བྲག་འགོ་རྫོང་གི་དབུལ་སེལ་གྲོང་སྡེའི་མཛེས་སྡུག་འཚོལ་བསྡུ་རུ་བསྐྱོད་པའི་ཟིན་ཐོ།

ལོ་ཤུལ་བཀྲ་ནོར་གྱིས་བྲིས་ཤིང་། རྫོང་པར་ལེན་མཐུན་ཚོགས་ཀྱིས་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-20


 ——རྫོང་པར་ལེན་མཐུན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་སྤེལ་བའི་ཞིང་གྲོང་གི་འཚོ་བའི་མཛེས་སྡུག་འཚོལ་བསྡུའི་བྱེད་སྒོ།

ཕ་ཡུལ་གྱི་མཛེས་སྡུག་པར་མིག་ལས་བཤམས།།

བདེ་སྐྱིད་ཀྱི་འཚོ་བ་རྩོམ་རྩལ་ལ་དྲངས།།

        ང་ཚོས་པར་ལེན་པའི་པར་མིག་དང་རྩོམ་མཁན་གྱིས་སྙུག་རྩལ་བེད་སྤྱད་དེ་ཕ་ཡུལ་བྲག་འགོའི་མཛེས་ཁུལ་གྱི་ཉམས་དགའི་དཔལ་ཡོན་དང་། དབུལ་སེལ་གྲོང་ཚོའི་བདེ་སྐྱིད། དམངས་སྲོལ་འཚོ་བའི་འཕེལ་རྒྱས་བཅས་ཟླ་ལྔ་བའི་མེ་ཏོག་དང་ལྷན་དུ་ཁྱེད་ཅག་གི་མིག་ལམ་དུ་འབུལ་བར་བྱ།

        སྤྱི་ལོ་2020ལོའི་ཟླ་ལྔ་པའི་ཚེས་16ནས17བར་གཟའ་མཇུག་གི་དུས་ཚོད་དང་བསྟུན་ནས་བྲག་འགོ་རྫོང་པར་ལེན་མཐུན་ཚོགས་དང་རྫོང་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་མཉམ་སྒྲུབ་མཛད་དེ་འོ་སེ་མེ་ཏོག་གི་མཛེས་སྡུག་དང་ཞིང་གྲོང་མི་དམངས་ཀྱི་འཚོ་བའི་འཕེལ་རྒྱས་སོགས་པར་མིག་གི་འཇིག་རྟེན་ནས་བཞད་ཅིང་རྩོམ་མཁན་གྱི་ཡིག་རྩལ་ལས་མངོན་པར་བྱེད་ཆེད་པར་ལེན་སྤྲོ་འཆམ་གྱི་བྱེད་སྒོ་ཞིག་སྤེལ་བ་ཡིན།

        གཟའ་སྤེན་པའི་ཉིན་རྫོང་པར་ལེན་མཐུན་ཚོགས་དང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་30ལྷག་བྱེད་སྒོར་ཞུགས་ཏེ་ཐོག་མའི་ས་ཚུགས་གཞི་མདའ་གྲོང་པར་བསྐྱོད། དཔྱིད་རླུང་གི་དྲོད་ཀྱིས་གསོས་པའི་བྲག་འགོའི་ས་ཆེན་གྱི་མཛེས་སྡུག་གསོན་ཉམས་ལྡན་ཞིང་། གནས་དེའི་འོ་སེ་ལྗོན་པའི་ལོ་འདབ་ཐགས་སུ་བཀྲ་ཞིང་གཡུ་ཡི་ལྕུག་ཕྲན་ལ་དངུལ་དཀར་གྱི་འོ་སེ་མེ་ཏོག་རྣམ་པར་བཞད་འདུག    འདི་ནི་མི་དམངས་ཀྱི་འཚོ་བར་འཕེལ་རྒྱས་དང་དཔལ་འབྱོར་བསུ་བའི་མེ་ཏོག་ཏེ། འཚོ་བའི་ལོངས་སྤྱོད་དང་འབྲེལ་བའི་ཡུལ་འདིའི་མི་དམངས་རེ་རེའི་སེམས་ཁོང་གི་རེ་བའི་མེ་ཏོག་དཀར་པོ་དེ་ཡིན།

        བྲག་འགོ་རྫོང་གངས་ལྗོངས་འོ་སེ་ཇ་སྤྱི་གཉེར་ཁང་གིས་གཅིག་གྱུར་སྒོས་ལོ་རེ་བཞིན་ས་གནས་དེའི་འོ་སེའི་ཇ་ལོ་རྒྱ་མ་ལྔ་ཁྲི་ཡར་མར་བསྡུས་ཏེ་ལས་སྣོན་བྱས་རྗེས་ཁྲིན་ཏུའུ་དང་ཁྲེང་ཆིན་སོགས་སུ་ཕྱིར་འཚོང་བྱས་ཏེ་གྲོང་སྡེའི་དུད་ཁྱིམ་སུམ་བརྒྱ་ལྟག་ལ་ཐོན་སྐྱེད་འོང་བབས་སྒོ་ཁར་བསྐྱལ་ཡོང་པ་རེད།

