བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་མགོ་ལོག་དང་དེ་ནས་ཟི་ལིང་བར་གྱི་མཁའ་ལམ་གསར་བ་དངོས་སུ་ཤར་གཏོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-15



     ཟླ5བའི་ཚེས12ཉིན་གྱི་སྔ་དྲོར། བོད་ལྗོངས་མཁའ་འགྲུལ་གྱིA319གནམ་གྲུ་གཉིས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་གནམ་གྲུ་འབབ་ཐང་དུ་བབས་པ་དང་བསྟུན་ནས། བོད་ལྗོངས་མཁའ་འགྲུལ་གྱི་དབྱར་དུས་ཀྱི་ལྷ་ས་ནས་མགོ་ལོག་དང་དེ་ནས་ཟི་ལིང་བར་གྱི་མཁའ་ལམ་གསར་བ་དངོས་སུ་ཤར་གཏོང་བྱས་པ་མཚོན།
    མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཡུས་ཀྲང་། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་སོགས་འགོ་ཁྲིད་ཀྱིས་གནམ་གྲུ་འཕུར་ཐེངས་ཐོག་མར་སྔོན་བསུ་ཞུས། བོད་ལྗོངས་མཁའ་འགྲུལ་གྱི་སྤྱི་གཉེར་བ་གཞོན་པ་ལུའོ་ཡུང་ཅུན་གྱིས་ཀུང་ཟིའི་ཚབ་བྱས་ཏེ་ཤར་གཏོང་མཛད་སྒོ་ལ་ཞུགས། ཁོང་གིས་མཁའ་ལམ་གསར་བ་བདེ་བླག་ངང་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། མཚོ་སྔོན་གནམ་གྲུ་འབབ་ཐང་ཀུང་ཟི་དང་འབྲེལ་ཡོད་སྡེ་ཁག་ལ་ཐུགས་རྗེ་ཆེ་ཞུས་ཏེ། མ་འོངས་པར་ཕྱོགས་སོ་སོས་མུ་མཐུད་དུ་མཉམ་ལས་ཀྱི་ཁྱབ་རྒྱ་དང་གཏིང་ཚད་རྒྱ་བསྐྱེད་ནས། མཐོ་སྒང་གྲོང་ཁྱེར་བར་དུ་བར་སྣང་གི་ཟམ་པ་བསྟུད་མར་བསྐྲུན་རྒྱུ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལེགས་པོ་བརྩོན་ལེན་བྱས་ཏེ་ཧུར་ཐག་གིས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།
     རྒྱུས་ལོན་པ་ལྟར་ན། ལྷ་ས་ནས་མགོ་ལོག་དེ་ནས་ཟི་ལིང་བར་གྱི་མཁའ་ལམ་གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་འཕུར་ཐེངས་གཅིག་རེ་བཀོད་སྒྲིག་བྱས་ཡོད། མཁའ་ལམ་འདི་ཤར་གཏོང་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་གཙོ་བྱས་པའི་ས་ཁོངས་རང་བཞིན་གྱི་མཁའ་ལམ་གྱི་དྲ་རྒྱའི་གཞི་སྒྲོམ་འཐུས་ཚང་དུ་བཏང་སྟེ། རྗེས་ཕྱོགས་མཐོ་སྒང་གི་མཁའ་ལམ་བཀོད་སྒྲིག་ཇེ་ཆེར་གཏོང་བར་རྨང་གཞི་བཏིངས་ཡོད་པ་རེད།
    དུས་གཏན་གནམ་གྲུའི་དུས་ཚོད།
   TV9921 ལྷ་ས། 07:00-08:50 མགོ་ལོག 09:30-10:20ཟི་ལིང་།
   TV9922 ཟི་ལིང་། 07:30-08:30མགོ་ལོག 09:10-10:55ལྷ་ས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1