༄༅།།གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།

གཡུ་ཁོག་ཡི་དམ་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-21



གཡུ་ཁོག་ཡི་དམ་རྡོ་རྗེ།       

གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།

   སྤྱིར་རྡོ་བརྐོས་ལག་རྩལ་ནི་བོད་ཁུལ་གྱི་ཁྱད་དུ་འཕགས་པའི་དམངས་ཁྲོད་རིག་གནས་ཤིག་ཡིན་པ་ལྟར། མདོ་ཁམས་གཡུ་ཁོག་གི་ཡུལ་དུ་ཡང་གནའ་དེང་གི་རྡོ་རྐོ་བ་མང་པོས་ཞི་ཁྲོ་དམ་པ་རིགས་བརྒྱ་དང་། གླིང་གི་དཔའ་ཐུལ་སུམ་ཅུ། རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་། གཟུངས་སྔགས་སྣ་ཚོགས། བདེ་གཤེགས་མཆོད་རྟེན་ཆ་བརྒྱད་དང་། སྒྲིབ་སེལ་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་གནས་རི་དང་ས་གནད་རྣམས་སུ་ཕྱི་རབས་སྐྱེ་བོའི་དད་པའི་རྟེན་དུ་བསྐྲུན་ནས་ཡོད། སྒེགས་ཀྱི་ཡིག་དྲུག་གནས་དང་གཡུ་རོང་སྦས་གནས་གཉིས་ན་ལོ་ཆེན་བཻ་རོ་ཙ་ནའི་ཕྱག་བཟོས་མ་ཎི་རེ་དང་། བོལ་གོང་ལྡོང་རིའི་གནས་དང་ནེའུའི་ཆུ་མིག་གཉིས་ན་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཕྱག་བཟོས་མ་ཎི་བྱིན་ལྡན་རེ་མ་ཉམས་པར་ཡོད། 


གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།

ལོ་ཆེན་བེེ་རོའི་ཕྱག་བྲིས་ཡིག་དྲུག

   སྔོན་གྱི་དུས་སུ་ཡུལ་འདིར་བྱོན་པའི་རྡོ་རྐོ་བ་པདྨ་ཕུན་ཚོགས་དང་། རྡོ་རྐོ་ཁམས་རྒྱལ། རྡོ་རྐོ་ཀརྨ་རབ་རྒྱས། མཁར་བའི་ཚེ་རིག ཀོ་ཚོང་བདེ་ཆེན་སོགས་ནི་མིང་དུ་གྲགས་པའི་རྡོ་རྐོ་བ་ཆེན་པོ་དག་ཡིན་ཅིང་། ཁྱད་པར་དུ་རྡོ་རྐོ་བ་པདྨ་ཕུན་ཚོགས་ལ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཞལ་གཟིགས་པ་དང་། ནུབ་གཅིག་རྨི་ལམ་དུ་སྤྱན་རས་གཟིགས་ཀྱིས་གཟོང་དང་ཐོ་བ་གནང་ནས་ཁྱོད་ཀྱིས་ངའི་སྐུ་དང་མ་ཎི་ཡིག་དྲུག་ཁོ་ན་རྡོ་ལ་རྐོས་དང་འགྲོ་ལ་ཕན་པ་རྒྱ་ཆེར་འབྱུང་གསུངས་པས་ཕྱི་ཉིན་གཟོང་དང་ཐོ་བ་དངོས་སུ་སྔས་མགོར་བབས་ཡོད་པའི་ལོ་རྒྱུས་ལྡན། ཁོང་གིས་བརྐོས་པའི་སྤྱན་རས་གཟིགས་གསུང་བྱོན་མ་དང་ཐུན་མིན་ཆ་ཚད་ལྡན་པའི་ཡིག་དྲུག་དུ་མ་མཇལ་རྒྱུ་ཡོད། 

 

གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།

རྡོ་རྐོ་པདྨ་ཕུན་ཚོགས་ཀྱི་ཕྱག་བརྐོས་ཡིག་དྲུག

 རྒན་རབས་པ་ཚོས་རྡོ་རྐོ་འདིའི་མཚན་ལ་བན་མ་ཧུན་ཚོགས་ཟེར་བ་ནི་ཡུལ་སྐད་དུ་པདྨ་ལ་བན་མ་དང་། ཕུན་ཚོགས་ལ་ཧུན་ཚོགས་ཟེར་སྲོལ་ཞིག་ཡིན་པ་དཔེར་ན། ཨ་ཚབ་པདྨ་བསྟན་འཛིན་ལ་བན་མ་བསྟན་འཛིན་དང་། རྟའུ་ཕྱོགས་ཀྱི་གུ་རུ་པདྨའི་གནས་རི་ལ་གུ་རུ་བན་མ་ཟེར་བ་ལྟ་བུར་འདུག དེ་འདྲའི་ཁ་སྲོལ་དེ་ས་ཆ་གཞན་ན་ཡང་ཡོད།


གཡུ་ཁོག་ཡུལ་གྱི་རྡོ་བརྐོས་ལག་རྩལ།

ལྷ་ལུང་དཔལ་རྡོར་གྱི་ཕྱག་བྲིས་ཡིག་དྲུག

  སྤྱི་གཡུ་ཁོག་གི་ཡུལ་མི་རྣམས་ཀྱིས་རྡོ་རྐོ་བ་པདྨ་ཕུན་ཚོགས་ཀྱི་རྡོ་བརྐོས་མ་ཎི་ལ་གཙིགས་ཆེར་འཛིན་པར་མ་ཟད། དེང་དུས་སུ་རྒྱ་སྤྲུལ་རིན་པོ་ཆེའི་ཐུགས་བཀོད་ལྟར་གཞོན་སྐྱེས་དུ་མས་དེའི་ལུགས་ཀྱི་མ་ཎིའི་ཆ་ཚད་གཟབ་སྦྱོང་བྱས་ནས་རྐོ་མཁན་གྱི་རྒྱུན་འཛིན་པ་ཡང་དུ་མ་བྱུང་བར་མ་ཟད་གནས་ལུང་དཔལ་གྱི་རི་བོའི་ཉིན་སྲིབ་ཀྱི་རྫ་རྡོ་ཡོངས་རྫོགས་ལ་མ་ཎི་ཡིག་དྲུག་བརྐོས་ནས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1