བསོད་ནམས་དབང་རྒྱལ།
[གནད་བཏུས] འདིར་བན་བོན་བླ་ཆེན་སྐོར་ཞིག་གི་ཆོས་འབྲེལ་བྱུང་བའི་ལོ་རྒྱུས་དང་འབྲེལ་ནས་བན་བོན་བར་གྱི་ཐོག་མའི་འགལ་བ་དང་། བར་གྱི་མཉམ་གནས། མཐའ་མར་སིམ་འདྲེས་བྱུང་བ་དང་། དེས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ལ་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པའི་སྐོར་ལ་ཅུང་ཙམ་དཔྱད་ཡོད།
[གནད་ཚིག] བན་བོན། ཆོས་འབྲེལ། ཤུགས་རྐྱེན།
སྤྱིར་ཆོས་འབྲེལ་ཞེས་པ་ནི་ཆོས་འཆད་ཉན་གྱི་འབྲེལ་འདྲིས་ཤིག་ལ་ཟེར་ཞིང་། འདིར་བོན་བསྟན་དང་ཐུབ་བསྟན་གཉིས་ཀྱི་ཐོག་མའི་འགལ་ཟླ་ནས་བར་གྱི་མཉམ་གནས། མཐའ་མར་འཕེལ་རྒྱས་བྱུང་བའི་འབྲེལ་འདྲིས་ཤིག་ལ་གོ་སྟེ། བོད་ཀྱི་ལོ་རྒྱུས་སུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་བན་བོན་གཉིས་འགལ་བ་ཛ་དྲག་ཏུ་གྱུར་ཏེ། བོན་གྱི་རིག་གནས་མང་པོ་ཞིག་ཉམས་ཉེས་སུ་གྱུར་པ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐབས་སུའང་བོན་གྱི་དཔེ་ཆ་མང་པོ་ཆུ་ལ་བསྐྱུར་པ་དང་མེར་བསྲེགས་པ་སོགས་བསྟན་པ་ལ་ཆགས་འཇིག་མང་དུ་བྱུང་ཡོད། དེར་བརྟེན་སྐྱེས་ཆེན་ཁག་ཅིག་གིས་སྡེ་གཟར་དེ་དག་ལས་བསླབ་བྱ་བླངས་པར་མ་ཟད། བོན་ཆོས་གཅིག་སྒྲུབ་ཀྱི་བསྟན་བཅོས་མཛད་པ་དང་། རིས་མེད་ཀྱི་འཆད་ཉན་སྤེལ་བ་ལྟ་བུའི་བན་བོན་སིམ་འདྲེས་ཀྱི་ཐད་ལ་གུ་ཡངས་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་ཀྱང་། བན་བོན་སྐྱེས་ཆེན་ཁག་ལ་ཆོས་འབྲེལ་ཇི་ལྟར་བྱུང་བའི་སྐོར་ནས་བོན་གྱི་བསྟན་འབྱུང་དང་རྣམ་ཐར་རེ་འགའ་ལས་མ་གཏོགས་ཆོས་འབྱུང་སོགས་སུ་མང་དུ་མེད་པའི་ཁར། བན་བོན་རིག་གནས་མཉམ་འདྲེས་ཕྱོགས་ལ་དཔྱད་མཁན་ཡང་དཀོན་པར་སྣང་། དེའི་ཕྱིར་བན་བོན་རིག་གནས་ཀྱི་འབྲེལ་འདྲིས་ལ་གོ་བ་གཏིང་ཟབ་ལེན་ཐུབ་པ་དང་། བོད་ཀྱི་གདོད་མའི་རིག་གནས་ཇི་ལྟར་རྒྱུད་འཛིན་བྱེད་ཐབས་ལ་གོ་བསྐྱེད་གསར་པ་ཞིག་ལེན་ཐུབ་པར་བན་བོན་བར་ཆོས་འབྲེལ་ཅིའི་ཕྱིར་བྱུང་བ་དང་ཇི་ལྟར་བྱུང་ཚུལ། དེ་དང་འབྲེལ་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ག་འདྲ་ཐེབས་ཡོད་པའི་ཐད་ཅུང་ཟད་དཔྱད་པར་བྱ་བ་ལ།
དང་པོ། ཆོས་འབྲེལ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
