༄༅། །གླིང་གེ་སར་རྒྱལ་པོ་ངོ་སྤྲོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


《གངས་ལྗོངས་ཚིག་མཛོད་ཆེན་མོ་》ལས་དྲངས།

    གླིང་གེ་སར། རབ་བྱུང་དང་པོའི་ས་སྟག་སྤྱི་ལོ1038ལོར་ཡབ་གླིང་ཆུང་བརྒྱུད་སྲས་པོ་སེང་བློན་དང་།ཡུམ་འགོག་བཟའ་ལྷ་མོ་གཉིས་ཀྱི་སྲས་སུ་དེང་སྡེ་དགེ་འདན་ཁོག་གི་ཁོངས་ཚབ་ཚ་དགོན་པའི་ཉེ་འཁོར་དུ་སྐུ་འཁྲུངས།ཆུང་དུས་ཀྱི་མིང་ལ་བུ་ཇོ་རུ་བཏགས། མ་ཡུམ་འགོག་བཟའ་ལྷ་མོ་དེ་གླིང་སེང་བློན་རྒྱལ་པོའི་བཙུན་མོ་དངོས་མིན་སྟབས།ཁོང་མ་བུ་གཉིས་འཚོ་བ་ཉམས་ཆུང་གིས་བཞུགས་དགོས་བྱུང་བ་དང་། ཁོང་གི་ཐུན་མོང་མ་ཡིན་པའི་བྱིས་པའི་རིག་སྟོབས་ལ་ཨ་ཁུ་ཁྲོ་ཐུང་ལ་སོགས་ཁག་གཅིག་གིས་ཕྲག་དོག་གིས་རྐྱེན་གྱིས།ཁོང་ལ་སྒྲིག་འགལ་གྱི་གྱོད་གཞི་མི་ཉུང་བ་ཞིག་བརྩལ་ནས་གླིང་ཚང་གི་སྡེ་པ་ནས་ཡུལ་ཕུད་པའི་བཀའ་ཆད་བཅད།ཁོང་མ་བུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་ཕུད་བྱས་པར་གནས་དེར་ལོ་ཤས་རིང་འབྱུང་པོ་མི་མ་ཡིན་པའི་འགྲོ་དོན་མང་པོ་མཛད། དེ་ནས་གླིང་གི་རྒྱལ་ས་ལ་གླིང་ཆེ་འབྲིང་ཆུང་གསུམ་གྱི་ཕུ་ནུ་རྣམས་ཐོབ་རྩོད་བྱེད་པའི་མཐར།གླིང་གི་རྒྱལ་ས་དང་། སྒ་སྐྱ་ལོའི་བུ་མོ་འབྲུག་མོ་གཉིས་རྟ་རྒྱུག་གི་རྒྱན་དུ་བཙུགས་ཤིང་།རྟ་སུ་མགྱོགས་ལ་གླིང་གི་རྒྱལ་ས་དང་། འབྲུག་མོ་གཉིས་ཐོབ་རྒྱུ་ཐག་བཅད། ཐོབ་མཐོ་མིན་དང་།ནོར་དབུལ་ཕྱུག་གི་ཁྱད་པ་མེད་པ་གླིང་གི་རུས་སུ་གཏོགས་པ་ཐམས་ཅད་དེའི་འགྲན་རྩོད་ནང་དུ་ཞུགས་ཆོག་པར་དྲིལ་བསྒྲགས།དུས་དེར་བུ་ཇོའི་ཕུ་བོ་རྒྱ་ཚ་ཞ་དཀར་དེས་ཇོ་རུ་འབོད་སར་བཏང་། ཇོ་རུ་ལྷ་རྟ་རྐྱང་རྒོད་དང་བཅས་ཏེ་དུས་ཐོག་ཏུ་གླིང་ཡུལ་དུ་འབྱོར།རྟ་རྒྱུག་གི་འགྲན་རྩོད་ནང་དུ་ཞུགས་པས་གླིང་གི་རྒྱལ་ས་དང་། སེང་ལྕམ་འབྲུག་མོ་གཉིས་ཇོ་རུ་ལ་ཐོབ།ཉིན་དེ་ནས་གླིང་གེ་སར་རྒྱལ་པོ་ཞེས་འབོད་སྲོལ་བྱུང་། དེ་ནས་བཟུང་ཕྱོགས་བཞིའི་བདུད་བཞི་ལ་སོགས་པའི་སྐབས་དེའི་མི་སྲུན་པའི་ཡུལ་དཔོན་མང་པོ་དབང་དུ་བྱས་སྟབས།གླིང་གེ་སར་ནོར་བུ་དགྲ་འདུལ་ཞེས་མཚན་སྙན་ཆེར་རྒྱས། མཐར་དགུང་ལོ་གྱ་གཉིས་པ་རབ་བྱུང་གཉིས་པའི་ས་ཕག་སྤྱི་ལོ1119ལོར་མདོ་ཁམས་རྨ་རྒྱལ་གངས་ཀྱི་རི་བོའི་ཉེ་འདབས་སུ་སྐུ་གཤེགས་པར་གྲགས།

