༄༅། །བྱང་རྟ་རྣ་དགོན་པའི་གླིང་རྟེན་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


    གངས་ལྗོངས་ཀྱི་རིག་དངོས་རྩ་བརླགས་མ་ཤོར་བའི་ཡ་སྔོན། གླིང་གེ་སར་རྒྱལ་པོའི་སྐུ་འཁྲུལ་མེད་འབུམ་པའི་དགྲ་བླ་རྩེ་རྒྱལ་གྱི་གདུང་རྒྱུད་ཚང་གིས་འཛམ་གླིང་ན་ཆེས་དཀོན་པའི་གླིང་གི་ཕ་ཆོས་དང་ལས་ཟོག་མ་ལུས་པ་གླིང་རྒྱལ་དགོན་པའི་བླ་མ་རྗེ་འགྲོ་བའི་མགོན་པོ་ཡེལ་པ་ཡེ་ཤེས་བརྩེགས་ལ་ཕུལ་བ་རྣམས། འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་དང་། མིག་གི་དགའ་སྟོན་ལ་རྟ་རྣ་དགོན་དུ་བཞུགས་སུ་གསོལ་ཡོད་པའི་ཐོ་ཙམ་དྲངས་ན། དེ་ཡང་གླིང་རྗེ་གེ་སར་གྱི་ཐུགས་དམ་གསེར་འབུམ་པོད་ཏི་བཅུ་གཉིས་ལ་གླེགས་ཤིང་ཨ་གར་དྲི་བཟང་གི་སྤོས་ངད་འཐུལ་བ། གླེགས་ཐག་མཁའ་འགྲོའི་རྡོ་ཐག །རྒྱབ་ཏུ་རྟགས་བརྒྱད་དང་པ་ཊ་གསེར་རིས་ཅན། གོང་དུ་གནས་བརྟན་བཅུ་དྲུག་རང་སྒྲོས་བྱས་པ། རྒྱ་ཚའི་འབུམ་ཡག་མ་ཞེས་གོས་བཟང་སེར་པོའི་ཐུམ་ལྡན་པོད་དྲུག་ཅུ། སྣང་ཆུང་གཡུ་ཡི་མེ་ཏོག་གི་གཡང་འབུམ་པོད་བཅུ་གཉིས། པོད་རེ་ལ་ཁལ་གྱི་དོ་ལོག་ཙམ་ཡོད། གླིང་གི་བླ་མ་སུམ་ཅུ། ཕུ་ནུ་སུམ་ཅུ། མ་སྲུ་སུམ་ཅུ། ཨ་ཐིག་སུམ་ཅུ། བུ་མོ་སུམ་ཅུ་བཅས་པའི་མི་རེའི་འབུམ་ཆ་རེ། འབྲུག་མོའི་གཡུ་འབུམ་དང་གཡུ་མདོ་ཞེས་ཁོང་གི་བཏགས་གཡུས་བྲིས་པར་གྲགས་པ་དབུ་ཡི་རྒྱ་སྐད་གསེར་བྲིས་བགྱིས་པའི་སྟེང་དུ་རིན་ཆེན་སྣ་ཚོགས་ཀྱི་ཕྲ་བརྒྱན་ཅན། ཁྲོ་ཐུང་གི་ཕ་ཆོས་སུ་གྲགས་པའི་གསེར་རིས་བོན་གྱི་བཀའ་འགྱུར། ཁམས་ཆེན་བྱེ་མ་ཉི་ཁྲི་བྱ་བ་ཀླུ་འབུམ་དཀར་ནག་ཁྲ་གསུམ། བོན་གྱི་འབུམ་དང་མདོ་ཕྲན་བཅས་གླེགས་ཤིང་ཨ་གར་དཀར་ནག་ལ་ལྷ་སྐུ་པ་ཊ་འབུར་དུ་བརྐོས་པ་པོད་བརྒྱད་བརྒྱ་ལྷག་ཡོད། གླིང་གི་