༄༅།།བོད་ཡིག་དཔྱད་གཞིའི་ཡིག་རིགས་འགོད་སྟངས་གཅིག་གྱུར་ཡོང་ཐབས་སྐོར་རགས་ཙམ་གླེང་བ།
སངས་རྒྱས་སྐྱབས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-07
སངས་རྒྱས་སྐྱབས།
རིག་གཞུང་ཞིབ་འཇུག་པ་དང་ལྷག་པར་དུ་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དཔྱད་རྩོམ་འབྲི་བར་དཔྱད་གཞིའི་ཡིག་རིགས་ནི་ཤིན་ཏུ་གལ་ཆེ་བ་དང་། དཔྱད་གཞིའི་ཡིག་རིགས་འདང་ངེས་དང་ཁུངས་འཕེར་བ་ཞིག་མེད་ཚེ་དཔྱད་འབྲས་དེའང་ཡག་པོ་ཞིག་འབྱུང་མི་ཐུབ་པ་ནི་གདོན་མི་ཟ་བའི་གནས་ཤིག་རེད། ད་དུང་དཔྱད་གཞིའི་ཡིག་རིགས་དེ་ཁུངས་འཕེར་བ་དང་རྗེས་འཇུག་ཞིབ་འཇུག་པ་ཚོས་དཔྱད་གཞིར་སྤྱོད་ཆོག་པ་ཞིག་ཏུ་འགྱུར་བར་དཔྱད་གཞིའི་ཡིག་རིགས་ཀྱི་ཡོང་ཁུངས་འགོད་སྟངས་དེ་ཤིན་ཏུ་གལ་ཆེ་བ་དང་། གྲངས་གཞིའི་དུས་རབས་འདིར་དཔྱད་གཞིའི་ཡིག་རིགས་ཚད་ལྡན་ཞིག་འགོད་པ་དེས་གྲངས་གཞི་འཚོལ་བཤེར་ལའང་ཕན་ཐོགས་ཆེན་པོ་ལྡན་ཡོད།
གཅིག རང་རེའི་བོད་ཀྱི་དཔྱད་གཞིའི་ཡིག་རིགས་འགོད་པའི་ལོ་རྒྱུས་དང་འགོད་སྟངས་སྐོར།
རང་རེའི་བོད་ལ་མཚོན་ན་ཁུངས་ལུང་འདྲེན་པའི་ལུགས་འདི་དར་ཁྱབ་ཆེན་པོ་ཡོད་པ་དང་། ཆོས་ལུགས་དང་ལོ་རྒྱུས་དེབ་ཐེར། དེ་བཞིན་བརྡ་སྤྲོད་སོགས་གང་ཡིན་ཡང་ཁྲིད་རྒྱུན་དང་ཁུངས་ལུང་ནི་ཧ་ཅང་གལ་ཆེར་འཛིན་གྱི་ཡོད། དེའི་རྐྱེན་གྱིས་རྟག་ཏུ་དཔེ་ཆ་སོགས་ཀྱི་ནང་དུ་ལངས་ཀར་གཤེགས་པའི་མདོ་ལས་དང་དབུ་མ་བཞི་བརྒྱ་བ་ལས། བྱང་ཆུབ་ལམ་སྒྲོན་ལས་སོགས་མང་པོ་མཐོང་དུ་ཡོད་པ་ཚང་མས་མཁྱེན་གསལ་རེད།
བོད་ཡིག་ལ་ཁུངས་ལུང་ཚད་ལྡན་དུ་འདྲེན་པའི་ལུགས་སྲོལ་འདི་ག་དུས་ནས་དར་བ་ཡིན་ནམ་ཞེ་ན། གནའ་བོའི་ཏུན་ཧོང་གི་ཡིག་རྙིང་ཁྲོད་ཞབས་མཆན་འགོད་པའི་ལུགས་འདི་ཡོད་པ་དང་། དེའི་ནང་དུ་ཚིག་འགྲེལ་སོགས་ཡོད་ལ་ཡོངས་ཁུངས་བརྗོད་པའི་དཔེ་ཆའི་མིང་ཡང་ཡོད། ཡོང་ཁུངས་བརྗོད་པའི་དཔེ་དེབ་ཀྱི་མིང་ལ་ཆ་མཚོན་ན་རྩོམ་པ་པོ་དང་དཔེ་དེབ་ཀྱི་མིང་བརྗོད་པ་ཡོད། དཔེར་ན་Pel.tib 0766ཡི་ཞབས་མཆན་ནང་དུ་“ཚིག་ལེའུར་བྱས་པ་ལས་བཆུ་གཉིས་ཆོས་ནི་གསུམ་དུ་འདུས་ཤེས་འབྱུང་བ་དོན་ཀྱིས་ནི་མ་ཤོར་ཏེ། ཞེས་པར་བཀོད་ཡོད་ཅིང་། དེའི་ཁྲོད་ནས་《 ཚིག་ལེའུ་བྱས་པ།》ཞེས་བཀོད་པ་ལས་ཚིག་དོན་དེའི་ཡོང་ཁུངས་བརྗོད་པ་ཡིན་པ་དང་། དཔེ་ཆའི་མིང་ཙམ་ལས་རྩོམ་པ་པོ་ཡོངས་ཁྱབ་ཏུ་གྲགས་པ་ཡིན་པས་སྨྲས་མེད་པ་དང་གཞན་དེང་སྐབས་ལྟར་པར་གཞི་སོགས་བཀོད་མེད། འོན་ཀྱང་ཚང་མས་མཁྱེན་གསལ་ལྟར་ཏུན་ཧོང་གཏེར་ཡིག་ནི་ལག་བྲིས་ཡིན་པ་དང་ཁུང་ལུང་འདྲེན་པའི་དཔེ་ཆའི་མིང་དེ་དག་ཀྱང་མིང་བཀོད་པ་ཙམ་ལས་གཞན་རྩོམ་པ་པོ་མིང་བཀོད་མེད་པ་དང་། ཡང་དཔེར་ན་IOL. Tib. J. VOl. 1 8.