    གླིང་གེ་སར་རྒྱལ་པོའི་སྒྲུང་། བརྗོད་བྱ་གླིང་གེ་སར་གྱི་ལོ་རྒྱུས་རྣམ་ཐར་ལ་གཞིར་བྱས།སྙན་ངག་རབ་བཏགས་ཀྱི་རྩོམ་རིག་གིས་བརྩམས་པའི་རྩོམ་སྒྲུང་ཞིག་ཡིན། གནས་དུས་ཡོངས་གྲགས་སུ་ལྷ་གླིང་བར་རྩེ་དགུ་སྐོར།འཁྲུངས་གླིང་མེ་ཏོག་ར་བ། རྟ་རྒྱུག་ནོར་བུ་ཆ་བདུན་གསུམ་ནི་གླིང་གེ་སར་བྱུང་རབ་ཀྱི་རྩོམ་སྒྲུང་དང་།དེ་ནས་རྫོང་ཆེན་བཅོ་བརྒྱད་ཅེས་པ། ཤར་བདུད་ཤིང་ཁྲི་རྒྱལ་པོ། ལྷོ་བདུད་ས་དམ་རྒྱལ་པོ།ནུབ་བདུད་གུར་དཀར་རྒྱལ་པོ། བྱང་བདུད་ཀླུ་བཙན་རྒྱལ་པོ་བཅས་ཕྱོགས་བཞིའི་བདུད་ཆེན་བཞི་འདུལ་བའི་རྟོགས་བརྗོད་གཙོ་བོར་བྱས་པའི་རྫོང་ཁག་བཅོ་བརྒྱད་ཕབ་པའི་སྒྲུང་དང་།མཐར་དམྱལ་གླིང་རྫོགས་པ་ཆེན་པོ་ཞེས་པ་གླིང་གི་དཔའ་ཐུལ་ཕུ་ནུ་རྣམས་རེ་རེ་བཞིན་དུ་སྐུ་མྱ་ངན་ལས་འདས་ཤིང་དག་པའི་ཞིང་དུ་ཕེབས་ཚུལ་གྱི་སྒྲུང་ཡིག་བཅས་ལ་གེ་སར་སྒྲུང་ཆ་ཚང་ཞེས་སྲོལ་ཡོད།འོན་ཀྱང་དེང་དུས་སྡེ་འབངས་ཀྱི་ཁྲོད་དུ་ཉར་ཚགས་བྱས་པ་རྣམས་འཚོལ་སྡུད་བྱས་པའི་སྒྲུང་ཡིག་པུ་སྡི་བརྒྱ་ལྷག་ཙམ་ཡོད་པར་བཤད།རྩོམ་སྒྲུང་དེ་དག་ཕལ་ཆེར་བ་སྔོན་གྱི་ལོ་རྒྱུས་ལ་གཞི་བྱས་ནས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་རྩོམ་རིག་གི་བསྟན་བཅོས་ཡིན་ལ།འགའ་ཞིག་ནི་བབས་སྒྲུང་ཅེས་པ་ཡོད་པ་རེད། བབས་སྒྲུང་ནི་མི་འགའ་ཞིག་རྩ་དཀར་གྲུབ་དཀར་ཞེས་པ་ཡི་གེ་མི་ཤེས་ཀྱང་སྐབས་རྨི་ལམ་སོགས་རྐྱེན་འགའ་ཞིག་ལ་བརྟེན་ནས་སྙན་རྩོམ་དང་།ལུང་བསྟན་སོགས་ཡི་གེ་པུ་སྡི་མང་པོ་བཤད་ཐུབ་པ། དེ་ལ་གོ་རིམ་མ་འཛོལ་བ། ནད་དོན་ཟློས་མེད་པ།ཚིག་སྦྱོར་སྙན་པོ་ཡོད་པ་དེ་དག་དྲུང་ཡིག་ཅིག་གིས་འབྲི་ཅི་ཐུབ་བྱེད་པ་ཡོང་གི་ཡོད་པ་རེད།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1