དེ་ཡང་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་སློབ་རྣམ་གཉིས་གདན་དྲངས་ཏེ། རྒྱ་གཞུང་མང་པོ་བོད་དུ་བསྒྱུར་བ་ལ་བརྟེན་ནས་ཐུབ་བསྟན་བོད་དུ་རྐང་ཚུགས་ཤིང་ཆོས་པའི་གོ་གནས་མཐོ་རུ་ཕྱིན་པ་དང་།བོད་ཀྱི་སྲོལ་རྒྱུན་རིག་གནས་སུ་གྱུར་པའི་བོན་བསྟན་གང་དེ་སྔར་བཞིན་བོད་འབངས་མང་པོའི་དད་ཡུལ་དུ་གྱུར་ཡོད་སྟབས། བན་བོན་གཉིས་ཀྱི་འགལ་བ་ཛ་དྲག་ཏུ་གྱུར་ཅིང་། ཁྱད་པར་དུ་མ་ཞང་ཁྲོམ་པ་སྐྱེས་ཀྱིས་བོན་ལུགས་ཀྱི་འདས་མཆོད་སྒྲུབ་པ་དང་ཆབ་སྲིད་ཀྱང་བོན་ལུགས་ཀྱིས་སྐྱོང་དགོས་ཀྱི། སུ་ཞིག་གིས་ནང་པའི་ཆོས་བྱས་ན་རྒྱུ་ནོར་གཞུང་བཞེས་བྱས་ནས་རྒྱང་ཕུད་གཏོང་ངེས་པའི“ཁྲིམས་བུ་ཆུང”ལྟ་བུ་ལག་བསྟར་བྱས་པ་དང་། ཐུབ་བསྟན་སྤེལ་བར་རྒྱབ་སྐྱོར་གནང་མཁན་གྱི་བློན་པོ་དག་གི་ཁ་གཏད་དུ་ལངས་ནས། ལྷ་རྟེན་ཆོས་གསུམ་ལ་གཏོར་བཤིག་བཏང་སྟེ་འགལ་བ་ཆེས་ཆེར་ཕྱིན་ཡོད་ཀྱང་། འགལ་བ་འདི་དག་གི་ཟུར་ནས་བལྟས་ན་བན་བོན་སིམ་འདྲེས་ཀྱི་རྣམ་པ་གཞན་ཞིག་ཆགས་ཡོད། དེ་ཇི་ལྟར་ཞེ་ན། གཅིག རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཁོང་གི་ཆབ་སྲིད་བརྟན་པ་དང་འབངས་ཀྱི་འཚོ་བ་དར་བའི་ཆེད་དུ། ཆབ་སྲིད་ཀྱི་མིག་རྒྱང་བསྐྱེད་ནས་བན་བོན་མཉམ་སྲེས་ཀྱིས་སྲིད་སྐྱོང་བར་དམ་བཅས་ཡོད་དེ། བོན་གྱི་དཔེ་རྙིང《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས།“བཙད་པོ་རྗེ་ཡིས་ན་རེ། བོན་ཆོས་གཉིས་ཀ་ཆགས་སྡང་མ་བྱེད་བདེན་ལ་བཟང་། དེ་ངའི་སྐུ་སྲུང་ལ་ཡང་བོན་ཆོས་གཉིས་ཀ་དགོས། འབངས་ཀྱི་སྲིད་འཚོ་བ་ལ་ཡང་གཉིས་ཀ་དགོས། བན་བོན་གཉེན་བསྲེས་བྱས་ཏེ། གནམ་ལ་ཉི་ཟླ་ཕྲུགས་གཅིག་ལྟར་དུ། ས་ལ་བན་བོན་སྡེ་གཅིག་བྱས་ནས། ཐེ་ཚོམ་ཆགས་སྡང་སྒྲོ་སྐུར་སྤང་བ་དང་། བན་བོན་ནང་འཁྲུག་མི་བྱེད་པ་དང་། འཕྲོག་རྩོད་ཟུག་རྔུ་མི་བྱེད་ཟེར་ནས། དཔང་པོ་བཞག”①ཅེས་འཁོད་ཡོད་པ་ལས་གསལ་ལ། འདིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཆབ་སྲིད་ཀྱི་ཕྱོགས་ནས་བློན་ཆེན་བར་གྱི་འཁྲུག་རྩོད་ཞི་འཇགས་སུ་བཏང་བར་སྙམ། གཉིས། སྐབས་དེར་བན་བོན་གྱི་གཞུང་ལུགས་དང་ལྟ་བའི་ཆ་ནས་ཕན་ཚུན་བར་ཟུར་ལྟའི་རྣམ་པ་ཆགས་ཡོད་དེ། དེ་ཡང《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། “བོན་གྱི་སེམས་ཕྱོགས་ཀྱི་སྡེ་རྣམས་ཆོས་ཀྱི་སེམས་ལུང་ཕྱོགས་སུ་བསྒྱུར། བོན་གཡུང་དྲུང་ཁམས་བརྒྱད་ནི་ཆོས་སྟོང་ཕྲག་བརྒྱ་པར་བསྒྱུར། བོན