༄༅། །འབྲུག་མོ་དང་འབྲེལ་བའི་གཏམ་རྒྱུད་ཅིག

སྐལ་བསྟན། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གླིང་གེ་སར་རིག་གནས་དྲ་ཚིགས། སྤེལ་དུས། 11-25


               དེ་ཡང་དངུལ་ཟླ་ཟལ་མོའི་སྒང་རྒྱུད་ཟལ་མོ་རི་ཡི་གཡས་ཕྱོགས་ཞེ་དམར་ཞེས་པའི་འབྲོག་སྡེ་འཁོར་ཡུག་ཧ་ཅང་གཙང་ཞིང་ཉམས་དགའ་བའི་ཡུལ་ལུང་ཞིག་ཡོད།དེ་ན་མི་རབས་ནས་མི་རབས་ལ་བརྒྱུད་པའི་ས་མིང་དང་།ངག་རྒྱུན་གྱི་གཏམ་རྒྱུད་ངོ་མཚར་ཅན་དུ་མ་ཡོད་དེ། འབྲུག་མོའི་རྟ་རྒྱུག་པའི་ཤུལ་དང་།འབྲུག་མོའི་སྐུ་གདུང་བཞུས་ས། འབྲུག་མོ་ཐང་།ཞེས་པ་སོགས་འབྲུག་མོ་དང་འབྲེལ་བའི་ས་མིང་མང་པོ་ཞིག་ད་ལྟ་འང་རྒན་རབས་དང་གཞོན་པ་ཀུན་ཀྱིས་ངག་ནས་བརྗོད་བཞིན་འདུག། རྒན་རབས་དག་ལ་ས་མིང་དེ་ལྟར་ཐོགས་དོན་དྲིས་པས་ཁོང་ཚོས་། ཁྲ་མོ་གླིང་ནས་གེ་སར་ནོར་བུ་དགྲ་འདུལ་གཙོས་པའི་གླིང་གི་སྐུ་འཁོར་རྣམས་རེ་ཞིག་འགྲོ་བའི་དོན་རྫོགས་ནས་སྔ་ཕྱི་ཅུང་ཟད་ཙམ་ལས་ཞིང་གཞན་དུ་གཤེགས།འོན་ཀྱང་རྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་དེ་ལས་ཀྱི་འཕྲོ་དང་། གདུལ་བྱའི་འཕྲོ །ཁྱད་པར་གུར་དཀར་དང་བག་ཆགས་ཀྱི་འཕྲོ་མ་རྫོགས་པར། ཚེ་སྨད་ཧ་ཅང་རྒས་པའི་དུས་ལ་ཡུལ་འདིར་བྱོན་ནས་ཧོར་གུར་དཀར་རྒྱལ་པོའི་སྐྱེ་བ་སྡིག་ཕྲུག་གུ་ལུ་ཞེས་པའི་ཤན་པ་ཁེར་ཀྱང་ཞིག་ཡོད་པ་དེའི་མཉམ་ཏུ་བཟའ་ཚང་གི་འཚོ་བ་སྐྱེལ་ནས་བསྡད།ཤན་པ་དེ་ཕྱོགས་ཀུན་ཏུ་བཤས་ལ་འགྲོ་ཞིང་དེའི་སྡིག་གླ་ལ་འཚོ་བ་རྟེན་ནས་སྡོད་ཀྱི་ཡོད་པ་དང་ཏོ་ལེ་གསོད་ནས་ཏོའི་མགོ་སྡིག་གླ་རུ་ཁུར་ནས་ཡོངས་ཀྱི་ཡོད།ཉིན་ཞིག་སྡིག་ཕྲུག་གུ་ལུ་ཡུལ་སྡེ་གཞན་ལ་ཏོ་ལེ་གསོད་དུ་སོང་སྐབས།ཁྱིམ་དུ་སྤྲང་པོ་ཞིག་སླེབས་པས་དེ་ལ་འབྲུག་མོས་ཏོའི་མགོ་བྱིན་པས།དགོང་མོ་སྡིག་ཕྲུག་གུ་ལུ་ནང་ལ་ལོག་སྐབས་ཏོའི་མགོ་སྤྲང་པོ་ལ་བྱིན་པ་ཤེས་ནས་ཏོའི་མགོ་རྡུང་བྱེད་ཀྱི་དབྱུག་པ་འབྲུག་མོའི་མགོ་ལ་བསྣུན་པས་སྟབས་མ་ལེགས་པ་འབྲུག་མོ་ཚེ་ལས་འདས་སོ།།

