པེ་ཅིང་གི་དུས་ཚོད་སྤྱི་ཚེས18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས73པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱི་བརྙན་མཐོང་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག མཐུན་སྒྲིལ་མཉམ་ལས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱས་ཏེ་ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་བསྐྲུན་དགོས་ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་ནམ་ཡམས་ཞེས་པ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཚུན་གྱི་འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཐད་ཀྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེ་ཤོས་ཀྱི་མདུན་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་དང་། སོ་སྲུང་རོགས་རེས་དང་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། ཀྲུང་གོས་མི་དམངས་རྩ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་འདུ་ཤེས་རྒྱུན་འཛིན་བྱེད་པ་སྟེ། རང་རྒྱལ་ཁབ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་ཡོད་ལ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་གི་འགན་འཁྲི་ཡང་འཁུར་བཞིན་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ད་ཆ་རིམས་ནད་ད་དུང་མཆེད་བཞིན་ཡོད་པས་སྔོན་འགོག་ཚོད་འཛིན་ཐད་སྔར་བཞིན་འབད་བརྩོན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནུས་ཤུགས་ཡོད་རྒུས་ཡག་པོ་བྱེད་པ་དང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་དགོས་ཞེས་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོས་གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཆེན་པོ་ལྔ་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་མཉམ་དུ་བསྐྲུན་དགོས་པའི་འབོད་སྐུལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་། མིའི་རིགས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་པའི་འགག་རྩའི་དུས་སུ་ཐེངས་འདིའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐོང་འཚོགས་བྱས་པ་དེར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཀྱི་རིམས་ནད་གློ་བུར་དུ་ཐོན་པ་དང་། ད་ལྟ་རྒྱལ་ཁབ་དང་ས་ཁུལ210ལྷག་ཙམ་ལ་ཁྱབ་ནས་མི་འབོར་དུང་ཕྱུར70ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་ཁར། མི་ཁྲི30ལྷག་ཙམ་གྱི་རྩ་ཆེའི་ཚེ་སྲོག་འཕྲོག་ཡོད། ང་རང་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་ཁོང་ཚོའི་ཁྱིམ་མིར་འཚམས་འདྲི་ཞུ་རྒྱུ་ཡིན། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཀྱང་ནད་རིགས་གནོད་འཚེ་དང་འཐབ་རྩོད་བྱེད་པའི་ལོ་རྒྱུས་ཤིག་ཡིན། ནད་དུག་ལ་རྒྱལ་མཚམས་མེད་ཅིང་། ནད་ཡམས་ཀྱིས་རིགས་རྒྱུད་དབྱེ་བ་མི་འབྱེད། ཐོལ་བྱུང་འཇིགས་རུང་གི་རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པ་དང་། སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་བྱས་ནས་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་མངོན་པར་བྱས་ཡོད་ཅིང་། རིམས་ནད་ལ་འཐབ་རྩོད་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། དཀའ་བ་ཚད་མེད་སྤྱད་པ་དང་། འབད་འཐབ་ལྷོད་མེད་བྱས་པ། རིན་དོད་ཧ་ཅང་ཆེན་པོ་བཏང་བ་བཅས་བརྒྱུད། ཀྲུང་གོས་རིམས་ནད་མཆེད་ཚུལ་ལ་འགྱུར་ལྡོག་ནུས་ལྡན་བཏང་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་སྟེ། དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་ཡོད་རྒྱལ་ཁབ་ལ་རིམས་ནད་ཀྱི་ཆ་འཕྲིན་བརྡ་ཁྱབ་བཏང་བ་དང་། དུས་ཐོག་ཏུ་ནད་དུག་གི་གཞི་རྒྱུའི་རིམ་སྟར་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ། ཕྱོགས་ཁག་ལ་སྦ་གསང་ཅི་ཡང་མེད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཡོད། དགོས་མཁོ་ཡོད་པའི་རྒྱལ་ཁབ་ལ་རང་ནུས་གང་ལྕོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འབོར་ཆེན་བྱས་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། མིག་སྔར་ད་དུང་རིམས་ནད་འགོ་ཁྱབ་འགྲོ་བཞིན་ཡོད་པས། སྔོན་འགོག་ཚོད་འཛིན་ཐད་སྔར་བཞིན་འབད་བརྩོན་བྱེད་དགོས་ཀྱི་ཡོད། ང་རང་ནས་དེའི་ཐད་གཤམ་