་གཡུང་དྲུང་གསེར་གྱི་ཡང་ཞུན་ནི་ཆོས་ལྟ་བ་གཅེར་མཐོང་བྱ་བར་བསྒྱུར། བོན་བྱང་སེམས་གབ་པ་ནི་ཆོས་སེམས་སྨད་ཕྱོགས་སུ་བསྒྱུར་ཞིང་བཅོས། བོན་བསྒྲགས་པ་རིན་པོ་ནི་ཆོས་མཛོད་གོང་མར་བྱ་བར་བསྒྱུར་རོ། །”②ཞེས་གསུངས་ཡོད། ལུང་ཚིག་འདི་སོགས་ལ་གཞིགས་ན། སྐབས་དེའི་བན་བོན་གྱི་ཆོས་ལུགས་དང་རིག་གནས་ཀྱི་ཐད་ནས་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད་པ་ཤུགས་སུ་རྟོགས་ཐུབ། གསུམ། སློབ་དཔོན་པདྨ་འབྱུང་གནས་ཀྱིས། བོད་མིའི་དད་ཡུལ་གྱི་གནས་རི་དང་ཡུལ་ལྷ་གཞི་བདག་གི་ཕྱིའི་རྣམ་པ་མ་བསྒྱུར་བར། ནང་དུ་སྲོག་གསར་པ་ཞུགས་པར་བགྱིས་པས་མང་ཚོགས་ཀྱི་དང་ལེན་ཐོབ་པ་ཡིན་ཏེ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》སོགས་ན། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྟོད་མངའ་རིས་ཀྱི་སྲིད་པའི་ལྷ་སྲིན་དགྲ་ལྷའི་རྒྱལ་མོ་སྟག་རི་རོང་དང་།སྲིད་པའི་རྒྱལ་མོ་མུ་ཙ་མེད། ཨག་སེ་རྒྱལ་བ་ར་ལ་ཞོན་པ་སོགས་ཀྱིས་སྲོག་གི་སྙིང་པོ་གསོལ་དུ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་ལེན་དུ་བཅུག་པའི་ཚུལ་མང་དུ་འཁོད་ཡོད་པར་མ་ཟད། འདིས་བོད་མི་སྤྱི་བོ་གནམ་བསྟན་ཀུན་ལ་གཅིག་མཐུན་གྱི་རི་ཆུའི་དད་མོས་དང་། གཞི་བདག་བསྟེན་ཚུལ་ལ་ཕྱོགས་ཁ་སོ་སོར་མ་གྱེས་པའི་གཞི་མཐུན་གྱི་ལྟ་ཚུལ་བྱུང་སྟེ། བན་བོན་གྱི་དམངས་སེམས་གཅིག་མཐུན་ལ་བླ་མེད་ཀྱི་བྱས་རྗེས་མཛད་ཡོད་པར་ར་སྤྲོད་བྱེད་ཐུབ། མདོར་ན། སྐབས་དེའི་གནས་བབས་འདི་དག་གིས་བན་བོན་སིམ་འདྲེས་ལ་བློན་འབངས་དང་ཆོས་སྲིད་རིག་གནས་སོགས་ཕྱོགས་མང་པོ་ཞིག་ནས་རྨང་བཏིངས་ཡོད་པར་སྙམ་མོ། །
གཉིས་པ། ཆོས་འབྲེལ་ཇི་ལྟར་བྱུང་ཚུལ།
༡.བསྟན་པ་སྔ་དར་སྐབས་ཀྱི་ཆོས་འབྲེལ།
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བློན་ཆེན་དག་འདུམ་མཐུན་དུ་སོང་བ་དང་། ཆོས་བོན་གཞུང་ལུགས་ཕན་ཚུན་ཟུར་ལྟ་བྱས་པ་སོགས་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་དེའི་འོག་ཏུ། བླ་ཆེན་དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་གཉིས་གཙོས་བན་བོན་ཆོས་འབྲེལ་གྱི་ཐོག་མའི་ས་བོན་མངོན་དུ་བྱུང་ཡོད་དེ། ཁོང་གཉིས་ཀྱི་བར་ལ་ཆོས་འབྲེལ་བྱུང་ཚུལ་ནི། 《སྲིད་པ་རྒྱུད་ཀྱི་ཁ་བྱང》 