               འདིར་འབྲུག་མོ་སྡོད་སའི་བྲག་གཡབ་དང་།འབྲུག་མོ་རྟ་རྒྱུག་པའི་ཤུལ་ཞེས་རྒྱུན་པར་མི་འགྲོ་འདུག་མེད་པའི་རི་མགོ་ཞིག་ཏུ་ལམ་དང་།འབྲུག་མོའི་སྐེ་རྒྱན་འཐོར་བའི་ཤུལ་ཞེས་ས་བསྐོས་ན་མཆོང་དོན་རྒྱུ་ཡོད་པ་དང་མཆོང་ཁ་ཤས་མིས་བཅོས་དགོས་ལ་ཁ་ཤས་བཅོས་མི་དགོས་པར་དབྱིབས་དང་ཁུང་བུ་སོགས་རང་བྱུང་གི་ཡོད་པ་ཚོལ་རྒྱུ་ཡོད།འབྲུག་མོའི་སྐུ་གདུང་བཞུས་པའི་ཤུལ་ཞེས་ཕྱོགས་གཅིག་ལ་ས་རྡོ་མེས་ཚིག་པ་ལྟ་བུ་མདོག་སྔོན་པོ་དང་ནག་པོ་དམར་པོ་སོགས་ཡོད།དེ་དང་ཉེ་བའི་ས་ན་ས་མིང་ལ་དམ་པ་རིགས་བརྒྱ་ཞེས་འབྲུག་མོ་འདས་སྐབས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཀྱིས་ཞལ་གཟིགས་པར་མཐོང་བའི་བྲག་ཐོ་འདྲ་མིན་མགོ་སྙན་སྣ་ཚོགས་པ་ལྟ་བུ་ཡོད་དོ།དེ་ལྟ་བུའི་གཏམ་རྒྱུད་དེ་སྒྲོ་བཏགས་དང་དངོས་པོའི་ཆ་གང་ཡིན་རྟོགས་དཀའ་ཡང་འདི་ནས་ལེ་བར་དྲུག་བཅུ་ཙམ་ན་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་ཡོད་ལ་དེ་དང་པོ་བཞེངས་སྐབས་འབྲུག་མོ་ཡང་འབྲེལ་འཇོག་ལ་ས་འཐུ་བ་གང་ཁུར་ནས་ཡོང་བས་རྒས་ཆེ་བས་ལྷ་ཁང་གི་ཐོག་ལ་མ་སླེབས་པར་ལྷ་ཁང་གི་འགྲམ་དུ་ས་ལུས་པ་ཡིན་ཞེས་པའི་ས་ཕུང་ཆེན་པོ་ཞིག་ཡོད་པ་སོགས་འབྲུག་མོ་ཚེ་སྨད་ལ་འདི་ཕྱོགས་སུ་བྱོན་པའི་གཏམ་རྒྱུད་གཞན་ན་ཡང་ཡོད་དོ།།རང་ཉིད་སྔར་ནས་ཡུལ་འདིའི་གཏམ་རྒྱུད་རྒན་རབས་རྣམས་ཀྱི་ངག་ནས་ཐོས་མྱོང་ཞིང་ད་སྐབས་ཕྱོགས་འདིར་རྒྱུ་བའི་དུས་ཡང་འདི་ཕྱོགས་ས་མིང་རྣམས་སླར་ཡར་རྣ་བར་ཐོས་པའི་རྐྱེན་བྱས་ཏེ་ངག་རྒྱུན་བཞིན་བྲིས་པས་གཅིག་བྱས་ན་དེངས་སྐབས་གེ་སར་ལ་ཞིབ་མཇུག་གནང་མཁན་རྣམས་ལ་དཔྱད་གཞི་ཙམ་ཡོང་ན་བསམ་པའི་རེ་བ་དང་བཅས་པས་བྲིས་སོ།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1