ཡི་ནང་དུ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚིགས་སུ་བཅད་པ་འདིའི་རྩ་བ་ནི་ཐེག་པ་ཆེན་པོ་འི་མདོ་ཞལ་ནས་གསུང་པར་གཏོགས་པ་འདིའི་འགྲེལ་པ་ནི་སློབས་དཔོན་ཞུལ་བར་སྒོམ་མཛད་དོ་ལྟ་བུ་ནི་དཔེ་ཆའི་མཚན་བྱང་དང་རྩོམ་པ་པོ་གཉིས་ཀ་ཡོད་པའང་སྣང་། དེ་རྗེས་བསྟན་པ་ཕྱི་དར་ནས་འགོ་ཚུགས་ཏེ་བོད་ཀྱི་དཔེ་གཞུང་ཕལ་མོ་ཆེར་ལུང་འདྲེན་པའི་ལུགས་འདི་རྒྱ་གཞུང་དང་མཉམ་དུ་ཤུགས་ཆེན་དར་བ་དང་། དེའི་ཕན་ནུས་གཙོ་བོ་ནི་དེང་སྐབས་ཀྱི་ཞབས་མཆན་དང་མཇུག་མཆན་བཀོད་པ་དང་འདྲ་བར་གཙོ་བོ་ནི་ཁུངས་ལུང་གསལ་བར་སྟོན་པའི་ནུས་པ་དང་རྗེས་འཇུག་སློབ་སྦྱོང་དང་ཞིབ་འཇུག་པ་ཚོས་ཁུངས་དེ་འཚོལ་བར་སྟབས་བདེ་བསྐྲུན་ཡོད། དེ་དག་ཚང་མ་ནི་དཔེ་ཆའི་མཚན་བྱང་དང་མཛད་པ་པོ་ཡོད་པ་ལས་གཞན་པར་གཞི་སོགས་མེད་པ་རེད། དེ་རྗེས་བོད་དུ་ཤིང་དཔར་གྱི་པར་གཞི་གསར་དུ་དར་བ་ནས་བཟུང་དཔེ་ཆ་རེ་འགའི་ནང་དུ་མཚན་བྱང་ཙམ་མ་ཟད་སྣར་ཐང་པར་མ་དང་། སྡེ་དགེའི་པར་མ། པེ་ཅིང་པར་མ། ཅོ་ནེའི་པར་མ། དེ་བཞིན་ལྷ་སའི་པར་མ་སོགས་རེ་འགར་ཡོད་པར་གྱུར་ཡོད།
བོད་ཀྱི་སྲོལ་རྒྱུན་དཔྱད་གཞིའི་ཡིག་རིགས་སམ་ཡོང་ཁུངས་འགོད་སྟངས་ཐད་གཤམ་གསལ་ཁ་ཤས་ཡོད་དེ། གཅིག་ནས་ཞབས་མཆན་དང་མཇུག་མཆན་སོགས་འགོད་པའི་ལུགས་སྲོལ་མེད་པར་དཔེ་ཆའི་གཞུང་དངོས་སུ་འབྲི་བྱེད་སྣག་ཚའི་ཚོས་གཞིའི་ཁྱད་པར་གྱིས་དམར་མཆན་དང་ནག་མཆན་གྱི་སྒོ་ནས་་སློབ་སྦྱོང་བྱེད་མཁན་གྱིས་བཀོད་པ་ལས་མཛད་པ་པོ་རང་ཉིད་ཀྱིས་བཀོད་པ་ཞིག་མིན་པ་དང་། གཙོ་བོ་ནི་གཞུང་གི་ནང་དོན་གྱི་ཚིག་འགྲེལ་ཡིན་པ་ལས་གཞུང་ཁུངས་སྟོན་པ་ཅུང་ཉུང་བ་རེད། གཉིས་ནས་རྩོམ་པ་རང་ཉིད་ཀྱིས་བཅུག་པའི་ཡོང་ཁུངས་སོགས་དཔེ་ཆའི་མཚན་བྱང་འགོད་པ་དེ་གཙོ་བོ་དཔེ་ཆའི་མཚན་བྱང་དེ་གཞུང་དངོས་དང་མཉམ་དུ་བར་མཆན་ལྟ་བུའི་ཚུལ་དུ་འགོད་པ་ལས་དམིགས་སུ་བཏོན་ནས་སོགས་དང་ཟུར་སོགས་སུ་འགོད་པའི་ལུགས་སྲོལ་སྤྱིའི་ཆ་ནས་མེད་པར་སྣང་། གསུམ་ནས་དཔྱད་གཞིའི་ཡིག་རིགས་ཀྱི་འགོད་སྟངས་དེར་ཚད་གཞི་དམིགས་བསལ་གང་ཡང་མེད་པ་དང་། རེ་འགར་རྩོམ་པ་པོའི་མཚན་ཡོད་པ་དང་པར་གཞི་ཡང་ཡོད་པ་དང་། ཡང་རེ་འགར་རྩོམ་པ་པོའི་མཚན་མེད་པ་མ་ཟད་དཔེ་ཆའི་མཚན་བྱང་ཡང་བསྡུས་ནས་བརྗོད་པ་སྟེ། དཔེར་ན་《རྒྱལ་རབས་གསལ་མེ།》 ཞེས་འགོད་པ་ལས་《རྒྱལ་རབས་གསལ་བའི་མེ་ལོང་།》ཞེས་མིང་ཆ་ཚང་འགོད་ཀྱི་མེད་པར་སྣང་ལ་སྐབས་རེར་རྩོམ་པ་པོའི་མཚན་ཚལ་པ་ཀུན་དགའ་རྡོ་རྗེ་འགོད་པ་དང་། སྐབས་རེར་མི་འགོད་པ་སོགས་ཅི་རིགས་སྣང་།
གཉིས། རྒྱལ་ཕྱི་ནང་གི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་སྐོར་དང་དེ་དག་གི་དགེ་མཚན་སྐོར།
རང་རྒྱལ་གྱི་རྒྱ་ཡིག་གི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཧ་ཅང་ཚད་ལྡན་ཡིན་ཞིང་། དེའང་ཕྱི་རྒྱལ་གྱི་དབྱིན་ཡིག་སོགས་ལ་དཔྱད་གཞིར་བཟུང་ནས་བཟོས་པ་ཞིག་ཡིན་པ་དང་། རང་རྒྱལ་གྱི་རྒྱ་ཡིག་གི་ཞབས་མཆན་དང་མཇུག་མཆན་སོགས་གང་ཡིན་ཡང་དཔྱད་གཞིའི་ཡིག་རིགས་འགོད་པར་དཔྱད་བརྗོད་རིགས་ཀྱི་དཔེ་དེབ་དང་། དཔྱད་བརྗོད་རིགས་ཀྱི་དཔེ་དེབ་ཀྱི་ནང་གསེས་དཔྱད་རྩོམ། དེ་བཞིན་ཚགས་པར་དང་དུས་དེབ། ཚགས་པར་དང་དུས་དེབ་ཀྱི་ནང་གསེས་དཔྱད་རྩོམ། ད་དུང་ཆེད་ཁེ་ཡོད་པའི་ཡིག་ཆ་སོགས་ཀྱི་དབྱེ་བ་ཕྱེ་ཡོད་པ་དང་། དཔྱད་བརྗོད་རིགས་ཀྱི་དཔེ་དེབ་ཡིན་ཚེ་རྩོམ་པ་པོ་དང་། དཔེ་དེབ་ཀྱི་མཚན་བྱང་། ས་གནས། དཔེ་བསྐྲུན་ཁང་། དཔེ་སྐྲུན་བྱེད་དུས། ཤོག་ངོས་བཅས་རིམ་པ་བསྟར་ཆགས་ཀྱིས་འགོད་དགོས་པ་དང་། ཡང་དཔྱད་བརྗོད་རིགས་ཀྱི་ནང་གསེས་དཔྱད་རྩོམ་སོགས་ཡིན་ཚེ་གོང་གི་དཔེ་དེབ་དང་ཆ་མཚུངས་པ་མ་ཟད་ད་དུང་དེའི་མདུན་དུ་དཔྱད་རྩོམ་དེའི་རྩོམ་པ་པོའི་མིང་དང་དཔྱད་རྩོམ་གྱི་ཁ་བྱང་གཉིས་རིམ་པ་བཞིན་འགོད་དགོས། ཡང་དུས་དེབ་དང་ཚགས་པར་ཡིན་ཚེ་རྩོམ་པ་པོ་དང་། དུས་དེབ་དང་ཚགས་པར་གྱི་མཚན་བྱང་། ལོ་གང་ཞིག་གི་དུས་དེབ་དང་ཚགས་པར་ཨང་ཅི་ཞིག་ཡིན་པ། དཔེ་བསྐྲུན་བྱེད་དུས། ཐོབ་པའི་ཐབས་ལམ། (གློག་རྡུལ་དུས་དེབ་ལ་ངེས་པར་དུ་དགོས། ) ཡང་དུས་དེབ་དང་ཚགས་པར་གྱི་ནང་གསེས་དཔྱད་རྩོམ་གྱི་ཆ་འཕྲིན་འགོད་དུས་དུས་དེབ་ཀྱི་ཆ་འཕྲིན་གྱི་གོང་དུ་དཔྱད་རྩོམ་གྱི་རྩོམ་པ་པོའི་མིང་དང་དཔྱད་རྩོམ་གྱི་མཚན་བྱང་རིམ་པ་བཞིན་འགོད་དགོས། ཆེད་ཁེའི་ཡིག་རིགས་ཡིན་ཚེ་དེའི་འགན་འཁུར་མཁན་དང་། ཆེད་ཁེའི་ཡིག་རིགས་ཀྱི་མཚན་བྱང་། ཆེད་ཁེ་ཡོད་སའི་རྒྱལ་ཁབ། ཆེད་ཁེའི་ཨང་གྲངས། དེ་བཞིན་ཡོངས་བསྒྲགས་བྱེད་དུས་བཅས་རིམ་པ་བཞིན་འགོད་དགོས། ད་དུང་དེའི་མཇུག་ཏུ་ཡིག་ཆ་དེ་ཐོབ་པའི་ཐབས་ལམ་འགོད་དགོས་པ་བཅས་ཡིན། འདི་དག་གི་ཁྲོད་ད་དུང་གུག་རྟགས་ནང་དུ་ལ་ཏིང་གི་གསལ་བྱེད་སྤྱད་དེ་ཡིག་རིགས་དེ་དག་གི་ཁྱད་ཆོས་མཚོན་པ་བྱེད་ཀྱི་ཡོད། ལ་ཏིང་གསལ་བྱེད་ཡིག་རིགས་ཀྱིས་མཚོན་པ་ནི་དཔྱད་བརྗོད་རིགས་ཀྱི་དཔེ་དེབ་ནི་Mདང་དཔྱད་རྩོམ་ཕྱོགས་བསྒྲིགས་ཚགས་པར་ཐོག་ཏུ་བཀོད་པའི་རྩོམ་ཡིག་ལ་Nདུས་དེབ་ཏུ་བཀོད་པའི་རྩོམ་ཡིག་ལ་Jསློབ་གནས་དཔྱད་རྩོམD སྙན་ཞུའི་རིགས་Rཡིས་མཚོན་གྱི་ཡོད། S ཡིས་ཚད་གཞི་མཚོན་པ། Pཡིས་ཆེད་ཁེ་མཚོན་པ་སོགས་ཡིན། གོང་གསལ་གྱི་ཡིག་རིགས་ཁག་ལ་མི་གཏོགས་པ་རྣམས་Zཡིས་མཚོན་གྱི་ཡོད། ①འདི་དག་ཚང་མས་རང་ཉིད་ཀྱིས་ཁུངས་ལུང་དུ་བྱེད་པའི་རྩོམ་དེའི་ངོ་བོ་མཚོན་གྱི་ཡོད། དེས་ན་ཡིག་རིགས་གཞན་དཔེར་ན་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ་ལྟ་བུར་མཚོན་ན་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། དབྱིན་ཇིའི་དཔྱད་རྩོམ་སོགས་ཀྱི་དཔྱད་གཞིའི་ཡིག་རིགས་དང་ཞབས་མཆན། དེ་བཞིན་མཇུག་མཆན་སོགས་གང་ཡིན་ཡང་འགོད་སྟངས་ནི་རྩོམ་པ་པོའི་མཚན་དང་། དེ་རྗེས་རྩོམ་གྱི་མཚན་བྱང་། དེ་ནས་དུས་དེབ་བམ་དཔེ་དེབ་ཀྱི་མཚན་བྱང་། དཔེ་སྐྲུན་ཁང་། པར་གཞི། ཤོག་ངོས་བཅས་རིམ་པ་བསྟར་ཆགས་སུ་འགོད་ཀྱི་ཡོད་ཅིང་། འདིའང་རྒྱ་ཡིག་གི་འགོད་སྟངས་དང་གཅིག་མཚུངས་ཡིན་ལ་མཚོན་སྟངས་ཀྱང་གཅིག་མཚུངས་ཡིན། ད་དུང་རྒྱ་ཡིག་ལ་མཚོན་ན་རྟགས་སྣ་ཚོགས་ཀྱིས་དབྱེ་བ་ཕྱེ་ནས་བཅད་མཚམས་དང་རིགས་དབྱེ། དེ་བཞིན་རྒྱུ་མཚན་འབྲེལ་བ་དང་འབྱུང་ཁུངས་སོགས་མཚོན་ཐབས་བྱེད་ཀྱི་ཡོད། རྟགས་ , . / // - སོགས་མང་པོ་ཡོད་པ་དང་། དབྱིན་ཇི་ལྟ་བུར་མཚོན་ན་ད་དུང་ཡི་གེ་སྦོམ་ནག་དང་གསེག་ནས་འབྲི་བ་སོགས་ཀྱི་ཐབས་ལ་བརྟེན་ནས་དཔེ་ཆའི་མིང་མཚོན་ཐབས་བྱེད་པ་སོགས་ཡོད།