ལས། “བོན་གྱི་སེམས་ཕྱོགས་ཀྱི་ལུང་དང་། ཆོས་ཀྱི་ལུང་དང་མཐུན་པར་བསྡེབས་ཤིང་། དགེ་གཏན་ལ་ཕབ་ཅིང་སྟོན་པར་མཛད་དེ། བོན་ཆོས་གཉིས་སུ་དྲན་པ་ནམ་མཁས་བསྡེབས་ནས། དགེ་སློང་བཻ་རོ་ཙ་ན་ལ་བཤད། བཻ་རོ་ཙ་ན་ཡིས་ཀྱང་བོན་ཆོས་ཁྱད་མེད་མཛད་དོ།”③ཞེས་གསུངས་པ་ལྟར། དྲན་པ་ནམ་མཁས་བོན་བསྟན་གྱི་ཞན་ཆ་དང་མི་འདང་ས་དེར་ཐུབ་བསྟན་གྱི་ལེགས་ཆ་ནང་འདྲེན་བྱས་པ་དང་། རང་གཞན་སུ་ལའང་མཐུན་གནས་ཡོང་བའི་ལམ་ཁ་ཞིག་བཏོད་པར་མ་ཟད། བཻ་རོ་ཙ་ན་དང་ཕན་ཚུན་བར་ཆོས་འབྲེལ་བཟུང་ནས་བོན་དང་ཆོས་གཉིས་ཁྱད་མེད་མཛད་ཡོད་ལ། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལས་ཀྱང་།“བོན་བསྒྱུར་ནང་དུ་གན་ཇགས་ཐང་ཏ་བྲིས། །”④ཞེས་པ་འདི་ལས་ཀྱང་བཻ་རོ་ཙ་ནས་བོན་དང་ཆོས་འབྲེལ་བྱུང་བ་གང་ཞིག་བོན་བསྟན་རྒྱ་ཆེར་སྤེལ་ཏེ། བན་བོན་མཉམ་གནས་འཕེལ་རྒྱས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་མཚོན། སྤྱིར་ཡོངས་གྲགས་ཀྱི་ལོ་རྒྱུས་སུ་བསྟན་པ་སྔ་དར་སྐབས། བླ་ཆེན་དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་ཁོང་གཉིས་ཀྱི་ཆོས་འབྲེལ་ལས་བན་བོན་གཉིས་ལ་ཆོས་འབྲེལ་བྱུང་ཚུལ་སྐོར་མང་པོ་མེད་མོད། ཁོང་གཉིས་ཀྱི་ཆོས་འབྲེལ་ནི་བན་བོན་ལོ་རྒྱུས་སྟེང་གི་ཐོག་མའི་ཆོས་འབྲེལ་དང་བསྟན་པ་ཕྱི་དར་གྱི་ཆོས་འབྲེལ་བྱུང་བའི་ཆུ་མགོ་ལྟ་བུ་ཡིན་པས། ཁོང་གཉིས་ཀྱི་ཆོས་འབྲེལ་གྱིས་བན་བོན་ཆོས་འབྲེལ་གྱི་ལོ་རྒྱུས་སྟེང་གོ་བབ་གལ་ཆེན་ཟིན་ཡོད།
༢.བསྟན་པ་ཕྱི་དར་སྐབས་ཀྱི་ཆོས་འབྲེལ།
བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བ་ནས། བོད་ཁམས་ཡོངས་ཀྱི་ཆོས་དང་སྲིད་ལ་གཅིག་གྱུར་གྱི་ཁ་ལོ་བྱེད་མཁན་ཞིག་མ་བྱུང་བར་བརྟེན། བོན་གྱི་བསྟན་པ་ལའང་སྔར་བྱུང་བའི་ཆབ་སྲིད་ཀྱི་བཀག་རྒྱ་དང་བསྟན་པ་ཆགས་འཇིག་གི་གནོན་ཤུགས་མེད་པར་གྱུར་པ་མ་ཟད། བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་ཁག་དང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་གནས་སྟངས་ཤིག་ཆགས་ཏེ། རིས་མེད་འཆད་ཉན་མང་དུ་བྱུང་བ་ནས་ཕྱིས་ཀྱི་བན་བོན་གཉིས་ཀྱི་བསྟན་པ་ལ་མཉམ་གནས་སྒོས་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་།དེ་དག་ཀྱང་བོན་གྱི་བསྟན་པ་འཛིན་པའི་སྐྱེས་ཆེན་མང་པོ་ཞིག་གིས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་སོགས་ཀྱིས་བསྐྲུན་པའི་ཆོས་བོན་སིམ་འདྲེས་ཀྱི་ས་བོན་ལ་རྨང་གཞི་བྱས་ཏེ། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པ་རྣམས་དང་ཆོས་འབྲེལ་ཟབ་མོ་བཞག་ཡོད། ལྷག་པར་དུ་བོན་གྱི་གདུང་རྒྱུད་ཆེན་པོ་བཞིའི་ཡ་གྱལ་ཞུ་ཚང་གི་བླ་ཆེན་དབང་ལྡན་ཞུ་ཡས་ལེགས་པོ(1002-?)དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ(982-1054)རྣམ་གཉིས་ལ་ཆོས་འབྲེལ་བྱུང་ཚུལ་ནི《དབང་ལྡན་ཞུ་ཡས་ལེགས་པའི་སྐྱེས་རབས་རྣམ་ཐར》དུ།“རི་དགོན་རྩེ་མོ་ཆོས་གླིང་ན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་འོངས་ནས། བདག་གི་ཡུལ་འདིར་ཅི་ལ་ཡོང་། ། ཟླ་བ་ལྔ་ཡི་སྐུ་མཚམས་ལ། ། ཉམས་རྟོགས་དགོངས་པ་འཕེལ་ལེགས་སམ། ། བདག་ཅག་སྡོད་པའི་དགོན་པ་རུ། ། ཞག་གཅིག་ཕེབས་པར་ཞུ་བ་ཞུས། ། རྒྱ་བོད་ཆོས་ལ་བགྲོ་གླེང་བྱེད། །”⑤ཅེས་གསུངས་པ་དང་། ཡང་དེ་ཉིད་ལས“རྒྱ་བོད་བོན་ཆོས་སོ་སོའི་མཚན་ཉིད་དང་མདོ་འབུམ་ལ་སོགས་པའི་བགྲོ་གླེང་མང་དུ་མཛད། རྒྱ་གར་གདམས་ངག་ཟབ་མོ་སྣ་བདུན་ཙམ་ཞུས། པཎྜི་ཏ་ཨ་ཏི་ཤ་ལ་འབྲི་མཚམས་མཐའ་སྐར་ནས་དངོས་གྲུབ་ཐོབ་པའི་མཚན་ཉིད་འདུལ་བ་ཕར་ཕྱིན་ལ་སོགས་ཀྱི་འགྲེལ་དང་ཡན་ལག་ཆ་ལག་མང་དུ་ཕུལ་ལོ། །”⑥ཞེས་གསུངས་པར་གཞིགས་ན། ཁོང་རྣམ་གཉིས་ཀྱི་ཆོས་འབྲེལ་འདི་ནི་སྤྱིར་བཏང་གི་ལབ་གླེང་ཙམ་མ་ཡིན་པར། ངེས་པ་དོན་གྱི་མཚན་ཉིད་བགྲོ་གླེང་དང་ཆོས་བོན་ཞིབ་བསྡུར་གྱི་ཆོས་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཏུ་མ་ཟད། བན་བོན་མཉམ་གནས་གོང་འཕེལ་གྱི་ཐད་ལ་རང་རང་གི་ལུགས་ཀྱི་གདེང་འཇོག་གམ་བརྩི་མཐོང་ཆེན་པོ་གནང་ཡོད་པར་འདོད། དེ་ཙམ་དུ་མ་ཟད། མཁས་གྲུབ་འབྲི་གུང་སྐྱོབས་པ་འཇིག་རྟེན་མགོན་པོའི་སློབ་མ་ཤེས་རབ་འབྱུང་གནས་ཀྱིས་ཀྱང་།“སངས་རྒྱས་ཐུབ་པ་ཆེན་པོ་དང་། སྟོན་པ་གཤེན་རབ་མི་བོ་གཉིས་སྟོན་པ་སོ་སོར་འདྲ་བས། བསྟན་པ་ཡང་འདྲ་སྟེ། ཐུབ་པའི་བསྟན་པའི་ཡ་གྱལ་ལམ། དོད་པོར་ཡོད་པ་ཡིན་པས། སོ་སོའི་སྒོ་དེའི་ལམ་ལ་ཞུགས་ནས། གཞུང་ལས་བཤད་པ་བཞིན་དུ་ཉམས་སུ་བླངས་པས། ནང་པ་དང་ཁྱད་མེད་པར་ཆོས་ཉིད་དོན་དམ་པའི་བདེན་པ་མཐོང་བ་ཡིན།”⑦ཞེས་ཆོས་བོན་སིམ་འདྲེས་ཀྱི་ལྟ་ཚུལ་ལ་ཐུབ་བསྟན་གྱི་མཁས་པས་ཀྱང་རྒྱབ་སྐྱོར་བྱས་ཡོད་པར་སྙམ། དེ་མིན་གྲུབ་ཐོབ་སྤ་ཡི་གདུང་རྒྱུད་འཛིན་མཁན་སྤ་སྟོན་དཔལ་མཆོག་དང་། རྒྱ་གར་གྱི་གྲུབ་