        ད་དུང་བྲག་འགོ་རྫོང་ཞིང་ལས་དར་རྒྱས་ཐོན་ཁུངས་ས་ཁུལ་ཏེ། ཤ་རྭ་ཐང་ཚོད་ཞིང་ར་བ་རུ་སྨི་གཅིག་ལས་རིང་བའི་ལྡུམ་སྒོང་ཤིང་གི་མགོ་རུ་སྨིན་པའི་ལྡུམ་སྒོང་ནི་བལྟས་ན་ཁ་དོག་ཡག་ཅིང་ཟོས་ན་བྲོ་བ་ཞིམ་པའི་ཉམས་སྣང་གསོན་ཉམས་ལྡན་པ་དེ་དག་པར་མིག་ཏུ་བླངས་ཤིང་སེམས་ཀྱིས་མྱངས།

        གཟའ་ཉི་མའི་ཉི་གཞོན་གྱི་འོད་ཟེར་སེར་པོ་གྲོང་སྡེ་སོ་སོར་འཕྲོས་པ་དང་ལྷན་དུ་ང་ཚོ་ཕ་ཡུལ་བྲག་འགོའི་ཡུལ་སྐོར་ལྟེ་གནས་ཀྱི་མཛེས་ལྗོངས་ཁུལ་ཏུ་གྱུར་བའི་མཁར་གསར་མཚོ་མོའི་མཛེས་སྡུག་པར་དུ་ལེན་པར་ཕྱིན། ཟླ་ལྔ་བའི་མཁར་གསར་མཚོ་མོ་ནི་དྭངས་གཙང་གི་མེ་ལོང་ཞིག་ས་ཆེན་གྱི་པང་དུ་བཏིང་དང་འདྲ་བར་ཞི་འཇགས་ཀྱི་ཆུ་རིས་ངོས་སུ་ནམ་མཁའི་སྤྲིན་དཀར་ཕུང་པོ་དག་གསལ་བར་ལྡེམ། ང་ཚོས་མཚོ་ནང་གི་ངང་བ་དང་གསེར་ཉ། མཚོ་མཐའི་མེ་ཏོག་དང་དུད་ཁྱིམ་སོགས་གཡུ་མདོག་གི་མཛེས་ཉམས་ཡོད་ཚད་པར་མིག་ཏུ་བཏབ་ཅིང་ཉིན་ཐོར་བྲིས།  

  

        ཕྱི་དྲོའི་འགྲུལ་བཞུད་ཀྱི་ལམ་ཁ་ཡར་སྡེ་ཡུལ་ཤོག་ལྕམ་བླ་གྲོང་པར་གཏད།

        ལྕམ་བླ་གྲོང་པ་ནི་སྟོད་ན་རྫ་རི་དང་བར་ན་སྨན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་། སྨད་ན་ཆུ་བོའི་བཞུར་དབྱངས་སྙན་ལ་བྱ་བྱེའུ་འདབ་ཆགས་ཀྱིས་གསུངས་སྐད་རྒྱུན་མི་ཆད་སའི་རང་བྱུང་གི་ས་བབས་ལྷུན་ཆགས་ཤིག་ཏུ་ཆགས་ཡོད། ལྷག་ཏུ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་འོག་ལས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་ཧོང་ཤན་མིན་(黄先明)གྱིས་དབུ་ཁྲིད་འོག་ལྕམ་བླ་གྲོང་གི་འཛུགས་བསྐྲུན་གྱི་ལས་ཀ་ཡག་པོ་སྒྲུབ་ཡོད་པ་དང་། གྲོང་སྡེ་མང་ཚོགས་ལ་འཛུགས་བསྐྲུན་བྱས་པའི་ཚོད་ཞིང་ར་བའི་ནང་དུ་ཀི་ཀོ་ཤྭ་མོ་(羊肚菌)དང་(灵芝)ཤྭ་ལེབ་སོགས་རྨོས་ཏེ་ལོ་རེའི་ཐོན་སྐྱེད་ཡོང་འབབས་ཐོབ་བཞིན་ཡོད་ལ། ཉེ་བའི་ལོ་འདི་དག་ནས་བཟུང་། ཞིང་ཆེན་སྤྱི་ཁྱབ་ཁང་དང་ཁུལ་སྤྱི་ཁྱབ་ཁང་། བྲག་འགོ་རྫོང་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་གིས་ནུས་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག་ཡར་སྡེ་ཡུལ་ཤོག་གི་ལྕམ་བླ་གྲོང་ནི་ཉིན་རེ་བཞིན་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ཡོད་པའི་དབུལ་སེལ་གྲོང་པ་སྐྱིད་ཤོས་སུ་ཆགས་ཡོད། གནས་དེ་ནི་རང་བྱུང་ཁོར་ཡུག་གི་ཡུལ་སྐོར་མཛེས་ཁུལ་གྱི་ལྟེ་གནས་དང་དམངས་ཁྲོད་འཚོ་བའི་རིག་གནས་འཕེལ་རྒྱས་ཀྱི་གྲོང་པར་བགྲང་བཞིན་ཡོད།

        དེ་ལྟར་ཉིན་གཉིས་ཀྱི་རིང་རྫོང་པར་ལེན་མཐུན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ས་ཁུལ་དང་པོའི་ཕྱོགས་ཀྱི་འོ་སེ་ཇ་ལོའི་མཛེས་སྡུག་དང་ས་ཁུལ་གསུམ་པའི་ཕྱོགས་ཀྱི་མཁར་གསར་མཚོ་མོའི་དབྱར་ལྗོངས། ལྕམ་བླ་གྲོང་པའི་དབུལ་སེལ་འཕེལ་རྒྱས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་འཚོལ་བསྡུའི་སྐོར་གྱི་གྲུབ་འབྲས་བཟང་པོ་ཐོབ་བོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1