རྒྱ་ཡིག་དང་ཡིག་རིགས་གཞན་དག་རྣམས་ཀྱི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་འདི་ནི་ཧ་ཅང་ཚད་ལྡན་ཡོད་པ་དང་། དེ་ལྟར་བྱེད་པའི་དགོས་མཁོའང་ཕྱོགས་ཁ་ཤས་ཤིག་ནས་མངོན་གྱི་ཡོད་དེ། གཅིག་ནས་ཚད་ལྡན་ལྟར་བཀོད་ཚེ་རྩོམ་པ་པོ་ཞིབ་ཚགས་དམ་ནན་དང་ཁུངས་ལུང་གསལ་པོའི་ཚན་རིག་ཞིབ་འཇུག་བྱེད་སྟངས་མཚོན་པ་དང་། གཉིས་ནས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་དང་བརྩི་འཇོག་བྱས་པ་ཞིག་ཡིན་པ། གསུམ་ནས་རྩོམ་དེའི་རིན་ཐང་ལ་ཞིབ་དཔྱད་བྱེད་མཁན་ཚོར་མཚོན་ན་དེའི་སྤུས་ཚད་མཚོན་པར་ཕན་པ། བཞི་ནས་རྩོམ་སྒྲིག་པའི་རྩོམ་སྒྲིག་ལས་ཆོད་མཐོ་རུ་གཏོང་ཐུབ་པ། ལྔ་ནས་ཀློག་པ་པོར་མཚོན་ན་རྩོམ་དེའི་ཁུངས་ལུང་དང་དཔྱད་གཞིར་བཟུང་བའི་རྒྱུ་ཆ་དག་ལ་ཡང་བསྐྱར་ཞིབ་འཇུག་བྱེད་པར་སྟབས་བདེ་བསྐྲུན་པ་སོགས་ནུས་པ་དམིགས་བསལ་མང་པོ་ལྡན་ཡོད། དེར་བརྟེན་རྒྱལ་ཕྱི་ནང་གི་རིག་གཞུང་དཔྱད་རྩོམ་གང་ཞིག་ཡིན་ཡང་ཚན་རིག་ཞིབ་འཇུག་པ་དང་ཀློག་པ་པོས་ཐོག་མར་རྩོམ་དེའི་དཔྱད་གཞིའི་ཡིག་རིགས་ལ་དམིགས་བསལ་དུ་དང་དོད་བྱེད་ཀྱི་ཡོད། དེའི་འགོད་སྟངས་དང་དཔྱད་གཞིའི་ཡིག་རིགས་ཀྱི་གྲངས་འབོར་སོགས་ལས་རྩོམ་དེའི་ཆུ་ཚད་དང་སྤུས་ཚད་སོགས་ལ་ཐོག་མའི་གདེང་འཇོག་བྱེད་ཐུབ་ཀྱི་ཡོད།
གསུམ། རང་རེའི་བོད་ཀྱི་ད་ལྟའི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་དང་གནད་དོན་ཁག
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་རང་རེའི་བོད་ཡིག་གསར་རྩོམ་མཁན་ཆར་རྗེས་ཀྱི་ཤ་མོ་བཞིན་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་། དཔེ་སྐྲུན་ཁང་རྣམས་ཀྱིས་བོད་ཡིག་དཔྱད་བརྗོད་རིགས་་ཀྱི་དཔེ་དེབ་མང་པོ་དཔེ་བསྐྲུན་བྱས་པ་དང་། དུས་དེབ་ཐོག་ཏུའང་བོད་ཡིག་དཔྱད་རྩོམ་མང་པོ་བཀོད་དེ་བོད་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་ཐད་བྱས་རྗེས་ཆེན་པོ་བཞག་ཡོད། དཔྱད་རྩོམ་འདི་དག་གི་རྩོམ་པ་པོ་ནི་སྲོལ་རྒྱུན་གྱི་བོད་ཀྱི་དགོན་པའི་སློབ་གསོ་སོགས་བརྒྱུད་ནས་ཡོང་བ་ཡོད་ལ་དེང་རབས་ཀྱི་སློབ་གྲྭའི་སློབ་གསོ་བརྒྱུད་ནས་ཡོང་བའི་མཁས་པ་རྒན་དར་གཞོན་གསུམ་སྣ་ཚོགས་ཡོད་པ་དང་། ཁོང་ཚོའི་དཔྱད་རྩོམ་དང་དཔེ་དེབ་ཁྲོད་དཔྱད་གཞིའི་ཡིག་རིགས་འགོད་སྟངས་འདྲ་མིན་སྣ་ཚོགས་བྱུང་ཡོད། དེའང་རྩ་བའི་ཆ་ནས་བཤད་ན་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་རང་རེའི་བོད་ཡིག་དཔྱད་རྩོམ་ཐད་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཀྱི་ཚད་གཞི་གཅིག་གྱུར་བྱུང་མེད་པ་དང་ཚད་ལྡན་གྱི་འགོད་སྟངས་ཤིག་འབྲེལ་ཡོད་ལས་ཁུངས་སམ་ཚན་པ་གང་གིས་ཀྱང་གཏན་འབེབས་བྱས་མེད་པ་རེད། དོན་དེའི་རྐྱེན་གྱིས་རྩོམ་པ་པོ་རྣམས་ཀྱིས་རང་རང་གི་སློབ་སྦྱོང་གི་གོ་རིམ་ཁྲོད་སྦྱང་ནས་ཐོབ་པའི་ཤེས་བྱ་དང་ཡང་ན་དཔྱད་རྩོམ་འབྲི་བའི་བརྒྱུད་རིམ་ནང་ཡིག་རིགས་གཞན་དག་དཔྱད་གཞིར་བཟུང་བ། ཡང་ན་སྔོན་གྱི་བོད་ཡིག་གི་སྲོལ་རྒྱུན་གྱི་རྩོམ་ཡིག་འབྲི་སྟངས་ལྟར་བྲིས་པ་སོགས་སྣ་ཚོགས་བྱུང་ཡོད།
ད་ལྟ་ང་ཚོས་མཐོང་དུ་ཡོད་པའི་དཔྱད་རྩོམ་དང་བརྩམས་ཆོས་ཁྲོད་དཔྱད་གཞིའི་ཡིག་རིགས་འགོད་སྟངས་གཤམ་གསལ་དག་ཡོད་དེ། སློབ་ཆེན་གྱི་དགེ་རྒན་དང་ཚན་རིག་ཞིབ་འཇུག་པ་རྣམས་ཀྱི་འགོད་སྟངས་ནི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ཁ་བྱང་། དཔེ་བསྐྲུན་ཁང་། དཔེ་བསྐྲུན་བྱེད་དུས། ཤོག་གྲངས་སོགས་འགོད་པ་དང་། དཔྱད་རྩོམ་ཚད་ལྡན་འབྲི་མཁན་མང་པོ་ཞིག་གིས་དཔྱད་གཞིའི་ཡིག་རིགས་འགོད་པར་སྤྱིར་བཏང་ཐོག་གོང་གི་འབྲི་སྟངས་ལྟར་བྱེད་ཀྱི་ཡོད། ཁ་ཤས་ནང་དོན་ཚང་ཡོད་ཀྱང་འགོད་དུས་སྐད་ཆ་བཤད་པ་ལྟར་྾྾྾྾྾ཡིས་མཛད་པའི་《྾྾྾྾》྾྾྾྾དཔེ་སྐྲུན་ཁང་གིས་྾྾྾྾ལོར་བསྐྲུན་ཞེས་པ་ལྟར་འགོད་པ་དང་། ཡང་ཚན་རིག་ཞིབ་འཇུག་དང་དགེ་རྒན་སོགས་ཀྱི་ལས་ཀ་བྱེད་མཁན་མིན་པ་དག་ལས་རེ་འགས་྾྾྾྾ཡིས་མཛད་པའི་《྾྾྾྾》ཞེས་འགོད་པ་དང་། ཡང་རེ་འགས་དེའི་ཐོག་ཏུ་དཔེ་བསྐྲུན་ཁང་གི་མིང་འགོད་པ་སོགས་གཅིག་གྱུར་མིན་པ་མངོན་གྱི་ཡོད། ཡང་དགོན་པའི་གྲྭ་བཙུན་དང་དཔྱད་རྩོམ་ཚད་ལྡན་འབྲི་བར་ཉམས་མྱོང་མེད་པའི་རིག་གནས་ཞིབ་འཇུག་པ་མི་ཉུང་བ་ཞིག་གིས་དཔེ་དེབ་དང་རྩོམ་གྱི་མཚན་བྱང་དང་དེ་རྗེས་རྩོམ་པ་པོའི་མིང་འགོད་པ་སོགས་ཅུང་ཚད་ལྡན་མིན་པ་དང་གཅིག་གྱུར་མིན་པའི་རྣམ་པ་མངོན་གྱི་ཡོད། དོན་དེར་དམིགས་ནས་་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ཁྲོད་དཔྱད་རྩོམ་གྱི་དཔྱད་གཞིའི་ཡིག་རིགས་འགོད་པར་བླང་བྱའང་འདི་དག་བཏོན་ཡོད་དེ།
དཔྱད་རྩོམ་ནང་དངོས་སུ་ལུང་འདྲེན་བྱས་པའི་དཔྱད་གཞིའི་ཡིག་རིགས་དང་། དཔྱད་རྩོམ་དང་འབྲེལ་བའི་ཟུར་བལྟས་བྱས་པའི་དཔྱད་གཞིའི་ཡིག་རིགས། དེ་མིན་གཞན་ལ་དཔྱད་གཞི་གསར་པ་མཁོ་སྤྲོད་བྱ་ཆེད་དུ་བྲིས་པའི་དཔྱད་གཞིའི་ཡིག་རིགས་བཅས་གསུམ་མོ། དེ་ཡང་དཔྱད་གཞིར་ལུང་འདྲེན་བྱ་སྐབས་རྩ་བའི་འབྲི་ལུགས་འདི་ལྟར་ཡིན་ཏེ། དཔྱད་གཞིའི་གོ་རིམ་ཨང་ཀི །རྩོམ་པ་པོའི་མཚན། དཔྱད་ཡིག་གི་མཚན་བྱང་། དཔྱད་ཡིག་གི་མཚོན་རྟགས། དཔྱད་ཡིག་པར་བསྐྲུན་བྱ་མཁན་གྱི་གནས་ཡུལ། དཔེ་སྐྲུན་ཁང་གི་མིང་། དཔེ་སྐྲུན་དུས་ཚོད། ཤོག་གྲངས་བཅས་དང་། ཡང་དུས་དེབ་དེར་ད་དུང་དཔྱད་གཞིར་དྲངས་པའི་དཔེ་དེབ་དང་། རིག་དེབ། སྙན་ཞུ། དེ་བཞིན་ཚགས་པར་སོགས་ཀྱི་དཔྱད་ཡིག་མཚོན་རྟགས་ཇི་ལྟར་འགོད་དགོས་མིན་གཤམ་གསལ་ལྟར་ཏེ། དཔེ་དེབ་ནི་Mདང་ཕྱོགས་བསྒྲིགས་ནི། Gཚགས་པར་ནི་N སྙན་ཞུ་ནི་R གློག་རྡུལ་སྤྱི་བསྒྲགས་ནི་EB འོད་སྡེར་ནི་CD ཁེ་བདག་ནི་P རིག་དེབ་ནི་J སློབ་གནས་དཔྱད་རྩོམ་D ཚོགས་འདུའི་ཟིན་ཐོ་ནི་C འཁོར་འབྲེལ་དྲ་རྒྱ་ནི་OL སྡུད་སྡེར་ནི་DKསྡུག་ཐག་ནི་MT གྲངས་མཛོད་DBབཅས་སོ་སོས་མཚོན་དགོས་པའི་བླང་བྱ་ཞིབ་ཕྲ་བསྟན་ཡོད།
