བོད་རྒྱལ་མོ་རོང་གི་རིག་གནས་སྲུང་སྐྱོང་དང་བརྒྱུད་འཛིན་དེ་བས་ལེགས་པར་བྱ་ཆེད། རོང་བྲག་རྫོང་གྲོང་ཁུལ་སློབ་ཆུང་གིས“སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱ་རྒྱུ་ང་རང་ཉིད་ནས་མགོ་བརྩམས”ཞེས་པའི་སློབ་གསོའི་མ་དཔེ་དང་། ཡུལ་དུས་དང་བསྟུན་པའི་བྱེད་སྒོ་སྣ་མང་སྤེལ་ནས། ས་གནས་རང་གི་རིག་གནས་སྲུང་སྐྱོང་དང་བརྒྱུད་འཛིན་བྱ་ཆེད་རམ་འདེགས་བྱས་ཡོད་པ་རེད།
དགེ་རྒན་ཚོས་ཡུལ་དངོས་ནས་རྟོག་ཞིབ་དང་བཅར་འདྲི་བྱས་ཤིང་། ཡི་གེའི་རྒྱུ་ཆ་འཚོལ་བསྡུ་དང་། སྔོན་གྱི་པར་རིས་དང་རྒྱལ་རོང་ས་ཁུལ་གྱི་གནའ་བོའི་ཐོན་སྐྱེད་འཚོ་བའི་ཡོ་བྱད། མཁོ་ཆས་སོགས་འཚོལ་བསྡུ་བྱས་ནས་རྒྱལ་རོང་མི་དམངས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་པ་རེད། དེ་དང་ཆབས་ཅིག་གནའ་བོའི་གཏམ་རྒྱུད་ཐོ་འགོད་བྱས་ཤིང་། རི་མོའི་དེབ་ཏུ་བསྒྲིགས་ནས་དེ་དག་བྱིས་པ་ཚོས་ལྟ་འདོད་ཅིང་ཉན་སྤྲོ་པར་བྱས་ཤིང་། ངག་ཐོག་ནས་བརྒྱུད་འཛིན་བྱེད་པའི་རིག་གནས་དེ་དག་རྒྱུན་མཐུད་ཐུབ་པ་དང་འབྲེལ་རྒྱ་ཁྱབ་ངང་དར་སྤེལ་གཏོང་ཐུབ་པ་བྱས་ཡོད།
གཞན་ཡང་སློབ་གྲྭས་ད་དུང་རྒྱལ་རོང་རིག་གནས་ཆེད་མཁས་ཀྱི་ས་གནས་རང་གི་ཤེས་ལྡན་མི་སྣ་གདན་དྲངས་ནས་བློ་འདྲི་བ་དང་། ཞབས་བྲོ་རིག་གནས་ཀྱི་ཚོ་ཆུང་གསར་དུ་བཙུགས་ཤིང་། རྒྱལ་རོང་རང་ས་གནས་ཀྱི་དམངས་ཁྲོད་གླུ་གར་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་ནས་ལེ་ཚན་ཆ་ཚང་ཞིག་བསྒྲིགས་ཏེ་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་དུ་བཅུག་པས་རྒྱལ་རོང་གླུ་གར་རིག་གནས་སློབ་གྲྭའི་ར་བར་ཚུད་པའི་མགོ་གསར་པ་ཞིག་བརྩམས་ཡོད་པ་རེད།