ཀུན་ལ་གནས་པའི་ཀླུ་ཡི་ཚོགས་ཞེས་འཁོད་པ་ལ་གཞིགས་ན། ཀླུ་ཞེས་བྱ་བ་དེའང་སྤྱིར་ན་རྒྱ་མཚོ་དང་། མཚོ་མཚེའུ། གཙང་པོ་དང་ཆུ་མིག་སོགས་གཙོ་བོ་བརླན་ཞིང་གཤེར་བའི་ཆུའི་ནང་དུ་འཚོ་ཞིང་གནས་པའི་སེམས་ལྡན་ལ་གོ་བ་དང་། རྗེས་སུ་རིམ་བཞིན་གནས་ཡུལ་གྱི་ཁྱབ་ཁོངས་ཀྱང་སྔར་ལས་རྒྱ་ཇེ་ཆེར་སོང་སྟེ། གནས་ས་བར་སྣང་དང་བཅས་པ་ཐམས་ཅད་ལ་ཀླུ་ཁམས་ཁྱབ་པར་གྱུར་ཏོ།
        ལྷ་ཀླུ་གཉན་གསུམ་དང་འབྲེལ་བའི་བོད་ཀྱི་སྔ་རབས་ཡིག་ཚང་ཁག་ལ་མཇལ་ན། ཀླུའི་ཆ་བྱད་ལ་སྣ་ཚོགས་དང་རིགས་དབྱེ་ལའང་མཐའ་ཡས་པ་ཞིག་ཡོད་དེ། ཀླུ་རིགས་གྱུར་བ་ཐམས་ཅད་རྗེ། ། ཀླུ་ནི་མལ་གྲོ་གཟི་ཅན་ཡིན། ། མི་ཡི་ལུས་ལ་སྦྲུལ་མགོ་བདུན། ། སྐུ་མདོག་ནག་པོ་སྨད་སྦྲུལ་འཁྱིལ་ཞེས་མཚོམ་ཕམ་དུ་གནས་པའི་ཀླུ་རིགས་ཀུན་གྱི་རྗེ་བོ་མལ་གྲོ་གཟི་ཅན་ནི་མི་ལུས་སྦྲུལ་མགོ་བདུན་གྱིས་མཚོན་པ། སྐུ་མདོག་ནག་ཅིང་སྐུ་སྨད་སྦྲུལ་གྱི་རྣམ་རོལ་དུ་འཛིན་པ་ཞིག་ཡིན་པ་དང་། ཀླུའི་རྒྱལ་པོ་རི་དྭགས་ཀྱི་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་གཅན་གཟན་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་སེང་གེ་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་བ་ལང་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་བའི་མགོ་ཅན་ལ་ཕྱག་འཚལ་ལོ། ། ཀླུའི་རྒྱལ་པོ་ཉའི་མགོ་ཉན་ལ་ཕྱག་འཚལ་ལོ་ཞེས་འཁོད་པ་ལ་བརྟག་ན། ཀླུའི་ཆ་བྱད་དང་རིགས་ལའང་མི་ལུས་གཡག་མགོ་ཅན་དང་། མི་ལུས་སེང་མགོ་ཅན། མི་ལུས་བྱ་མགོ་ཅན། མི་ལུས་དོམ་མགོ་ཅན། མི་ལུས་གཟིག་མགོ་ཅན། མི་ལུས་ལུག་མགོ་ཅན། མི་ལུས་རྟ་མགོ་ཅན། མི་ལུས་ཉ་མགོ་ཅན་སོགས་རི་དྭགས་དང་གཅན་གཟན་གྱི་མགོ་ཅན་དུ་སྣང་བ་མང་ཞིང་། དེ་ལའང་དུས་དུས་སུ་ཆར་འབེབ་པ་དང་། དུས་དུས་སུ་འབྲས་བུ་སྨིན་པར་འགྱུར་བར་གྲོགས་བྱེད་པ་སོགས་ཕན་པའི་ཀླུ་དང་། ནད་དང་མུ་གེ་དང་། འཁྲུག་པ་དང་། ལོ་ཉེས་སོགས་མིའི་འཚོ་བར་གནོད་འཚེ་བསྐྱལ་ཡོང་བའི་གནོད་པའི་ཀླུ་དང་། ལེགས་ཉེས་དང་། དགེ་སྡིག་གང་ཡང་མི་བྱེད་པའི་ཕན་གནོད་མེད་པའི་ཀླུ་བཅས་དབྱེ་ཚུལ་ཡོད།
        འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་ལྷ་རབས་དང་། སའི་ཆགས་རིམ། མིའི་བྱུང་རབས་སོགས་ཕྱོགས་མང་པོ་ནས་བརྗོད་པའི་སྒྲུང་རབས་ཆེན་མོ་ཞིག་ཡིན་པར་མ་ཟད། བོད་ཀྱི་ཀླུའི་དད་མོས་ཀྱིས་མཚོན་པའི་རིག་གནས་ཀྱིས་དེའི་མགོ་མཇུག་བར་གསུམ་ཀུན་ནས་བཅིངས་ཡོད། གེ་སར་སྒྲུང་དུའང་ཀླུའི་གནས་ཡུལ་དང་རིགས་དབྱེ། ཆ་བྱད་སོགས་མཚོན་པར་བྱས་པའི་སྐོར་མང་པོ་ཡོད་དེ། ཀླུ་ཡུལ་སྲིད་པ་གཡུ་མཚོ་དེ་ན། ཀླུ་སྣ་ནད་པ་ཐམས་ཅད། གཡས་ཉལ་འཁུན་པ་དིར་དིར། གཡོན་ཉལ་སྐད་ངན་ཙིར་ཅིར། གདང་ཀ་རྒྱབ་ཉལ་སིག་སིག སྦྲུལ་མཇུག་འགྲེ་ལྡོག་ལིང་ལིང་བྱས་ཤིང་ཆོ་ངེ་དི་རེ་འདུག་ཅེས་མཚོ་རུ་གནས་པའི་ཀླུ་ཡི་རིགས་ལ་སྦྲུལ་གྱི་མཇུག་མ་ཡོད་པ་དང་། རྒྱ་མཚོ་ཕྱུག་མོ་མཁར་ནང་ནས། ། ཨ་ནུ་ཀླུ་ཆེན་ཐོད་དཀར་དེ། ། མི་ལུས་སྦྲུལ་གྱི་མཇུག་མ་ཅན། ། དབུ་ལ་འོད་འཕྲོ་ནོར་བུས་བརྒྱན། ། གཡས་པ་ཀླུ་འབུམ་པོ་ཏི་བསྣམས། ། གཡོན་ན་སྦྲུལ་ནག་ཞགས་པ་འཛིན། ། དེ་རིང་སྐྱེས་བུའི་གྲོགས་ལ་བྱོན་ཞེས་པ་ལྟར། ཀླུའི་གནས་ཡུལ་ནི་རྒྱ་མཚོ་དང་། མཚོ་མཚེའུ་སོགས་དང་། ཆ་བྱད་ལ་མི་ལུས་སྦྲུལ་གྱི་མཇུག་མ་ཅན་ཡིན་པ་གསལ་བརྗོད་གནང་ཡོད།
གསུམ། ཀླུའི་གསོལ་མཆོད་དང་འཛེམ་བྱ།
        ནམ་མཁའི་ནོར་བུའི་གསུང་ཚུལ་ལྟར་ན་སྟོན་པ་གཤེན་རབས་བྱོན་ནས་ད་བར་ལོ་ངོ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་སོང་ཡོད་པ་དང་། བོན་གཞུང་ཀླུ་འབུམ་དཀར་པོ་དང་། ཀླུ་འབུམ་ནག་པོ། ཀླུ་འབུམ་ཁྲ་བོ་སྟེ་ཡོངས་གྲགས་སུ་ཀླུ་འབུམ་དཀར་ནག་ཁྲ་གསུམ་ནི་སྟོན་པ་གཤེན་རབ་ཀྱིས་མཛད་པ་ཡིན་སྐད། བོན་གྱི་དཔེ་རྙིང་དེའི་ནང་དུ་ཀླུའི་གསོལ་མཆོད་དང་འཛེམ་བྱའི་སྐོར་ཤིན་ཏུ་མང་པོ་འཁོད་པ་ལ་གཞིགས་ན། བོད་ལ་ཆེས་སྔ་མོའི་དུས་ནས་ལྷ་གསོལ་ཀླུ་མཆོད་ཀྱི་ཆོ་ག་དེ་དར་ཆེ་བར་སྣང་།
        ཀླུའི་གསོལ་མཆོད་ལ་ཡང་དཀར་མཆོད་ཀྱི་རིགས་ལས་དམར་མཆོད་ལྡན་པ་ད་བར་དུ་ཕྲན་གྱི་འདྲེན་བྱེད་མིག་གི་སྐལ་བར་གྱུར་བའི་ཡིག་ཚང་ལས་མ་མཐོང་བ་དང་། སྤྱིར་མ་མཐོང་ཕྱིར་ན་མེད་པ་མིན་ཡང་། སྐབས་བབས་སུ་བོང་རང་གི་ཡིག་ཚང་དང་ཆོ་ག་ཕྱག་ལེན་ལ་ཇི་ལྟར་གྲགས་ཤིང་ཡོད་པ་བཞིན་ལས་འཆད་ཐབས་མེད།
        དེ་ཡང་བོད་མིས་ནམ་རྒྱུན་ཀླུ་ལ་དཀར་མཆོད་ཇི་ལྟར་བྱ་ཚུལ་མདོ་ཙམ་དྲངས་ན། 《ལོ་ཏོག་ལ་ཕན་པའི་གདམས་ངག་བདུད་རྩིའི་སྙིང་པོ་》ལས། “འབྱུང་ཁམས་ཆུ་ནང་འཕྲད་སོགས་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ནམ་ལངས་ཀླུ་གནས་ངེས་པའི་མཚོའམ་ཆུ་མིག་ཏུ་ཕྱིན་ལ་ཁྲུས་དང་གཙང་སྦྲ་ཤིན་ཏུ་ཚེ་བར་བྱ། དེ་ནས་ཆར་འབེབས་པའི་སེམས་བསྐྱེད་བཟང་པོས་དངུལ་ལམ་རྫའི་བུམ་པ་གཙང་མར་ཀླུ་སྨན་དང་འོ་ཆབ་ཀྱིས་བཀང་བ་ཀླུ་ཤིང་གིས་ཁ་བརྒྱན་པའི་མདུན་དུ་མཆོད་གཏོར་བཤམས་”ཞེས་པ་ལྟར། གཟའ་སྐར་འཕྲོད་སྦྱོར་ལེགས་པ་སྟེ་ཀླུ་ཐེབས་ཡོད་མེད་ལ་བལྟས་ནས་ཀླུ་ཐེབས་ཡོད་པའི་ཉིན་དེ་ལ་ཀླུ་གནས་སའི་ཆུ་མིག་གམ་མཚོ་མཚེའུ་སོགས་ཀྱི་འགྲམ་དུ་སོང་ནས་གཙང་མའི་སྒོ་ནས་ཆུ་ལ་ཀླུ་སྨན་ནམ་འོ་ཆུ་གཏོར་ཏེ་ཀླུ་རྣམས་དགྱེས་པའི་ཆོ་ག་སྤེལ་བ་དང་། ཡང་ན་ཐོག་མར་ཀླུ་སྨན་སྣ་ཚོགས། དུག་རིགས་མ་ཡིན་པའི་ཤིང་སྣ་དུ་མ། དཀར་གསུམ་མངར་གསུམ་སོགས་བསང་དང་གཏོར་མའི་རྫས་གཙང་ཞིང་གྱ་ནོམ་པ་ཤ་ཁྲག་དང་གླ་རྩི་སོགས་ཀྱི་དྲི་མས་མ་གོས་པ་ལེགས་པར་བཤམས་ནས་དུས་སུ་ཆར་འབེབས་པ་དང་། ལོ་ཏོག་འབྲས་བུ་སྨིན་པ། ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པ། རྒྱུ་འབྱོར་ལོངས་སྤྱོད་མངའ་ཐང་དར་བའི་འཕྲིན་བཅོལ་གནང་སྲོལ་ཡོད།
        གེ་སར་སྒྲུང་དུ་ཡང་ཀླུའི་གསོལ་མཆོད་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། སློབ་དཔོན་པད་མ་འབྱུང་གནས་ཁོང་ཀླུ་ཡུལ་ལ་གདན་དྲངས་ནས། མནོལ་བསང་གཏོང་དུས་ལྷ་འདྲེ་མགུ་བའི་ཡས་དང་། གདོན་ཆེན་བརྫང་བའི་གཏོ་ལ་བདུད་རྩིའི་ཤིང་སྣ་ཅི་སྲིད། གཙང་བའི་ཆུ་སྣ་ཅི་སྲིད། གསོ་བའི་སྨན་སྣ་ཅི་སྲིད། སེར་པོ་གསེར། ཁམ་པ་དངུལ། དམར་པོ་ཟངས། སྔོན་པོ་གཡུ། དྭངས་མའི་ཤེལ་ཏེ། རིན་ཆེན་སྣ་ལྔའི་བུམ་པ་ཀུ་ཤའི་རྒྱན་ཅན། རྩལ་ཆེན་སེང་། འདོད་འཇོའི་བ། ཟ་ལེ་འབྲི། ཤེལ་སྒོང་ལུག ཚེ་ཚེའི་ར་རྣམས་ཀྱི་འོ་མ། ལྷ་གཞི་དཀར་པོ་དྲི་མེད། ལྷ་དུང་དཀར་པོ་གཡས་འཁྱིལ། ལྷ་ཤོས་དཀར་པོ་འདབ་རྒྱས། ལྷ་མདའ་དཀར་པོ་ཚིག་གསུམ་སོགས་བསང་རྫས་བསྡུས་ཤིང་། རྫས་རྣམས་ལ་གཟུངས་སྔགས་ཀྱིས་བྱིན་གྱིས་བརླབས་ནས། རིན་ཆེན་སྣ་ལྔའི་བུམ་པའི་ནང་། སྲོག་ཆགས་ལྔ་ཡི་འོ་མས་བཀང་། རྩི་སྨན་གྱི་ཁ་ཚར་བཏབ། བཟའ་ཤིང་གི་དུ་བ་བཏང་། ཆུ་སྣ་ལྔའི་བསང་ཆུ་དེ་ཀུ་ཤའི་འཐོར་གཡབ་ཀྱི་གཏོར་ནས་མནོལ་གྲིབ་བསངས། སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། གསེར་བུམ་སེང་གེའི་འོ་མས་བཀང་། རྣམ་པ་རིན་ཆེན་མཉམ་ཉིད་ཆུས། རྗེའུ་རིགས་ང་རྒྱལ་མནོལ་གྲིབ་བཀྲུ དངུལ་བུམ་འདོད་འཇོ་འོ་མས་བཀང་། རྣམ་པ་མི་སྐྱོད་སྟོང་ཉིད་ཆུས། རྒྱལ་རིགས་ཞེ་སྡང་མནོལ་གྲིབ་བཀྲུ རིགས་ལྔའི་ངོ་བོ་ཡེ་ཤེས་ཆུས། ཀླུ་རིགས་ལྔ་ཡི་དུག་ལྔ་བཀྲུ མི་གཙང་དྲི་མ་དག་གྱུར་ཅིག སུར་དཀར་དུང་གི་མེ་ཏོག་ཅན། མཁན་པ་གསེར་གྱི་ཐི་གུ་ཅན། འོམ་བུ་ཟངས་ཀྱི་འཛེར་རུ་ཅན། ཤུག་པ་གཡུ་ཡི་ལོ་མ་ཅན། ཉ་སྦྲིད་བྱུ་རུའི་ལན་ཚར་ཅན། ཤིང་སྣ་ལྔ་ཡི་དུད་པ་ཡིས། ཀླུ་རིགས་ལྔ་ཡི་ཉམས་གྲིབ་བསངས། ལྟ་བུས་མཚོན་ནོ། །