དེང་རབས་ཀྱི་དཔྱད་བརྗོད་རིགས་ཀྱི་དཔེ་དེབ་མང་པོ་ཞིག་དང་དཔྱད་རྩོམ་སོགས་ཀྱི་རྩོམ་པ་པོ་ནི་དཔྱད་རྩོམ་འབྲི་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ལ། རྒྱ་ཡིག་གི་དཔྱད་གཞིའི་ཡིག་རིགས་འགོད་དུས་ཚད་གཞི་ལྟར་འགོད་ཀྱི་ཡོད་ཀྱང་བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་འགོད་དུས་ཅུང་གང་འདོད་ལྟར་དུ་འགོད་ཀྱི་ཡོད་པ་སྟེ། རེ་འགས་དཔེ་དེབ་ཀྱི་མིང་མདུན་ལ་འབྲི་བ་དང་། རྩོམ་པ་པོ་རྗེས་སུ་འབྲི་བ། དཔེ་བསྐྲུན་ཁང་གི་མིང་དང་པར་གཞི་སོགས་ཅུང་གང་འདོད་དུ་འབྲི་བ་སོགས་ཡོད། རེ་འགར་དཔྱད་རྩོམ་དང་དུས་དེབ་ཀྱི་མིང་སོགས་བྲིས་ཡོད་ཀྱང་གོ་རིམ་རྒྱ་ཡིག་གི་འགོད་སྟངས་ལྟར་ཚད་ལྡན་མེད་པ་དང་། དཔྱད་རྩོམ་གཅིག་གི་ནང་དུ་འགོད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་པ་དང་གཅིག་གྱུར་གཏན་ནས་མེད་པ་ཞིག་རེད།
མདོར་ན་བོད་ཡིག་དཔྱད་བརྗོད་རིགས་ཀྱི་བརྩམས་ཆོས་དང་དཔྱད་རྩོམ་བཅས་ཀྱི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཐད་གཤམ་གསལ་གྱི་ཁྱད་ཆོས་ཡོད་པ་སྟེ། གཅིག་ནས་གོ་རིམ་གཅིག་གྱུར་མེད་པ་དང་། གཉིས་ནས་དཔེ་དེབ་ཀྱི་ཆ་འཕྲིན་ཆ་མི་ཚང་བ། གསུམ་ནས་དཔྱད་གཞིའི་ཡིག་རིགས་ཀྱི་མཚན་བྱང་མི་གསལ་བ་དང་རྩོམ་པ་པོ་ཆ་མི་ཚང་བ་སོགས་གནད་དོན་སྣ་ཚོགས་གནས་ཡོད། བཞི་ནས་རྟགས་འགོད་སྟངས་གཅིག་གྱུར་མེད་པ་བཅས་རེད།
བཞི། དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཀྱི་ཚད་གཞིའི་སྐོར།
དུས་རབས་གསར་པའི་འཕེལ་རྒྱས་དང་བསྟུན་ནས་བོད་ཡིག་དཔྱད་བརྗོད་རིགས་ཀྱི་བརྩམས་ཆོས་དང་རྩོམ་ཡིག་འབྲི་མཁན་མང་བ་དང་། ད་དུང་དཔེ་བསྐྲུན་ཁང་གིས་དཔེ་དེབ་མང་པོ་པར་བསྐྲུན་བྱས་པ་བཅས་ནི་བོད་ཡིག་དཔྱད་རྩོམ་འབྲི་བ་ཚད་ལྡན་དུ་ཡོང་བ་དང་ལྷག་པར་དུ་གྲངས་གཞིའི་དུས་སྐབས་སུ་དཔྱད་གཞིའི་ཡིག་རིགས་ཀྱི་ཡོང་ཁུངས་འཚོལ་བ་དང་རྩོམ་པ་པོ་དང་བརྩམས་ཆོས། པར་གཞི་བཅས་ཀྱི་འབྲེལ་བ་མཐུད་སྦྲེལ་བྱེད་པར་ནུས་པ་བླ་ལྷག་ཏུ་ལྡན་པས་ན་གོང་གསལ་གྱི་བོད་ཡིག་དཔྱད་རྩོམ་ཁྲོད་གནས་པའི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཀྱི་གནད་དོན་འདི་ལ་དམིགས་ནས་གཅིག་གྱུར་དང་ཚད་ལྡན་བཟོ་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། ད་ཡོད་བོད་ཡིག་དཔྱད་རྩོམ་གྱི་གྲངས་འབོར་དང་ཁྱད་ཆོས་བཅས་ལ་གཞིགས་པ་དང་དེ་བཞིན་རྒྱ་ཡིག་དང་དབྱིན་ཡིག་གི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་དཔྱད་གཞིར་བཟུང་ཚེ་ང་ཚོར་གཤམ་གསལ་གྱི་གཅིག་གྱུར་དགོས་པའི་གནད་དག་ཡོད་པ་སྟེ།