ཐོབ་ཕ་དམ་པ་སངས་རྒྱས་གཉིས་ལའང་ཆོས་འབྲེལ་བྱུང་ཡོད་ཅིང་། གསང་སྔགས་སྒྲུབ་པ་ཉམས་ལེན་སྐོར་ལ་ཕན་ཚུན་བགྲོ་གླེང་ཞིབ་རྒྱས་མཛད་པར་མ་ཟད། སྤ་སྟོན་རང་གི་སློབ་བུ་རྣམས་ཀྱང་ཕ་དམ་པ་སངས་རྒྱས་ཀྱི་དྲུང་དུ་ཆོས་འབྲེལ་འཛུགས་པའི་སྐུལ་སློང་གནང་བ་སོགས་ནི། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས།“དེར་གསུམ་པོས་དབང་ལུང་རྣམས་རྫོགས་པར་སྤ་ཚང་ལ་ཞུས། དབུས་གཙང་དུ་བྱོན་དུས། བླ་མ་སྤའི་ཞལ་ནས། ཏིང་རི་བླ་བསྐོར་ན། ཕ་དམ་པ་བྱ་བ་རྟེན་འབྲེལ་གྱི་མངའ་བདག་གྲུབ་ཆེན་ཞིག་བཞུགས་པས། ཁྱེད་རང་གསུམ་ཡང་རྟེན་འབྲེལ་རེ་རྟོགས་ལ་གཤེགས་ཤིག་གསུངས།” ⑧ ཞེས་དང་། “ཕ་དམ་པའི་ཞལ་ནས། སྤ་སྟོན་དཔལ་མཆོག་དང་འབྲེལ་པ་ཟབ་མོ་ཡོད་པས་དེ་ལྟར་བྱེད་གསུངས།”⑨ཞེས་བཀོད་པ་ལས། བོན་གྱི་བསྟན་པ་འཛིན་པའི་རྗེས་འཇུག་པ་མང་པོས་རང་གི་གཞུང་ལུགས་སྦྱང་བ་ཙམ་མ་ཟད། ཐུབ་བསྟན་གྱི་མཁས་པའི་ཞབས་ལའང་གཏུགས་ཏེ་བན་བོན་སྤྱི་ལ་ཕྱོགས་རིས་མེད་པར་སློབ་གཉེར་མཛད་པ་རྟོགས་ཡོང་། གཞན་བོན་པའི་སློབ་གཉེར་བ་མང་པོ་ས་སྐྱ་དང་། སྣར་ཐང་། གསང་ཕུ་སོགས་དགོན་སྡེ་ཁག་ཏུ་བསྐྱོད་ནས་སློབ་གཉེར་ལ་གཞོལ་ཚུལ་གྱི་ལོ་རྒྱུས་མང་དུ་ཡོད་དེ། དཔེ་མཚོན་ཙམ་ཞིག་དྲངས་ན། 《རྗེ་མཉམ་མེད་པའི་རྣམ་ཐར་པདྨོ་སྟོང་ལྡན》ལས།“དེ་ནས་དབུས་ཀྱི་ན་ལེན་ཏྲར། ། རོང་སྟོན་ཤེས་བྱ་ཀུན་རིག་མདུན། ། ཕར་ཚད་འདུལ་མངོན་དབུ་སྡོམ་གྱི། ། གཞུང་ལུགས་ཀུན་ལ་ཐོས་བསམ་སྦྱངས། ། གསང་ཕུ་ལ་སོགས་དབུས་གཙང་གི ། རྩོད་གྲྭ་ཀུན་ལ་དམ་བཅའ་མཛད། །”⑩ཅེས་རྗེ་མཉམ་མེད་པ་ཤེས་རབ་རྒྱལ་མཚན(1356-1415)གྱིས། རང་ལུགས་གྲུབ་མཐའི་ཁྱབ་ཁོངས་ཙམ་ལས་ཡོངས་སུ་བརྒལ་ཏེ། ཇི་སྙེད་ཐུབ་པའི་བསྟན་ལའང་མཁས་པར་མཛད་ཚུལ་ནི། བན་བོན་སིམ་འདྲེས་ཀྱི་མཐུན་ལམ་ལ་མིག་དཔེར་རུང་བའི་བྱས་རྗེས་ཤིག་ཡིན་པར་འདོད་ཅིང་། ཡང《རྣམ་ཐར་པདྨོ་སྟོང་ལྡན》དེ་ཉིད་ལས།“མདོ་སྨད་འབྲི་ཆུ་གསེར་ལྡན་ཁར། ། རྗེ་བཙུན་བློ་བཟང་གྲགས་པ་ཡིས། ། ཆོས་གོས་བཀལ་ཏེ་རྟེན་འབྲེལ་བརྟག །དེ་ཚེ་རྗེ་ཉིད་དེར་བྱོན་ནས། ། ཐུགས་བསྐྱེད་བཟབས་པས་ཅུང་མ་ཁེབས། ། མཁའ་ནས་བོན་སྐྱོང་ཚོགས་རྣམས་ཀྱིས། ། དགྱེས་ཤིང་ལེགས་པའི་གད་མོ་བཞད། །བོན་དང་ས་དགེ་རྙིང་མ་ཡི། ། འདུལ་ཞིང་ཕྲན་ཙམ་ཡོད་པར་ཤར། ། དེ་ཡང་རྗེ་འདིའི་བཀའ་དྲིན་ནམ། བསྟོད་ཚིག་ཤོ་ལོ་ཀ་རེ་རེ། ། ཕན་ཚུན་ཕུལ་ནས་ནམ་ཞིག་བར། ། གཅིག་བསྟན་གཅིག་གྲོགས་བྱེད་པར་ཆད། །”ཅེས་རྗེ་མཉམ་མེད་པ་དང་། རྗེ་བློ་བཟང་གྲགས་པ་རྣམ་གཉིས་མཇལ་ནས་ཆོས་འབྲེལ་བྱུང་ཡོད་ལ། དེར་དེང་གི་ཞིབ་འཇུག་པ་མང་པོས་ཁོང་གཉིས་ཞལ་མཇལ་མ་མཇལ་གྱི་ཐད་ལ་ལྟ་ཚུལ་མང་དུ་སྣང་མོད། ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་ཀྱིས། འདི་ལ་མོས་མཐུན་དང་འདི་ཉིད་རྩལ་དུ་སྤྲུགས་ནས་འཆད་པ་ལ། རྒྱུ་མཚན་མེད་པའང་མིན་པར་འདོད་ཅིང་། ཆོས་བོན་མཉམ་འདྲེས་ཀྱི་མཐུན་ལམ་ལ་གྲོགས་དན་ཡོང་བའི་བདེན་དཔང་འཚོལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། རྗེ་མཉམ་མེད་པ་དང་རྗེ་བློ་བཟང་གྲགས་པ་རྣམ་གཉིས་ཞལ་མཇལ་ཆོས་འབྲེལ་བྱུང་བ་འདིས། བན་བོན་སིམ་འདྲེས་ཀྱི་གནས་སྟངས་ལ་སྐུལ་འདེད་གཏོང་ཐུབ་པའི་ངོས་ཤིག་ཀྱང་ཡོད་པར་སྙམ། གྲུབ་མཐའ་རིས་མེད་སྨྲ་བའི་སྐྱེས་མཆོག་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལྟ་བུར་མཚོན་ནའང་། དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་བྲག་དཀར་འཆང་བློ་བཟང་བསྟན་འཛིན་སྙན་གྲགས་དང་། ཀ་ཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རིས་མེད་ཀྱི་མཁས་དབང་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཁམས་སྡེ་དགེ་ས་ཆར་ཆོས་བོན་ཕན་ཚུན་བར་རིག་གཞུང་བགྲོ་གླེང་དང་ཆོས་རྒྱུན་སློབ་སྦྱོང་བྱས་ཏེ། བསམ་བློ་གུ་ཡངས་ཀྱིས་རིས་མེད་གྲུབ་མཐའི་ལས་འགུལ་སྤེལ་བ་དང་། ལྷག་པར་དུ1891ལོར་ཤར་རྫ་རི་ཁྲོད་བཏབ་ནས་གྲུབ་མཐའ་གཞན་གྱི་སློབ་མ་མང་དུ་བསྐྱངས་ཤིང་། ཤར་རྫ་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་གྱི་གྲུབ་མཐའ་གཞན་གྱི་མཁས་གྲུབ་ཀྱང་མང་དུ་བྱོན་ཡོད་དེ། 1902ལོར་རྫ་རྒྱལ་འཕགས་པ་ཤར་རྫ་རི་ཁྲོད་དུ་ཆོས་འབྲེལ་ཞུ་རུ་སླེབས་པ་དང་།1904ལོར་རྙིང་མ་བའི་ཕོ་བ་ཁུག་གི་བླ་མ་ཡེ་ཤེས་རྡོ་རྗེ་ཤར་རྫ་རི་ཁྲོད་དུ་ཕེབས་ནས་ཤར་རྫ་བ་རང་དགོན་དུ་རྫོགས་ཆེན་གྱི་བཀའ་སློབ་ཞུ་རུ་གདན་དྲངས་པ་དང་།བན་བོན་གཅིག་སྒྲུབ་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་པ་སོགས་བན་བོན་ཆོས་འབྲེལ་ལ་སྔར་བྱུང་མ་མྱོང་བའི་ཆོས་བོན་སིམ་འདྲེས་ཀྱི་གནས་བབས་གསར་པ་ཞིག་ཆགས་ཡོད་པ་རྟོགས་ཐུབ།དེ་བས་ན་བན་བོན་ཆོས་འབྲེལ་གྱི་ཐོག་མའི་ས་བོན་ནས་བར་གྱི