གསལ་གྱི་གྲོས་འགོ་ཁག་གཅིག་འདོན་རྒྱུ་སྟེ། གཅིག་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ལེགས་པོ་བྱེད་དགོས། དེ་ནི་ཁ་ཚ་དགོས་གཏུགས་དེ་རེད། ང་ཚོས་མི་དམངས་རྩ་བར་འཛིན་པ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ངང་སྨན་བཅོས་སྟོབས་ཤུགས་དང་གལ་ཆེའི་དངོས་རྫས་བཀོད་གཏོང་བྱེད་པ། འགོག་སྲུང་དང་། ལོགས་དབྱེ། བརྟག་ཞིབ། སྐྱོབ་བཅོས། རྗེས་དེད་བརྟག་ཞིབ་སོགས་གཙོ་གནད་ཁྱབ་ཁོངས་སུ་ནུས་ལྡན་བྱ་ཐབས་བཟུང་བ་བཅས་བརྒྱུད། རིམས་ནད་འཛམ་གླིང་ཧྲིལ་པོར་འགོ་ཁྱབ་འགྲོ་བར་གང་མགྱོགས་བཀག་འགོག་བྱེད་པ་དང་། རིམས་ནད་མངའ་ཁོངས་བརྒལ་ནས་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་བྱེད་དགོས། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཡོད་ཉམས་མྱོང་དང་བྱ་ཐབས་སྤེལ་རེས་བྱེད་པ། བརྟག་ཞིབ་བྱེད་ཐབས་དང་། ནད་ཐོག་སྐྱོབ་བཅོས། རིམས་འགོག་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་སྤེལ་རྒྱུ་མ་ཟད། རྒྱལ་ཁབ་ཁག་གི་ཚན་རིག་མཁས་པ་རྣམས་ཀྱིས་ནད་དུག་གི་འགོ་ཁུངས་དང་འགོ་ཁྱབ་འགྲོ་ལམ་འཚོལ་ཞིབ་བྱེད་པའི་འཛམ་གླིང་ཧྲིལ་པོའི་ཚན་རིག་ཞིབ་འཇུག་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས།
གཉིས་ནས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྤྱི་ཁྱབ་ལས་བྱ་ཐན་ཏེ་སའེ་ཡིས་སྣེ་ཁྲིད་གནང་བའི་འོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་འགོ་ཁྲིད་དང་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བས། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་ཡོད། མིག་སྔར། རྒྱལ་སྤྱིའི་རིམས་འགོག་གནས་བབ་དེ་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་དང་ཚེ་སྲོག་སྐྱོབ་བཅོས་ལ་རོགས་རམ་བྱེད་པ་ཞིག་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཆབ་སྲིད་ཀྱི་རྒྱབ་སྐྱོར་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བྱས་ནས། རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན།
གསུམ་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལྷག་པར་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་མ་ལག་ཉམས་ཞན་ཡིན་པས། ཁོང་ཚོས་འགོག་སྲུང་འཛིང་རགས་གཏོད་རྒྱུར་རོགས་རམ་བྱེད་པ་ནི་རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་དེ་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ལ་དངོས་རྫས་དང་། ལག་རྩལ། མི་ཤུགས་སོགས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ50ལྷག་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ལ་སྨན་བཅོས་རོགས་སྐྱོར་དངོས་རྫས་འབོར་ཆེན་ཞིག་ཞལ་འདེབས་བརྒྱབ་པ་དང་། ཆེད་མངགས་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང5མངགས་གཏོང་བྱས་ཡོད། མིག་སྔར། ཨ་ཧྥེ་རི་ཁ་གླིང་དུ་རྒྱུན་སྡོད་ཀྲུང་གོའི་སྨན་བཅོས་རུ་ཁག46གིས་རིམས་ནད་འགོག་རོགས་བྱེད་མུས་རེད།
བཞི་ནས། འཛམ་གླིང་སྤྱི་པའི་འཕྲོད་བསྟེན་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། མིའི་རིགས་མཐར་ཐུག་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་རེད། འོན་ཀྱང་གལ་ཆེའི་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ནི་མིའི་རིགས་ཀྱི་ངོས་ནས་བརྗོད་ན་ཆེས་མཇུག་ཤོས་དེ་མིན། ད་ཐེངས་ཀྱི་རིམས་ནད་འདི་ཐོན་སྐབས་དམར་རྗེན་དུ་མངོན་པའི་ཞན་ཆ་དང་མི་འདང་བའི་ཆ་དག་ལ་དམིགས་ནས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྒྲུབ་ལན་སློག་མྱུར་ཚད་མགྱོགས་སུ་གཏོང་བ། འཛམ་གླིང་དང་ས་ཁུལ་གྱི་རིམས་འགོག་དངོས་རྫས་གྲབས་གསོག་ལྟེ་གནས་འཛུགས་སྐྱོང་སོགས་བྱེད་དགོས། འཛམ་གླིང་ཧྲིལ་པོའི་རིམས་ནད་ཚོད་འཛིན་ཐུབ་པའི་རྗེས། ཀྲུང་གོས་འཛམ་གླིང་ཧྲིལ་པོས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ལ་ཁྱོན་ཡོངས་ནས་དཔྱད་དཔོག་བྱ་རྒྱུ་དང་། ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། ཞན་ཆ་གསབ་པ་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལས་དོན་འདི་བསྒྲུབ་པར་ཚན་རིག་དང་མཐུན་པའི་ཆེད་ལས་ཀྱི་རྣམ་འགྱུར་ཡོད་དགོས་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གཙོ་ཁྲིད་དང་ལུགས་མཐུན་གཞུང་དྲང་གི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།