གཅིག་ནས་ངེས་པར་འགོད་དགོས་པའི་ནང་དོན་ནི་ཨང་རྟགས་དང་། རྩོམ་པ་པོའི་མིང་། བརྩམས་ཆོས་ཀྱི་མཚན་བྱང་། དཔེ་བསྐྲུན་བྱེད་མཁན། པར་དུས། ཤོག་གྲངས་བཅས་དགོས་ཤིང་། གལ་ཏེ་ཕྱོགས་བསྒྲིགས་དང་དུས་དེབ། དེ་བཞིན་ཚགས་པར་སོགས་སུ་བཀོད་པའི་དཔྱད་རྩོམ་རིགས་ཡིན་ཚེ་དཔྱད་རྩོམ་དེའི་རྩོམ་པ་པོ་དང་དཔྱད་རྩོམ་གྱི་མིང་གཉིས་ཀྱི་ཆ་འཕྲིན་གསལ་པོ་དགོས་པ་རེད།
གཉིས་ནས་འགོད་དགོས་པའི་ནང་དོན་དག་ལས་ཨང་རྟགས་ཀྱི་རྗེས་སུ་གོ་རིམ་ཐད་ངེས་པར་དུ་རྩོམ་པ་པོ་དང་པོར་འཇོག་དགོས་ཤིང་། དེ་ལྟར་བྱས་ཚེ་རྩོམ་པ་པོའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་པར་ཕན་པ་ཡོད། དེ་ནས་རྩོམ་གྱི་མཚན་བྱང་ཆ་ཚང་འགོད་དགོས་པ་དང་། བསྡུས་མིང་སོགས་འགོད་མི་རུང་། དེ་ནས་དཔེ་བསྐྲུན་ཁང་གི་མིང་འགོད་དགོས་པ་དང་། དེ་བཞིན་པར་གཞིའི་དུས་ཚོད་བཅས་འགོད་དགོས། གོ་རིམ་དེ་ལྟར་འགོད་པ་རྒྱལ་སྤྱིའི་ཡོངས་ཁྱབ་འགོད་སྟངས་དང་མཐུན་ལ་དགེ་མཚན་ཀྱང་མི་ཉུང་བ་ལྡན་ཡོད། མཇུག་ཏུ་ལུང་འདྲེན་པའི་ཤོག་ངོས་སམ་ཚད་གཞིར་འཛིན་པའི་ཤོག་ངོས་དེ་བཀོད་དགོས།
གསུམ་ནས་རྟགས་མཚན་འགོད་སྟངས་ཐད་གཅིག་གྱུར་དགོས་པ་སྟེ། བོད་ཡིག་རང་གི་ཁྱད་ཆོས་དང་བོད་ཡིག་དཔྱད་རྩོམ་དང་དཔེ་དེབ་ཀྱི་སྤྱི་འབོར་ལ་གཞིགས་ནས་མཚོན་རྟགས་འགོད་པའི་དགོས་པ་ཡོད་མེད་ལ་བལྟ་དགོས། གཅིག་ནས་ཞབས་མཆན་དང་མཇུག་མཆན་སྐབས་ངེས་པར་དུ་ཨ་རབ་ཀྱིས་ཨང་ཀིས་མཚོན་པའི་ཨང་རྟགས་བཀོད་ནས་གསལ་པོ་བྱ་དགོས་པ་དང་། མཐའ་མཇུག་གང་དུ་ཡིན་ཡང་མཆན་འགྲེལ་མང་པོ་ཡོད་ཚེ་རྩོམ་གཞུང་གི་གོ་རིམ་ལྟར་ཤོག་ངོས་རེ་རེ་ནས་གཅིག་ནས་འགོ་བཙུགས་ནས་གོ་རིམ་སྒྲིག་ཆོག་ལ་མཆན་འགྲེལ་མང་པོ་མེད་ཚེ་རྩོམ་ཧྲིལ་པོར་གཅིག་ནས་འགོ་ཚུགས་ཏེ་གོ་རིམ་བསྒྲིག་ཆོག །དཔེ་དེབ་ཡོངས་གཞུང་གཅིག་ཏུ་ཡིན་ཚེ་ཤོག་ངོས་རེ་རེ་ནས་ཡང་བསྐྱར་འགོ་བཙུགས་ནས་ཅུང་སྟབས་བདེ་བ་ཡོད། གཉིས་ནས་དཔེ་རྟགས་ལྟ་བུ་མཚོན་ན་ཞབས་མཆན་དང་མཇུག་མཆན་རྒྱག་པའི་སྐབས་སུ་ཚད་ལྡན་འགོད་སྟངས་ལྟར་ན་དཔེ་དེབ་དང་དཔྱད་རྩོམ་གྱི་མཚན་བྱང་བཀོད་པ་ཡིས་ཆོག་པ་དང་། དེ་ལ་དཔེ་རྟགས་དམིགས་བསལ་དུ་མི་དགོས་པ་དང་། བར་མཆན་སོགས་སུ་དཔེ་རྟགས་བཀོད་ན་གཞུང་དངོས་དང་དབྱེ་བ་འབྱེད་ཐུབ་ཕྱིར་བཀོད་ན་ལེགས་པ་རེད། དེ་མིན་དཔྱད་རྩོམ་གྱི་ཁྱད་ཆོས་མཚོན་པའི་གུག་རྟགས་ནང་གི་ལ་ཏིང་གི་གསལ་བྱེད་དེ་བོད་ཡིག་ལ་དགོས་མཁོ་ཆེར་མེད་པར་འདོད་སྟེ། གང་ལགས་ཞེ་ན་བོད་ཡིག་དཔྱད་རྩོམ་དང་བརྩམས་ཆོས་ཀྱི་གྲངས་འབོར་དེ་རྒྱ་ཡིག་དང་དབྱིན་ཡིག་སོགས་ལྟར་གྲངས་འབོར་བགྲང་གིས་མི་ལངས་པ་དང་དབྱེ་འབྱེད་བྱེད་དཀའ་བ་སོགས་མེད་པས་དགོས་མེད་ངལ་བའི་རྒྱུ་རུ་ཟད་པར་སྙམ། ད་དུང་ཡིད་གཟབ་བྱ་དགོས་པ་ཞིག་ལ་དཔྱད་གཞིའི་ཡིག་རིགས་འགོད་དུས་སྐད་ཆའི་འགྲོས་བཞིན་འབྲི་མི་དགོས་པར་ཆ་འཕྲིན་ཐོ་འགོད་བྱེད་པའི་འགྲོ་ལུགས་ལྟར་འགོད་དགོས་པ་སྟེ། དཔེར་ན་྾྾྾྾྾྾྾ཡིས་མཛད་པའི་《 ྾྾྾྾》྾྾྾྾དཔེ་སྐྲུན་ཁང་གིས་྾྾྾྾ལོར་བསྐྲུན་ཅེས་པའི་མཛད་པ་དང་བསྐྲུན་པ་སོགས་བྱ་ཚིག་དེ་དག་མི་དགོས་པར་ཐད་ཀར་རྩོམ་པ་པོའི་མིང་དང་། བརྩམས་ཆོས་ཀྱི་མཚན་བྱང་། དེ་བཞིན་པར་གཞིའི་ཆ་འཕྲིན་བཀོད་ན་འགྲིག་པ་རེད།
