ལི་ཐང་རྫོང་དེང་རབས་སྔོ་ཚལ་ཞིང་ལས་གླིང་ཁུལ་དེ་རང་ཁུལ་གྱི་ཞིང་ཆེན་གྱི་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ཐོག་མར་གྱུར།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-12


ལི་ཐང་རྫོང་དེང་རབས་སྔོ་ཚལ་ཞིང་ལས་གླིང་ཁུལ་དེ་རང་ཁུལ་གྱི་ཞིང་ཆེན་གྱི་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ཐོག་མར་གྱུར།

  ཉེ་ཆར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་སྐར་མ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ལ་མིང་གདགས་རྒྱུའི་སྐོར་གྱི་ཆོད་དོན་དེ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ཕྱོགས་དྲྭ་ཚུགས་ཐོག་ནས་ཁྱབ་བསྒྲགས་བྱས་པར་བརྒྱུད། ལི་ཐང་རྫོང་གི་དེང་རབས་སྔོ་ཚལ་ཞིང་ལས་གླིང་ཁུལ་དེ་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་གྱི་མིང་ཐོའི་ནང་བཅུག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་དེ་རང་ཁུལ་གྱི་ཞིང་ཆེན་གྱི་སྐར་བཞི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་དང་པོར་གྱུར་ཡོད་པ་རེད།

    ལི་ཐང་རྫོང་དེང་རབས་ཞིང་ལས་གླིང་ཁུལ་ལ་མཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་ཡང་ཟེར་ཞིང་། གླིང་ཁུལ་དེ2016ལོར་བཙུགས་པ་དང་རྒྱལ་ལམ227པའི་ལམ་རྒྱུད་དུ་གནས་ཤིང་། འབྲི་ཆུའི་འབབ་རྒྱུད་ཤམ་བྷ་ལའི་རྒྱལ་སྤྱིའི་སྤུས་ལེགས་ཡུལ་སྐོར་ཁུལ་དང་ཉི་སྟེན་གྱི་ཆུ་ཚོད་གཉིས་རིང་གི་ཡུལ་སྐོར་ཁྱབ་ཁོངས་ལྟེ་གནས་སུ་གནས་ཡོད་པས་གླིང་ཁུལ་གྱི་ས་ཁམས་གནས་བབ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་ཡོད་པ་རེད། གླིང་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ10དང་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ3.59ལ་ཟིན། གླིང་ཁུལ་གཅིག་ལ་གྲུབ་ཆ་མང་བ་དང་འདེབས་གསོ་འཁོར་རྒྱུག ཐོན་ལས་གསུམ་པོ་མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས་འཆར་འགོད་དང་འཛུགས་སྐྲུན་བྱས་པ་དང་གླིང་ཁུལ་ནང་སི་ཁྲོན་ཞིང་ཆེན་གྱིས་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོར་མཁོ་འདོན་བྱེད་པའི་ཕྱིར་གཏོང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་ཕྱིར་གཏོང་སྔོ་ཚལ་ལས་སྣོན་རྟེན་གཞིའི་ཁེ་ལས་ཁོ་ན་ཞིག་སྟེ་ཁམས་བོད་ཉི་འོད་དང་། ནགས་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་སྟེ་ལྷ་མགོ་མེ་ཏོག་གྲོང་སྡེ། ཕྱི་སྐོར་དུ་ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་སྲུང་སྐྱོང་ཁུལ་ཚ་རོགས་གཤིས། ཤའོ་ཁེ་དང་ཝང་ཀྲེན་གྱིས་དམར་དམག་དཔུང་ཚོགས་དྲུག་པ་ཁྲིད་དེ་དམར་དམག་ངོས་ཕྱོགས་དཔུང་ཚོགས་བཞི་པ་དང་འབུམ་ཤོག་སོ་གཉིས་པའི་མཉམ་འཛོམས་བྱ་ཡུལ་གྱི་གསར་བརྗེའི་དགོན་སྡེ་སྟེ་ཞང་དབྱང་དགོན་པ་བཅས་ཡོད་པ་དང་། ད་དུང་སྲོལ་རྒྱུན་བོད་ཀྱི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་སྦྲ་གུར་ཟ་ཁང་། སྣོད་བཅུད་ལ་སྤྱི་གནོད་མེད་པའི་ཤིང་འབྲས་སྔོ་ཚལ་ཐོན་ཡུལ་ཏེ་བྱ་གཞག་སྐྲུན་པར་མཐུན་རྐྱེན་འདོན་པའི་རྟེན་གཞི་ལྟེ་གནས་ཡོད་ཅིང་། སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་གྱི་སྦྲ་གུར་སྒར་ས། སྐལ་བཟང་མེ་ཏོག་དང་ཚེ་རིང་ལུག་མིག་མེ་ཏོག་སོགས་ཀྱིས་བསྐོར་བའི་ལྷ་མགོའི་མེ་ཏོག་རྒྱ་མཚོ། མི་རིགས་ཀྱི་རིག་གནས་དང་ཞིང་འབྲོག་རིག་གནས་མྱོང་རོལ་བྱེད་སའི་ཁྱད་ལྡན་སྡོད་ཁང་། ཐང་ག་དང་སྤོས། རྡོ་བརྐོས་སོགས་ཁྱད་ལྡན་རིག་གནས་མངོན་པའི་ནུས་མང་ཡུལ་སྐོར་ལྟེ་གནས་སོགས་ཡོད་པ་རེད།

    ལི་ཐང་རྫོང་མཚོ་གསུམ་དེང་རབས་ཞིང་ལས་གླིང་ཁུལ་ལྗོངས་ཁུལ་གྱིས2018ལོརAབཞི་རིམ་པའི་ལྗོངས་ཁུལ་སྐྲུན་པའི་ལས་དོན་སྤེལ་འགོ་བཙུགས་པ་ནས་བཟུང་ཆེད་དོན་མ་དངུལ་བཏང་ནས་རིམ་སྤོར་ཇུས་གཞིར་གཞིགས་ཏེ་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་དང་། གྲོང་ཚོའི་རྣམ་པ། འཁོར་ལྷས། མཚོན་རྟགས་མ་ལག ཡུལ་སྐོར་གསང་སྤྱོད་སོགས་ཀྱི་ཐད་འཛུགས་སྐྲུན་བྱས་པ་དང་། མཛེས་ལྗོངས་ཁུལ་གྱིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་དང་མཉེན་ཆས་ནུས་པ་འཐུས་སྒོ་ཚང་དུ་གཏང་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གསར་གཏོད་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། གསར་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བཅས་བྱས་ཡོད། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་ཡིན་པ་དང་། མཛེས་ལྗོངས་མཛེས་པ་དང་། རིག་གནས་དམིགས་བསལ་ཡིན་ཞིང་། ཁོར་ཡུག་ཧ་ཅང་ཡག་པ། ཞབས་ཞུ་སྤུས་ལེགས་བཅས་ཡོད་པས་ཞིང་ལས་ལྟ་སྐོར་དང་། ཤིང་འབྲས་དང་སྔོ་ཚལ་འཐུ་བ། སྒར་སྡོད། དགོན་སྡེར་སྤྲོ་གསེང་། རྟར་བཞོན་པ། མདའ་འཕེན་པ་སོགས་ཀྱི་རོལ་རྩེད་བྱེད་སྒོ་གཞི་གཅིག་ཏུ་འདུས་ཤིང་། ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་མཉམ་འདུས་ཅན་གྱི་མཛེས་ལྗོངས་ཁུལ་ཞིག་རེད།

     གསར་འཛུགས་བྱས་པར་བརྒྱུད། མཚོ་གསུམ་དེང་རབས་ཞིང་ལས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་། ཉེ་འཁོར་མང་ཚོགས་ཀྱི་ཡུལ་སྐོར་ཞབས་ཞུའི་ཧུར་སེམས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཅིང་། ཞིང་པའི་ཁྱིམ་གཞིས་ཡུལ་སྐོར་བའི་སྡོད་གནས་སུ་བསྒྱུར་བ་དང་། ཁྱིམ་ཚང་མགྲོན་ཁང་དུ་བསྒྱུར་བའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་གྲོང་སྡེ་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་རམ་འདེགས་ཐུབ་ཡོད། མིག་སྔར་མཛེས་ལྗོངས་ཁུལ་གྱི་ལས་སྟེགས་བརྒྱུད་དེ་ལས་ཞུགས་མི་གྲངས100ལྷག་ཙམ་ལ་སྐུལ་ཁྲིད་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1