        ཀླུའི་འཛེམ་བྱའི་སྐོར་ལ་བོན་གཞུང་དུ་སྔོན་གྱི་བྱུང་བ་དང་སྦྱར་ནས་གླེང་ཡོད། སྔོན་སྲིད་པ་རྒྱལ་བུ་ཐིང་གེ་ཡིས་ཡུལ་བཟུངས་ས་བཅད་དང་། ཕྱྭ་ཡེ་མཁྱེན་གྱིས་རྒྱལ་པོ་མཛད་པའི་དུས་སུ། ས་བརྐོ་རྡོ་སློག་དང་། ཤིང་བཅད་ཆུ་རྙོག་གི་ལས་བརྩམས་པས། ས་བདག་ཀླུ་གཉན་དང་འགྲས་པ་ཡོད་ཚུལ་བསྟན་ཡོད་དེ། སྔོན་སྲིད་པ་རྒྱལ་བུ་ཐིང་གིས་ཡུལ་བཟུང་ས་བཅད།  ཕྱྭ་ཡེ་མཁྱེན་རྒྱལ་པོས་སྐོས་བཏབ་པའི་དུས་སུ་འགྲས་པ་དང་འཁོན་པ་ནི། ས་ལ་མེ་བཙའ་ཞེས་བྱ་སྟེ། སའི་སྙིང་ལ་མཆོད་རྟེན་དང་། གསར་མཁར་དང་གནན་པ་བྱས་པས་ས་བདག་ཀླུ་གཉན་དང་འགྲས་པ་ཡོད་དོ། ། སའི་སྟེང་ཁ་ནས་ས་བྲུས་ནས་ཆུ་བཏོན་པས་འགྲས་པ་ཡོད་དོ། ། ས་ལ་རྫིང་དུ་བསྐྱིལ་ཡུར་དུ་དྲངས་པས་འགྲས་པ་ཡོད་དོ། ། ས་བསངས་པ་དང་ས་ལ་སྐར་ཁུང་སྟོད་པ་དང་། ས་བཞར་བ་དང་ས་ཁོལ་དུ་ཕྱུང་བས་འགྲས་པ་ཡོད་དོ། ། ཀླུའི་ཕོ་བྲང་གཉན་པོ་ལ་དུར་བཏབ་པ་ནི་སའི་རོ་ཞེས་བྱ་སྟེ། དུར་མཆད་སློག་པས་འགྲས་པ་ཡོད་དོ། ཆབ་མིག་གཉན་པོ་ལ་མི་གཙང་བའི་སྐྱོགས་ཀྱིས་བཅུས་པས་འགྲས་པ་ཡོད་དོ། ། ཀླུའི་ཐོག་ཏུ་དུར་བཏབ་པས་འགྲས་པ་ཡོད་དོ། ཀླུའི་ཐོག་ཏུ་སྟེགས་བུ་བརྩེགས་པ་དང་། རོ་བསྲེགས་པས་འགྲས་པ་ཡོད་དོ། ཡུངས་དཀར་གྱི་མདའ་དང་། ཁྲག་གི་ཟོར་ཐུན་འཕངས་པས་འགྲས་པ་ཡོད་དོ། ། ཐབ་གཞོབ་ནལ་གསུམ་བྱས་པས་འགྲས་པ་ཡོད་དོ། ། ཀླུ་གཉན་ས་བདག་སྡེ་རིགས་དང་འགྲས་པ་ཡོད་དོ་ཞེས་གསུངས་པ་ལྟར། ས་བྲུས་ནས་ཆུ་བཏོན་པ་དང་། ས་ལ་ཁུང་བུ་བརྐོ་བ་དང་། དུར་མཆད་སློག་པ། ཆུ་གཙང་མ་བསླད་ཞུགས་པ་དང་། ཐབས་གཞོབ་ནལ་གསུམ་སོགས་བྱས་ན་ཀླུ་ལ་གནོད་པས་འཇེམ་པ་དང་། གཞན་ཤིང་གཉན་བཅད་པ་དང་། ནགས་གཉན་འཕྲུས་པ་དང་། རྡོ་གཉན་སློག་པ་དང་། བྲག་གཉན་ཧྲལ་བ་དང་། གོར་མ་ཕ་བོང་ལ་མེ་དང་བཙོགས་བརྒྱབ་པ་དང་། རི་གཉན་ལ་ཁུས་བཏབ་པ་དང་། མཚོ་གཉན་ལ་དུག་བཏབ་པ་དང་། ཀླུ་ཤིང་བྲ་མ་བྲེགས་པ་དང་། ཀླུ་བྱང་ངང་པ་རྙི་ལ་བཟུང་བ་དང་། སྦལ་ཅོང་མང་པོ་སྐམ་ལ་བཏོན་པ་དང་། སྡིག་པའི་རྭ་ཕོག་པ་དང་། སྦྲུལ་གྱི་སྐེད་པ་བཅད་པ་དང་། ཉའི་ལྟོབ་བྲུས་པ་དང་། སྦལ་བའི་ཡན་ལག་བྲེགས་པ་དང་། ཀླུའི་ཕོ་བྲང་བཤིག་པ་དང་། གཤོང་མོ་རྫིང་དུ་བསྐྱིལ་བ་དང་། ཆུ་མིག་གཉན་པོ་བསུབས་པ་དང་། ཀླུ་ལ་གནོད་འགལ་ཅི་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ་ཞེས་གསུངས་པ་ལས་ངེས་ཤེས་རྙེད་ཐུབ་པ་དང་། ནམ་རྒྱུན་གྱི་བོད་མིའི་འཚོ་བའི་ཁྲོད་དུ་ཡང་བོད་མིས་ཁང་པ་བཟོ་སྐབས་ཐོག་མར་ས་དཔྱད་བྱས་རྗེས་ཁང་ས་ལེགས་པོ་ཞིག་འདེམས་པ་དང་། དེ་ནས་ས་དེར་བདག་དབང་གནང་བཞིན་པའི་ལྷ་ཀླུ་གཉན་རིགས་སོགས་ལ་བསང་གཏོང་སྐྱེམས་མཆོད་ཀྱིས་ས་སློང་བའི་ཆོ་ག་སྤེལ་བ་ཡིན། བོད་ཀྱི་གེ་སར་སྒྲུང་དུ་ཡང་ཀླུའི་འཛེམ་བྱའི་རིག་གནས་མང་པོ་ཞིག་ཡོད་དེ། 《ལྷ་གླིང་གབ་ཙེ་དགུ་སྐོར་》ལས་ཕྱོགས་བཞིའི་དགྲ་ཆེན་བཞིས་གྲགས་པའི་མཚོ་ཆེན་ནང་དུ་དུག་རྫས་ཤ་རུས་མང་པོ་བཏབ་ནས་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། ཀླུ་ཡི་མགོན་དཀར་པོས་གཙོས་ཀླུ་རྣམས་ལ་ནད་སྡུག་པོ་ཕོག་ཅེས་ཀླུ་གནས་སའི་རྒྱ་མཚོའམ་ཆུ་ནང་དུ་ཤ་ཁྲག་གི་རིགས་བཏབ་ན་ཀླུ་ལ་ནད་ཕོག་ནས་ས་ཡི་བཅུད་དང་། མི་ཡི་གཡང་ཉམས་འགྲོ་བས་གཙང་མའི་རྫས་ཀྱིས་མཆོད་དགོས་པ་དེ་གསལ།
བཞི། ཀླུའི་དད་མོས་བྱུང་འཕེལ་སྐོར་གྱི་མཐའ་དཔྱོད།
        བོད་ཀྱི་སྔ་རབས་ཡིག་ཚང་ཁག་ལ་མཇལ་ན། བོད་མིའི་ཀླུའི་དད་མོས་ཀྱི་འདུ་ཤེས་དེ་བྱུང་སྔ་ཞིང་ལོ་རྒྱུས་ཀྱི་རྒྱུན་ཡང་རིང་པོ་ཞིག་འདུག
        ཡ་ཐོག་སྲིད་པའི་བོན་ལུགས་སུ། འཇིག་རྟེན་འདི་ལ་ས་འོག་ས་སྟེང་ས་བླ་གསུམ་དུ་དབྱེ་ནས་ཁམས་གསུམ་དུ་བཏགས་ཤིང་། ས་འོག་ནི་ཀླུའི་གནས་ཡུལ་ཡིན་པར་བསྟན།
        དེ་ཡང་བོད་ཀྱི་དཔེ་རྙིང་ཁག་ལས་བསྟན་པ་ལྟར། ཀླུ་བྱ་བ་ནི་མཚོ་མཚེའུ་དང་། གཙང་པོ། ཆུ་མགོ་སོགས་གཙོ་བོ་ཆུའི་ནང་དུ་གནས་པ་དང་། ཆེས་ཐོག་མའི་དུས་ཀྱི་ཀླུའི་ཆ་བྱད་མང་ཆེ་བ་ནི་སྦྲུལ་དང་། སྦལ་ལྕོང་། སྡིག་སྲིན། ཉ་སོགས་ཡིན་པ་དང་། རྗེས་སུ་ཀླུའི་ཆ་བྱད་ལའང་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། མི་ལུས་གཡག་མགོ་ཅན་དང་། མི་ལུས་སེང་མགོ་ཅན། མི་ལུས་བ་མགོ་ཅན། མི་ལུས་དོམ་མགོ་ཅན། མི་ལུས་གཟིག་མགོ་ཅན། མི་ལུས་ལུག་མགོ་ཅན། མི་ལུས་རྟ་མགོ་ཅན་སོགས་རི་དྭགས་དང་གཅན་གཟན་གྱི་མགོ་ཅན་དུ་སྣང་བའི་ཀླུ་རིགས་མང་ཞིང་། སྦྲུལ་དང་ཉའི་རྔ་མ་ཡོད་པ་ནི་དེ་དག་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད་པ་དེ་ཡིན། དེ་ལས་ང་ཚོས་ཤེས་རྟོགས་བྱུང་བ་ནི་བོད་མིའི་ཀླུའི་དད་མོས་ཀྱི་འདུ་ཤེས་དེ་ཐོག་མར་སྦྲུལ་ལམ་ཉ་ཡི་རིགས་ལ་སོགས་པ་རྒྱ་མཚོའམ། ཡང་ན་གཙང་པོའི་ནང་གི་སྲོག་ཆགས་ཀྱི་རིགས་སྟེང་ནས་བྱུང་བ་དང་། རྗེས་སུ་རིམ་བཞིན་འགྱུར་ལྡོག་བྱུང་སྟེ་སྐམ་སའི་གཅན་གཟན་རི་དྭགས་དང་ནམ་མཁའི་བྱ་རིགས་ཀྱི་སྟེང་དུ་འཕོ་འགྱུར་བྱུང་། ཀླུའི་ཆ་བྱད་ལའང་མི་ལུས་གཡག་མགོ་ཅན་དང་། མི་ལུས་སེང་མགོ་ཅན། མི་ལུས་བྱ་མགོ་ཅན། མི་ལུས་དོམ་མགོ་ཅན། མི་ལུས་གཟིག་མགོ་ཅན། མི་ལུས་ལུག་མགོ་ཅན། མི་ལུས་རྟ་མགོ་ཅན་སོགས་རི་དྭགས་དང་གཅན་གཟན་གྱི་མགོ་ཅན་མང་དུ་སྣང་བས་ཤེས་ནུས།
        བོད་ཀྱི་སྒྲུང་རབས་ཆེན་མོ་གེ་སར་སྒྲུང་ལ་མཚོན་ནས་བཤད་ན་ཡང་། སྟེང་ལྷ་དང་། བར་གཉན། འོག་ཀླུ་ཡི་གནས་ཡུལ་དུ་ངོས་འཛིན་བྱས་ཏེ། ཀླུའི་དད་མོས་ཀྱི་རིག་གནས་དེ་ཕྱོགས་མང་པོ་ནས་མཚོན་ཡོད་ཅིང་། ཀླུ་ཡི་གདོད་མའི་རང་གཟུགས་ལ་འགྱུར་ལྡོག་བྱུང་སྟེ། སྣང་སྲིད་ཀྱི་ལྷའི་རྣམ་རོལ་ཏུ་འཕོ་འགྱུར་ཕྱིན་ན་ཡང་། སྒྲུང་དཔེ་རེ་རེ་ལས་ཀླུའི་གདོད་མའི་རང་གཟུགས་ཀྱི་ཆ་དེ་སྤྲིན་གསེབ་ཀྱི་ཟླ་བ་བཞིན་མཐོང་ཐུབ་སྟེ། རྒྱ་མཚོ་ལ་གནས་པའི་ཀླུ་ཆེན་ཐོད་དཀར་ནི་མི་ལུས་སྦྲུལ་གྱི་མཇུག་མ་ཅན། དབུ་ལ་འོད་འཕྲོ་ནོར་བུས་བརྒྱན་པ། གཡས་པ་ཀླུ་འབུམ་པོ་ཏི་བསྣམས་ཤིང་། གཡོན་སྦྲུལ་ནག་ཞགས་པ་འཛིན་པ་དང་། མ་དྲོས་ཀླུ་ཡི་ཕོ་བྲང་ནས། ། ནུ་བོ་ཀླུ་སྤྲུལ་འོད་ཆུང་མཁྱེན། ། སྐུ་ལ་གཡུ་ཁྲབ་སྔོན་པོ་གསོལ། ། ཕྱག་ལ་མདུང་དར་སྔོན་པོ་བསྣམས། ། ཆིབས་སུ་ཀླུ་རྟ་སྔོན་པོ་བཅིབས། ། ཀླུ་དམག་བྱེ་བ་འབུམ་གྱིས་བསྐོར་ཞེས་འཁོད་པ་ལ་གཞིགས་ན། མ་འགོག་བཟའ་ལ་འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཁྲུངས་སྐབས་བུ་སྐལ་གསུམ་པ་ནི་མི་ལུས་སྦྲུལ་གྱི་མགོ་བོ་ཅན་ནུ་བོ་ཀླུ་སྦྲུལ་འོད་ཆུང་ཡིན་པ་དང་། དེའི་ཆ་བྱད་ཀྱང་མི་ལུས་སྦྲུལ་མགོ་ཅན་ཞིག་ཡིན།
        གནའ་བོའི་བོད་མིའི་འདུ་ཤེས་སུ་གཙང་པོ་དང་། མཚོ་མཚེའུ། ཆུ་མགོ་སོགས་ཀྱི་ནང་དུ་གནས་པའི་སྦྲུལ་དང་། སྦལ་ལྕོང་། སྡིག་སྲིན་དང་། ཉ་སོགས་ནི་ཀླུའི་རིགས་ཡིན་པར་ངོས་བཟུང་ནས་སྲོག་མི་ལེན་པ་དང་། བཟའ་བར་འཛེམ་པ་དང་། རྐང་ལག་དང་གྱོན་པ་སོགས་མི་བཀྲུ་བ་དང་། མི་གཙང་བའི་དངོས་པོ་མི་འཕེན་པ། ཤ་ཁྲག་སོགས་མི་བཤལ་བ་ཡིན། གལ་སྲིད་དེ་ལྟར་བྱས་ནས་ཀླུའི་རིགས་ལ་གནོད་འཚེ་བཏང་ན་རང་ཉིད་ཀྱི་ལུས་རྟེན་ལ་ཡང་ནད་ཕོག་ནས་མཛེ་ནད་བྱུང་བ་དང་། རྐང་ལག་ཞ་བ་སོགས་ཚེ་སྲོག་ལ་བར་ཆད་འབྱུང་བར་བཤད་པས། ཀླུ་དགྱེས་པར་བྱེད་ཆེད་ཀླུ་བསང་དང་། ཀླུ་གཏོར། ཀླུ་གཏེར་སོགས་འབུལ་བའི་སྲོལ་མང་ཞིང་། དེ་ལྟར་བྱས་ན། ཡུལ་ཁམས་བདེ་ཞིང་མི་ཕྱུགས་དར་བ་དང་། ཆར་ཆུ་དུས་