དེ་ལྟར་བོད་ཡིག་གི་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ཐད་དུ་གཤམ་གསལ་གྱི་གཅིག་གྱུར་འགོད་སྟངས་སྤྱོད་ཆོག་པ་སྟེ།
དཔྱད་བརྗོད་རིགས་ཀྱི་དཔེ་དེབ་ཡིན་ཕྱིན། མཇུག་མཆན་ནམ་ཞབས་མཆན་གྱི་ཨང་གྲངས། རྩོམ་པ་པོའམ་སྒྲིག་པ་པོ། དཔེ་དེབ་ཀྱི་མཚན་བྱང་། དཔེ་བསྐྲུན་ཁང་། དཔེ་བསྐྲུན་བྱེད་དུས། ཤོག་གྲངས་བཅས་འགོད་དགོས། དཔྱད་བརྗོད་རིགས་ཀྱི་དཔེ་དེབ་ཀྱི་ནང་གསེས་རྩོམ་ཡིག་ཡིན་ཚེ་རྩོམ་པ་པོའམ་སྒྲིག་པ་པོའི་མིང་དང་། རྩོམ་ཡིག་གི་མཚན་བྱང་། དེ་ནས་རིམ་པ་བཞིན་དཔེ་དེབ་ཀྱི་རྩོམ་པ་པོའམ་སྒྲིག་པ་པོ་ནས་གོ་རིམ་ལྟར་གོང་དང་གཅིག་མཚུངས་སུ་འགོད་དགོས།
དུས་དེབ་དང་ཚགས་པར་རིགས་ཡིན་ཕྱིན། མཇུག་མཆན་ནམ་ཞབས་མཆན་གྱི་ཨང་གྲངས། རྩོམ་པ་པོའམ་སྒྲིག་པ་པོ། དུས་དེབ་ཀྱི་མཚན་བྱང་། ལོ་དུས་ཀྱི་དུས་དེབ་སམ་ཚགས་པར་ཨང་ཅི་ཞིག་ཡིན་པ། ཤོག་གྲངས་བཅས་འགོད་དགོས། དུས་དེབ་དང་ཚགས་པར་དུ་བཀོད་པའི་དཔྱད་རྩོམ་རང་ག་བ་ཡིན་ཕྱིན་དཔྱད་རྩོམ་གྱི་རྩོམ་པ་པོའི་མིང་དང་། དཔྱད་རྩོམ་གྱི་མཚན་བྱང་། དུས་དེབ་དང་ཚགས་པར་གྱི་མཚན་བྱང་། དཔེ་བསྐྲུན་བྱེད་ལོ་དང་ཨང་གྲགས་བཅས་པར་གཞིའི་ཆ་འཕྲིན། མཐར་ཤོག་གྲངས་འགོད་དགོས་པ་དང་། གློག་རྡུལ་པར་མ་ཡིན་ཚེ་ཐོབ་ཐབས་ཀྱི་དྲ་གནས་སོགས་འབྲི་དགོས།
གཞན་གནའ་དཔེ་ལག་བྲིས་སོགས་ཡིན་ཚེ་དཔེ་བསྐྲུན་ཁང་དཔེ་བསྐྲུན་བྱེད་དུས་ཀྱི་ཚབ་ཏུ་ལག་བྲིས་སམ་རྡོ་བརྐོས་སོགས་འབྲི་དགོས་ལ། རི་མོ་སོགས་ཡིན་ཚེ་རི་མོ་ཞེས་གསལ་བྱེད་ཀྱི་ཚུལ་དུ་འབྲི་ཆོག །གང་ལྟར་རང་ཉིད་ཀྱིས་རྙེད་པའི་ཆ་འཕྲིན་ལ་གཞིགས་ནས་རྒྱུ་ཆ་དེའི་ཡོང་ཁུངས་དང་ཐོབ་ཐབས་སོགས་གསལ་པོ་ཡོད་པ་བྱ་དགོས། ཆེད་ཁེའི་ཡིག་རིགས་ཡིན་ཚེ་དེའི་དོ་བདག་གི་མིང་དང་། ཆེད་ཁེའི་མཚན་བྱང་། ཆེད་ཁེ་གནས་སའི་རྒྱལ་ཁབ། དེ་བཞིན་ཆེད་ཁེའི་ཨང་གྲངས། དེ་བཞིན་ཡོངས་བསྒྲགས་བྱེད་ཉིན། ད་དུང་དེ་ཉིད་ཐོབ་པའི་ཐབས་ལམ་བཅས་འགོད་དགོས།
མདོར་ན་དཔྱད་གཞིའི་ཡིག་རིགས་འགོད་སྟངས་ནི་གོང་གི་དེ་ལྟར་ཚད་ལྡན་དང་ལྷག་པར་དུ་དཔེ་བསྐྲུན་ཚན་པ་དང་དུས་དེབ་རྩོམ་སྒྲིག་ཁང་སོགས་ཀྱིས་གཅིག་གྱུར་བཟོས་ཚེ་དཔེ་དེབ་དང་དཔྱད་རྩོམ་ཚད་ལྡན་ཡོང་བ་མ་ཟད་དེ་དག་གི་སྤུས་ཚད་ཀྱང་ཚད་གཞི་མཐོན་པོས་ཡར་འཕེལ་ཡོང་ནས་བོད་ཡིག་དཔྱད་རྩོམ་དང་དུས་དེབ་ཀྱི་སྤུས་ཚད་དང་རིན་ཐང་སོགས་ཕྱོགས་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོང་བ་འདུག །
◆ རྩོམ་པ་པོ། སངས་རྒྱས་སྐྱབས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1