འབུམ་ཆ་དེ་རྣམས་ལ་རང་རང་གི་དཀར་ཆགས་དང་དཔའ་ཐུལ་སོ་སོའི་སྐུ་གཟུགས་གསལ་པོ་བྲིས་ཡོད། དཔེར་ན། གེ་སར་ཁྲི་སྲོང་ལྡེའུ་བཙན་ཡིན། །མཆོད་གནས་སློབ་དཔོན་པདྨ་ཡིན། །འབྲུག་མོ་ཡེ་ཤེས་མཚོ་རྒྱལ་ཡིན། །ཕ་འབུམ་རིན་ཆེན་གསེར་དངུལ་ཡིན། །བྲིས་མཁན་ཧྲི་ཚེ་འབུམ་རྒྱལ་ཡིན། །གླེགས་ཐག་མཁའ་འགྲོའི་རྡོ་ཐག་ཡིན། །ཤོག་ནག་སྐར་མ་བརྒྱ་ཤར་ནི། །མཁའ་འགྲོ་སྟོང་གི་གཏེར་ཤོག་ཡིན། །གཏེར་གནས་མུ་ནེ་མཐིང་མཚོ་ཡིན། །ཞེས་སོགས་གསེར་འབུམ་ཞབས་སུ་བྲིས་ཡོད། གླིང་གི་དངོས་ཆས་ལ། ཆ་ལང་ཁམས་གསུམ་ཟིལ་གནོན། སིལ་སྙན་ནམ་མཁའ་འབྲུག་གྲགས། ཁྲིམས་རྔ་གསལ་བ་འོད་ལྡན། ཁྲིམས་དུང་དཀར་མོ་རྒྱང་གྲགས། དུང་དེའི་ནང་དུ་ལྷ་མོ་དུང་སྐྱོང་མའི་རང་བྱོན་ཅན། དུང་སྒྲ་ཐོས་ཚད་ངན་སོང་ལ་མི་འགྲོ་གསུང་པའི་གཏེར་དུང་། ཁྲིམས་དར་དར་ཁྲ་ཕྱུག་མོ། སེང་ལྡེང་སྒོ་མོ་རང་གྲགས་ལ། སྒོ་ཕོག་ཉི་མ་རང་ཤར་དང་འཇང་ས་ཐམ་རྒྱལ་པོའི་ས་གཟེ། དམག་དུང་བདུད་སྡེའི་གྲོང་འཇོམས། སེང་ཆེན་གྱི་ཁྲབ་ནག་ཟིལ་པའི་ཐོག་རྡུགས། དབུ་རྨོག་རྒྱལ་བའི་ཐོད་དཀར། ཕུབ་མོ་སྦ་དམར་ལེབ་ཆེན། ཞབས་ཆགས་པདྨ་རང་བྱོན། དགྲ་ལྷའི་ཚེ་གོས་སྨུག་པོ། མདུང་མོ་ཁམས་གསུམ་དགྲ་འདུལ། གཞུ་མོ་རྭ་རྒོད་འཁྱིལ་བ། རལ་གྲི་བཏབ་པ་ལན་མེད་ལ་གྲི་མཐར་མེ་རི་དང་། རྩེ་ལ་འཇམ་པའི་དབྱངས་ཀྱི་སྐུ་ཡི་རང་བྱོན། གྲི་སྐེད་ལ་ལྷ་དབང་ཕྱུག་དང་རྒྱ་བྱིན་གྱི་རང་བྱོན། རྩ་བ་ལ་གེ་སར་མི་རྟ་གཉིས་ཀྱི་སྐུ་བརྙན་ཅན། སྐུ་ཆིང་རྡོ་རྗེའི་ཕྲེང་བ། ཕྱིང་ཞྭ་ཟླ་བའི་མདངས་ཅན། མདའ་མོ་ཨ་འགལ་ཤ་གཟན། མདའ་རབས་བཅུ་གསུམ། རྟ་ལྷམ་དམར་སུག །རྒོ་ཕོའི་ལྕོག་ཞུ། བེའུ་རྩག་མཐའ་གྱོང་། འབྲུག་མོའི་སྲམ་ཐུལ། འབྲུག་མོའི་སྐེད་ཆིང་ལི་ཆབ་བྱུ་རུས་བརྒྱན་པ་དང་། འབྲུག་མོའི་དུང་སྐེད། ༼སྣང་ངུ་གཡུ་སྟག་གི་མགུལ་རྒྱན་གྲས་ཀྱི་གཡུ།ནེའུ་ཆུང་གི་ལྭ་བ། སྒུ་རུའི་ལྷ་མདའ་སྒྲོ་དཀར། ༽ གླིང་ཆོས་འཕན་དང་ཆོས་ལ་འཕན་གྱི་ཕ་རལ་གསེར་རིང་དངུལ་རིང་། ཁྲོ་ཐུང་གི་རལ་གྲི་དགྱེ་ལ་རྒུ་དང་སྲིན་གྱི་ཉ་ཟོར་འགུག་མོ། ཁྲོ་ཐུང་གི་ལྷམ་འཇའ་ཆེན། རྒྱ་ཚའི་ཡ་ཟི་དཀར་ཕྲན། འདན་མའི་འཇང་པ་ཡུ་དམར། དཔའ་ལའི་མཚོན་ལེབ་ཆེན་སོགས་དཔའ་ཐུལ་སུམ་ཅུའི་ཕྱག་རལ་དང་། ཁྲབ་རྨོག་མདའ་དོང་གཞུ་དོང་སོགས་སྐུ་ཆས་ཚང་བ། གཅན་གཟན་སྡེ་ལྔ་བཏུལ་བའི་ཤུན་པ་བཅུ། རྒྱ་ནག་ཇ་གཡང་ཕབས་དུས་ཀྱི་ཇ་ཀོ་ཟེར་བ་སྟག་གཟིག་གི་པགས་པ་ལ་བྱས་པའི་ཇ་ཀོ་དུ་མ། ཧོར་གུར་དཀར་གྱི་བླ་སྟག་འུར་བ་མི་གཟན་གྱི་ཤུན་པ་ཁང་རྩག་སུམ་ཚད་ཅན། མོན་ཁ་ཀྲ་རྒྱལ་པོའི་དབུ་ཞྭ། ཧོར་བསེ་མུན་རྒྱལ་པོའི་ཙིཏྟ། གླིང་ལྷ་གཡག་བྲེ་དམར་ཐོད་སྐྱའི་གཡག་བརྒྱངས། ཧོར་རྟེའུ་ཉེར་གསུམ་གྱི་དྲེལ་གདངས། གཞན་མདའ་གྲི་མདུང་དང་གཅན་ཟན་ལྤགས་རིགས་སོགས་གྲངས་མང་། ཟངས་དཀར་བཀྲ་ཤིས་འཁྱིལ་བ་དང་བདེ་ལེགས་འཁྱིལ་བ། ཁྲོ་གཏུན་ཉ་མོ་གཤོག་དྲུག་ཆེ་ཆུང་གསུམ་ལས་ཆེ་བ་གྲུབ་ཆེན་ཏཻ་ལོའི་ཏིལ་བརྡུང་ས་ཕྱིས་གསེར་འབུམ་བཞེངས་སྐབས་གསེར་འདུལ་གནས། སྐྱེ་བོ་རྣམས་ཀྱིས་བཏེགས་ན་སྒྲིབ་པ་ཆེ་ཆུང་བཞིན་བཏེགས་ཐུབ་མིན་འབྱུང་བར་གྲགས་པ། ཆུང་བ་གཉིས་རྨ་ཤེལ་བྲག་གི་གཏེར་སྒོ་འབྱེད་སྐབས་ཁྲོ་ཐུང་ལ་ཐོབ་པའི་ལས་ཟོག ། གཞན་ཡ ང་རྨ་ཤེལ་བྲག་གཏེར་ཟོག་ལ་གསེར་གྱི་ཤཀྱ་ཐུབ་པ། བྱུ་རུའི་ཚེ་དཔག་མེད་མགོ། དངུལ་གྱི་བྱམས་པ་མགོན་པོ། གཡུ་ཡི་སྒྲོན་མ་སྔོན་མོ། དུང ་གི་སྤྱན་རས་གཟིགས་དབང་། ཁྲོ་ཡི་ལས་མགོན་ནག་པོ། ཕ་འབུམ་དུམ་པ་བཅུ་གཉིས། དར་ནག་མགོན་པོའི་རང་བྱོན། ཟངས་དཀར་འོ་མའི་བཅུད་འཛིན། ནད་བརྒྱ་འཇོམ་པའི་སྨན་མཆོག