ལྔ་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སླར་གསོ་ཡོང་བ་བྱེད་དགོས། མཐུན་རྐྱེན་ཡོད་པའི་རྒྱལ་ཁབ་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་འོག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཆེད་ལས་གྲོས་འགོར་ཉན་ནས། ལས་སྒོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སློབ་གྲྭ་བསྐྱར་ཚུགས་བཅས་གོ་རིམ་ལྡན་པའི་ངང་བསྒྲུབ་དགོས། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ཤར་བགྲོད་ཐོབ་རྒྱུར་སྲུང་སྐྱོང་བྱས་ཏེ། འཛམ་གླིང་དཔལ་འབྱོར་སླར་གསོ་གང་ཐུབ་ཡོང་བ་བྱེད་དགོས།
དྲུག་ནས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། མིའི་རིགས་ནི་ལས་དབང་གཅིག་མཐུན་མ་ལག་ཡིན་པས། མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པའི་མཚོན་ཆ་ཤུགས་ཆེ་ཤོས་དེ་ཡིན། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨའེ་ཙེའི་ནད་དུག་དང་། ཨའེ་པོ་ལ། བྱ་རིགས་ཆམ་རིམས། ཆམ་རིམས་ཀ་པH1N1སོགས་ཚབས་ཆེའི་ནད་ཡམས་ལ་འགོག་རྒོལ་བྱས་པ་ལས་ཐོབ་པའི་རྩ་ཆེའི་ཉམས་མྱོང་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཡང་དག་པའི་ལམ་བུ་དེ་རེད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། གཅིག་ནས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་འཁུར་བ་དང་། གཉིས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་འགན་འཁྲི་འཁུར་གྱི་ཡོད་ཅེས་ནན་སྟོན་གནང་ཡོད།
གོ་ལ་ཧྲིལ་པོའི་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད། ཞི་ཅིན་ཕིང་གིས་ཀྲུང་གོས་ལོ་གཉིས་ཀྱི་ནང་ཨ་སྒོར་དུང་ཕྱུ20བཏང་ནས་རྒྱལ་སྤྱིའི་རོགས་སྐྱོབ་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་། མ་དངུལ་དེ་དག་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་འཐབ་རྩོད་དང་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་ལས་བྱས་ཐོག ཀྲུང་གོར་གོ་ལ་ཧྲིལ་པོའི་མི་ཆོས་རིང་ལུགས་ཀྱི་འཕྲལ་སྒྲུབ་བང་མཛོད་དང་འགག་སྒྲོལ་ལྟེ་གནས་བཙུགས་ནས། རིམས་འགོག་དངོས་ཟོག་གི་མཁོ་སྤྲོད་འབྲེལ་ཐག་འགན་སྲུང་ཧུར་ཐག་བྱ་རྒྱུ་མ་ཟད་སྐྱེལ་འདྲེན་དང་འགག་སྒོ་གཙང་བཤེར་གྱི་ཤར་གཏོང་ལམ་བུ་བསྐྲུན་རྒྱུ་ཡིན།
ཀྲུང་གོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཁ་གཏད་སྨན་ཁང་གི་མཉམ་ལས་སྒྲིག་གཞི་30འཛུགས་རྒྱུ་དང་། ཨ་ཧྥེ་རི་ཁ་གླིང་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་པུའུ་འཛུགས་རྒྱུ་མགྱོགས་སུ་བཏང་ནས། ཨ་ཧྥེ་རི་ཁ་གླིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན།
ཀྲུང་གོའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་སྨན་ཞིབ་བཟོ་ལེགས་གྲུབ་བྱུང་བ་མ་ཟད་བེད་སྤྱོད་གཏོང་འགོ་ཚུགས་རྗེས། གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ལ་བརྩིས་ནས། རིམས་འགོག་སྨན་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་ཐུབ་པ་དང་ཉོ་ཐུབ་པ་བྱ་རྒྱུའི་ཐད་ཀྲུང་གོའི་ལེགས་སྐྱེས་འབུལ་རྒྱུ་ཡིན།
ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དང་མཉམ་དུ་ཆེས་དབུལ་ཕོངས་རྒྱལ་ཁབ་ཀྱི་བུ་ལོན་གནས་སྐབས་འཇལ་མཚམས་འཇོག་རྒྱུའི་གྲོས་འགོ་ལག་བསྟར་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། རིམས་ནད་ཧ་ཅང་ཚབས་ཆེ་བ་དང་གནོན་ཤུགས་ཧ་ཅང་ཆེ་བའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་དེ་དག་གིས་མིག་སྔའི་དཀའ་ངལ་སེལ་རྒྱུར་རོགས་རམ་བྱ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ། ང་ཚོས་ལག་གདང་སྦྲེལ་ནས། ཐུན་མོང་ཐོག་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། ཐུན་མོང་ཐོག་མིའི་རིགས་སྤྱི་ལ་དབང་བའི་ས་གོ་ལའི་ཁྱིམ་གཞིས་ཆེན་མོར་སྲུང་སྐྱོབ་བྱེད་པ། ཐུན་མོང་ཐོག་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་རེ་འབོད་གནང་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་ནས་གསུང་བཤད་གནང་སྐབས། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་མཐུན་སྦྱོར་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་བསྟན་ཡོད་པ་རེད།