ལྟར་འབབ་ཅིང་ལོ་ཕྱུགས་ཡག་པ། འབྱུང་བ་སྙོམས་ཤིང་ནད་ཡམས་ཉུང་བ་སོགས་སྐྱེ་རྒུ་ཡོངས་ལ་བདེ་སྐྱིད་འབྱུང་བར་འདོད། གེ་སར་སྒྲུང་དུ་ཡང་། ཕྱོགས་བཞིའི་དགྲ་ཆེན་བཞིས་མཚོ་ཆེན་ནང་དུ་དུག་རྫས་ཤ་རུས་མང་པོ་བཏབ་ནས་ཀླུ་རྒྱལ་གཙུག་ན་རིན་ཆེན་དང་། ཀླུ་ཡི་མགོན་དཀར་པོས་གཙོས་ཀླུ་རྣམས་ལ་ནད་སྡུག་པོ་ཕོག་ཅིང་འབྱུང་བ་ཉམས་ཚུལ་དང་། ཀླུ་ཡི་རིགས་ལ་གནོད་པ་བྱས་ན་མཛེ་ནད་སོགས་ནད་རིགས་ཡོང་བ་དང་། ཀླུའི་གནོད་པ་སེལ་བའི་ཆེད་དཀར་གསུམ་མངར་གསུམ་གྱིས་ཀླུའི་རིགས་ལ་མཆོད་བཀུར་བྱེད་པའི་གོམས་སྲོལ་བཀོད།
        བོད་ཀྱི་ཀླུའི་དད་མོས་དང་དེའི་འཕེལ་རིམ་སྐོར་ལ་དཔྱད་པ་ན། གནའ་བོའི་བོད་མི་དང་ཀླུའི་བར་ན་གདོད་མ་ནས་འབྲེལ་བ་ཁྱད་པར་ཅན་ཆགས་ཡོད། གུ་རུ་ཨོ་རྒྱན་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་བཏོན་པའི་བཀའ་ཐང་སྡེ་ལྔ་ལས་བོད་ཀྱི་མི་རྣམས་འབྱུང་ཁུངས་བསྟན་པ་ནི། བོད་ལུགས་ཀླུ་ལས་འཆད་པར་འདོད་པ་ཡོད་ཅེས་པ་དང་། བོན་གཞུང་སྲིད་པའི་མཛོད་ཕུག་ལས་ཀྱང་ནང་བཅུད་སེམས་ཅན་གྱི་གྲོལ་ཚུལ་བསྟན་སྐབས། འབྱུང་བ་རྒྱུ་ལྔ་ལས་ཟིལ་དང་ཆར་པ་བསྐལ་བ་མང་པོར་བྱུང་བ་ལས་ཕྱིའི་རྒྱ་མཚོ་འཁྱིལ་བ་དང་། གཡུ་མཚོ་དེ་ལ་རླུང་གིས་ཡང་ཡང་བསྐྱོད་པ་ལས་འོད་སྒོང་སྔོན་པོ་ཞིག་བྱུང་ཞིང་དེ་ལས་ཆུ་ལྕམ་རྒྱལ་མོ་འཁྲུངས་པ་དང་། དེའི་རྗེས་ཡེ་སྨོན་རྒྱལ་པོ་དང་ཆུ་ལྕམ་རྒྱལ་མོ་གཉིས་རྫུ་འཕྲུལ་ཐབས་ཀྱིས་བཤོས་པ་ལས་སྲིད་པ་ལྕམ་དྲལ་བཅོ་བརྒྱད་སོགས་རིམ་གྱིས་གནམ་ལ་ལྷ་གར་རྟེན་གསུམ་དང་། བར་དུ་མི་སྨྲ་གཤེན་གསུམ། ས་ལ་འདྲེ་སྲིན་བྱུར་གསུམ་བཅས་སྣང་སྲིད་འཁོར་འདས་ཀྱི་ཡོད་ཚད་གྲོལ་བར་གསུངས་ཡོད་པ་སོགས་ལ་བརྟགས་ན། གནའ་དུས་ནས་བཟུང་བོད་མིས་འགྲོ་བ་མིའི་འབྱུང་ཁུངས་ནི་མཚོ་སྐྱེས་སྲོག་ཆགས་ལ་འབྲེལ་བ་ཟབ་མོ་ཞིག་ཡོད་པར་བསྟན། ད་ལྟའི་ཚན་རིག་པ་རྣམས་ཀྱིས་ཀྱང་མི་དང་ཆུའི་བར་ལ་ཡུན་རིང་ཞིང་འཇུག་གནང་མཐར། གདོད་མའི་ཚེ་སྲོག་ནི་རྒྱ་མཚོའི་ནང་ནས་རྒྱུད་འཕེལ་བྱུང་བ་ཞིག་རེད་ཅེས་མིའི་རིགས་ཀྱི་འབྱུང་ཁུངས་ནི་མཚོ་སྐྱེས་སྲོག་ཆགས་དང་འབྲེལ་བའི་ལྟ་བ་བཏོན་ཡོད།