འདོད་འབྱུང་ཐོད་པ་མཚན་ལྡན། གསེར་བྲིས་ཉི་མ་རང་ཤར། དངུལ་བྲིས་ཟླ་བ་རང་ཚེས། དུང་བྲིས་སྐར་ཚོགས་རང་བཀྲག །ཐང་སྐུ་དུས་གསུམ་སངས་རྒྱས་སམ་མཐོང་བ་དོན་ལྡན། རིན་ཆེན་སྣ་ལྔས་བྲིས་པའི་འབུམ་ཆ་སུམ་ཅུ།སིལ་སྙན་ཉི་མ་འབྲུག་གྲགས། ཁྲིམས་རྔ་གསལ་བ་འབྲུག་གྲགས་།མཛད་མེད་གཡང་གི་གཏེར་སྒམ །དུང་གི་ལུག་གུ་འབའ་ཤེས། གཟི་ཡི་ཨོ་ཡོ་ཟུག་ཤེས། གཡུ་སྦྲ་མཐིང་ཤོག་ལྡེམ་དྲུག་གམ་གོང་དགུ། རྦ་ལྕགས་བསམ་པའི་དོན་འགྲུབ ། རྨོག་ཆེན་རྒྱལ་བའི་ཐོད་དཀར། དར་འཕྲུ་རྒྱལ་བ་རིགས་ལྔ ། གསེར་སྒ་ཉི་མ་རང་ཤར། ཞགས་པ་ཁམས་གསུམ་རང་འགུག ཁྲོ་ཐུང་རལ་གྲི་རྗེ་ལ་རྒུ་དང ་། སྲིན་གྲི་ཉག་ཟོར་འགུགས་མོ། གཅན་གཟན་སྡེ་ལྔའི་ཤུན་ལྤགས་དགུ། གླིང་གི་དྲིལ་གདང་། གེ་སར་ཨ་གཡོག་ཐང་རྙེད་ལ་སྤྲུལ་ནས་བཟོས་པའི་གསེར་འཕྲུ་ཁང་རྩག་གཅིག་དེ་གླིང་དགོན་རྟ་རྣའི་ཚོམ་ཆེན་ཀ་བ་བརྒྱ་ལྡན་གྱི་གསེར་འཕྲུ་ངོ་མཚར་ཅན་དེ་ཡིན། འཇང་ས་ཐམ་རྒྱལ་པོའི་ས་གཟེ། གླིང་གི་ལྷ་གཡག་ག་པ་སོགས་ངོ་མཚར་བའི་བརྟེན་རྫས་གྲ ངས་ལས་འདས་པ་བཞུགས ། གླིང་ཚང་རྒྱལ་པོའི་དད་པའི་རྟེན་དུ་བཞེངས་པའི་འགྲོ་མགོན་ཡེལ་པར་གྲུབ་ཆེན་བརྒྱད་ཅུའི་སྐོར་བའི་ཞལ་ཐང་བྱིན་ལྡན།བོད་སྒང་པའི་གསེར་གྱི་རུ་ཐུར་གཉིས་ཞེས་གྲགས་པའི་གླིང་སྐུ་མཆེད་གཉིས་ཀྱི་ཕྱག་རལ་ནི། གླིང་རྗེ་གེ་སར་རྒྱལ་པོའི་ཕྱག་རལ་བཏབ་པ་ལན་མེད་དང ་། རྒྱ་ཚའི་ཕྱག་རལ་ཡ་ཟི་དཀར་ཕྲན་གཉིས་ལ་བོད་སྒང་པའི་གསེར་གྱི་རུ་ཐུར་གཉིས་ཞེས་གྲགས། དེ་ཕྱིར་གླིང་སྐུ་མཆེད་གཉིས་ཀྱི་ཕྱག་རལ་དེ་གཉིས་ནི་དགོན་འདིའི་རྟེན་གྱི་གཙོ་བོ་ཡིན་པས་ཕྱག་རལ་གཉིས་ཁྱད་དུ་དར་མཚོན་སྣ་ལྔས་ཐུམ་རྒྱབ་ཏེ་རྟེན་སྒམ་གཅིག་གི་ནང་དུ་བཞུགས་སུ་གསོལ་ཡོད། རྟེན་སྒམ་དེ་ནི་རྒྱུན་དུ་མཇལ་ཁ་མེད་པས་འབྲེལ་ཡོད་བླ་དཔོན་དང་ལྷ་གཉེར་སོགས་ཀྱི་རྟེན་སྒམ་ལ་ལྡེ་མིག་དང་སྒོ་ཐེལ་ཐམ་འབྱར་མཛད་དེ་མཆོད་པ་དང་ཚེ་འབར་སོགས་དུས་ཀུན་ཏུ་བྱེད་སྲོལ་ཡོད། གལ་སྲིད་བོད་ཀྱི་བླ་ཆེན་རྣམས་ཕེབས་ནས་རྟེན་དེ་དག་མཇལ་ཁ་སྟོན་དགོས་པ་བྱུང་ན། ནང་ཆེན་རྒྱལ་པོ་དང་བློན་ཆེན་ཁྱུང་བེ་ཧུ་དང ་། བློན་ཆེན་འབྲོང་པ་བེ་ཧུ། བློན་པོ་རྟ་རྣ་བེ་རྐྱང་། རྟ་རྣའི་གདུང་རྒྱུད་བླ་མ་དང་སྤྲུལ་སྐུ་ཁྲི་པ་དང་ཆོས་ཁྲིམས་ལྷ་གཉེར་སོགས་རྒྱས་འཛོམས་ཀྱིས་རྟེན་སྒམ་སྒོ་འབྱེད་དེ་ད་གཟོད་རྟེན་མཇལ་ཐུབ་པ་རེད ། ཕྱག་རལ་དེ་གཉིས་ཤུབ་ནས་བཏོན་ཏེ་ཀླད་དུ་ཕྱར་ན་ཟི་ར་དང་མེ་ཏག་འཚུབ་པའི་ངོ་མཚར་ཤིན་ཏུ་ཆེ་བའི་ཕྱག་རལ་གཉིས་ཡིན།རྟེན་འདི་གཉིས་ང་བརྒྱད་ལོ་མཆོད་དཔོན་ཚུལ་རྒྱམ་གྱིས་རི་སྦས་བྱས་ཀྱང་སྔོན་ཐོན་པ་འགས་རྗེས་རྩལ་ནས་རྙེད་པས་གར་སོང་ཆ་མ་མཆིས། གླིང་ཆོས་འཕེན་དང་ཆོས་ལ་འཕེན་རྣམ་གཉིས་ཀྱི་གྲི་གསེར་རིང་དང་དངུལ་རིང་གཉིས་རྟེན་སྒམ་དུ་བཞུགས་པ་དང་གོང་དང་གཅིག་མཚུངས་སུ་དོ་དམ་བྱེད་དགོས། གཞན་ཁྲོ་ཐུང་གི་རལ་གྲི་དང་དཔའ་ཐུལ་གཞན་པ་རྣམས་ཀྱི་གྲི་གདངས་སུ་བཀལ་ཡོད་པ་དང་གཞུ་གདངས་མདའ་གདངས་མདུང་གདངས་སོགས་བཀལ་ཡོད་པས་རྒྱུན་དུ་ཀུན་གྱིས་མཇལ་ཐུབ་པ་དང་། གླིང་གི་དཔའ་བཏུལ་སུམ་ཅུའི་གདུང་འབུམ་སོགས་འཛམ་གླིང་ན་ཆེས་དཀོན་པའི་མནའ་རྫས་རིན་བྲལ་གྱི་ནོར་བུ་མང་པོ་ཞིག་ཕྱི་རབས་ཀྱི་རྒྱུད་འཛིན་རྣམས་ཀྱི་བསོད་ནམས་བསོགས་པའི་རྟེན་གྱི་སྒོ་སྐལ་དུ་བཞགས་པར་མཛད་པ་རྣམས་རབ་བྱུང་བཅུ་དྲུག་པའི་ནང་བར་བཞུགས་པ་ཡིན་ལ།དེ་ནས་ཅི་བྱུང་ཀུན་གྱིས་ཤེས་གསལ་དེའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1