        ཀླུ་ཞེས་པ་བོད་ཀྱི་ཡིག་ཚང་ཁག་ལས་བསྟན་པ་ལྟར། མཚོ་དང་། མཚེའུ། གཙང་པོ་སོགས་སུ་གནས་པའི་ལུས་སྨད་སྦྲུལ་ལམ་ཉའི་རྔ་མ་ཡོད་པ་དང་། ལུས་སྟོད་མིའི་རྣམ་པ་ཅན་གྱི་དུད་འགྲོ་ནུས་མཐུ་ཅན་ཞིག་ཡིན་པར་གྲགས། དང་ཐོག་བོད་ཡུལ་འདི་ཡང་སྔོ་ལྡེམ་མེར་འཁྱིལ་བའི་མཐའ་ཡས་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་མ་ཟད། དེའི་ནང་དུ་གྲངས་ལས་འདས་པའི་མཚོ་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་གནས་ཡོད། རྗེས་སུ་རིམ་བཞིན་ཆུ་བྲི་ནས་ས་ལ་ཐིམ་པ་ལས་བོད་ཡུལ་གྱི་རྣམ་པ་གསལ་བར་དོད་པ་དང་། མཚོ་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་སྐམ་སར་ལུས་ནས་འཚོ་གནས་བྱེད་ཐུབ་པར་གྱུར་བ་དང་། སྐམ་སའི་ཐོག་ཏུ་རིམ་བཞིན་སྲོག་ཆགས་ཀྱང་གྲུབ་པ་རེད། དེར་བརྟེན། འཇིག་རྟེན་གྱི་ལྐོག་འགྱུར་ཡུལ་ལ་དཔྱོད་པའི་ཤེས་པ་ཞན་པའི་གདོད་མའི་མིས། མཚོ་མཚེའུ་དང་ཆུ་སོགས་སུ་གནས་པའི་སེམས་ཅན་སྦྲུལ་དང་། སྦལ་ལྕོང་། སྡིག་སྲིན། ཉ་སོགས་ཀྱི་བར་དུ་ཁྲག་རྒྱུན་གྱི་ཉེ་ཚན་ཞིག་ཡོད་པར་བསམ་པའི་འཁྲུལ་སྣང་གི་བློ་སྐྱེས་ཏེ། དེ་དག་ནི་རང་ཉིད་ཀྱི་མེས་པོའམ་ཉེ་ཚན་ཡིན་བསམ་པའི་འདུ་ཤེས་དེ་བྱུང་།
        རུས་བླའི་ངོས་ནས་བཤད་ན། གདོད་མའི་མིའི་མིང་ནི་རང་གི་རུས་བླ་ལས་ཐོགས་པ་དང་། རུས་བླ་དེའང་རུས་དང་། མེས་པོ། སྲུང་མ་བཅས་ཀྱི་ཆ་ནས་མངོན་པ་ཞིག་རེད། དཔེར་ན། སྔོན་བོད་འདིར་རུས་ཆེན་སོ་སོའི་བླ་ཟོག་ལ་ལྡོང་གི་ཤྭ་བ་དང་། འབྲིའི་གཡག སྦྲའི་རྐྱང་། སྒའི་ལུག སྒོ་ཡི་བླ་ཟོག་ར་ཡིན་པར་བཞེད་སྲོལ་ཡོད་པ་དང་། བོན་ལུགས་ལྟར་ན་ཞང་བོད་ཀྱི་མི་རྒྱུད་འགའ་ཞིག་གི་མཆེད་ཁུངས་སམ་མེས་པོ་ནི་ཁྱུང་ཡིན་པར་འགྲེལ་ཏེ་ཡུལ་ལའང་ཁྱུང་ཞེས་འབོད་པ་དང་། ཡུལ་མིང་དང་སྡེ་མིང་། ཚོ་མིང། རུས་མིང་། མཁར་མིང་བཅས་ལ་ཁྱུང་མཚན་གྱིས་སྤྲས་ཡོད་པ་དང་། གེ་སར་སྒྲུང་དུ་སྟག་རོང་བླ་གནས་སྟག་ཡིན་པས་སྟག་རོང་ཟེར་བ་དང་། ཕྱི་རྒྱལ་གྱི་ཨོ་སི་ཐི་ལི་ཡའི་མཚོ་རྒྱུད་དུ་གནས་པའི་ས་དེ་གའི་གནའ་མིས་ཀྱང་བྱ་དང་ཉ་སོགས་རུས་བླར་བཀུར་ཏེ། རུས་དང་ཚོ་པའི་མིང་ལ་བྱ་དང་ཉ་སོགས་བཏགས་ཡོད་པ་སོགས་ལ་དཔྱད་ན། བོད་ཀྱི་ལོ་རྒྱུས་ཡིག་ཆ་དང་ཆོ་གའི་སྐོར་སོགས་སུ་མངོན་པའི་གནས་ཡུལ་རྒྱ་མཚོ་དང་ཆུ་ཀླུང་ཡིན། གཟུགས་ཀྱི་ལུས་སྨད་སྦྲུལ་དང་ལུས་སྟོད་མིའི་རྣམ་པ་ཅན་ཞིག་ཡིན་པར་བཤད་པའི་ཀླུ་ཞེས་པའང་གདོད་མའི་སྤྱི་ཆོགས་ཀྱི་སྐབས་དེར་གཙོ་བོ་མཚོ་མཚེའུ་དང་། གཙང་པོའི་འགྲམ་རྒྱུད་དུ་འཚོ་བ་རོལ་ཏེ་སྦྲུལ་དང་ཉ་སོགས་རང་ཉིད་ཀྱི་རུས་བླར་འཛིན་པའི་གནའ་མིའམ་ཚོ་པ་དེ་དག་ལ་ཀླུ་ཞེས་མིང་གིས་ཐོགས་པ་ཡིན་པར་སྙམ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1