་མྱུ་གུ་འབུས་ཚུལ། མཐའ་མར་འདབ་ལོ་རྒྱས་པའི་བྱུང་བ་དང་འཕེལ་རིམ་འདིས་སྤྱི་ཚོགས་ཀྱི་འགྲོ་སྟངས་ངེས་ཅན་ཞིག་གཏན་ལ་ཕབ་ཡོད་ཅིང་།དེ་བཞིན་དུ་ང་ཚོས་ཤེས་རྟོགས་འབྱུང་དགོས་པ་ནི། བན་བོན་བར་གྱི་འགལ་བ་རྐྱང་རྐྱང་འཚོལ་བ་ཙམ་མིན་ཏེ། ཆོས་འབྲེལ་དང་འདུམ་འགྲིག་སོགས་ཞི་བའི་འབྲེལ་བ་དེའང་ངེས་པར་འཚོལ་དགོས་སོ། །
གསུམ་པ། ཆོས་འབྲེལ་ལས་བྱུང་བའི་ཤུགས་རྐྱེན།
༡.དགོན་སྡེ་དང་སློབ་གསོར་ཐོན་པའི་ཤུགས་རྐྱེན།
བན་བོན་བླ་ཆེན་དག་གི་ཆོས་འབྲེལ་ལས་བན་བོན་ཆུ་བོ་གཅིག་འདྲེས་ཀྱི་གནས་སྟངས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་། ཕན་ཚུན་འགྲོ་འོང་དང་བརྗེ་རེས་ཀྱི་འདུ་འགོད་ཡང་ཇེ་མང་དུ་སོང་། བོན་གྱི་དགོན་པའི་འཕོ་འགྱུར་གཅིག་པུ་ལ་དཔགས་ནའང་། ས་སྐྱ་དང་ཕག་གྲུའི་དུས་སུ་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཁག་གིས། རང་རང་གི་དགོན་སྡེ་འཛུགས་སྐྲུན་དང་གཞུང་ལུགས་སློབ་གཉེར་ལ་གཞོལ་བ་དང་བསྟུན་ནས། བོན་བསྟན་ཕྱོགས་ཀྱི་མཁས་གྲུབ་རྣམས་ཀྱིས་ཀྱང་གྲུབ་མཐའ་གཞན་གྱི་ལེགས་ཆར་སློབ་སྦྱོང་བྱས་ཏེ། དགོན་སྡེ་འཛུགས་སྐྲུན་དང་དགོན་སྡེའི་སློབ་གསོ་གཙོ་ཆེར་བཟུང་ནས། གྲོང་སྔགས་ཀྱི་ཆོ་ག་སྤེལ་སའི་གསས་ཁང་དག་ཀྱང་རིམ་བཞིན་རྒྱ་བསྐྱེད་ནས་བྲུ་ཞུ་སྤ་རྨེའུ། གཤེན་དང་། ཁྱུང་གི་གདུང་རྒྱུད་སོགས་གདུང་རྒྱུད་དྲུག་གིས་བཟུང་ཡོད་པའི་སྐྱ་སེར་གཉིས་འདྲེས་ཀྱི་གདུང་རྒྱུད་དགོན་པར་བསྒྱུར་བ་དང་། རྗེ་བློ་བཟང་གྲགས་པས་རིས་མེད་ཀྱི་མཁས་པ་མང་དུ་བསྟེན་ཏེ་བསྟན་པའི་འདུལ་ཁྲིམས་ལ་དག་ཐེར་མཛད་ཅིང་། དགེ་ལུགས་པའི་གྲུབ་མཐའི་སྲོལ་ཕྱེ་བ་དེ་དང་དུས་མཉམ་དུ། རྗེ་མཉམ་མེད་པ་སོགས་བོན་གྱི་བླ་ཆེན་མང་པོས་ཀྱང་བོན་གྱི་འདུལ་ཁྲིམས་སོགས་ཚགས་དམ་ཞིང་། བསླབ་པ་སློབ་གཉེར་གྱི་སྒྲིག་གཞི་གསལ་པའི་གཙང་དགོན་ཞེས་པ་དེ་གསར་དུ་བཏོད། དེ་ལ《བོན་གྱི་ལོ་རྒྱུས་མདོར་བསྟན་གནད་ཀྱི་ཕྲེང་བ》ལས།“སྨན་རི་དགོན་གྱི་སློབ་གཉེར་གྱི་རིམ་པ་ལ། ཐོག་མར་བསྡུས་གྲྭ་དང་། རིམ་བཞིན་ཕར་ཕྱིན་སྐབས་བརྒྱད་པ། མཛོད། འདུལ་བ། དབུ་མ་བདེན་གཉིས། ས་ལམ་རྣམ་འབྱེད། ཐེག་པ་དགུ་བཅས”ཞེས་གསུངས་པར་གཞིགས་ན། དགེ་ལུགས་པའི་གཞུང་ཆེན་ལྔའི་སློབ་གཉེར་ལམ་ལུགས་ཀྱི་ལེགས་ཆ་བླངས་ཡོད་པ་དང་། བོན་རང་གི་ཁྱད་ཆོས་མ་བོར་བ་ཐེག་པ་རིམ་དགུའི་སློབ་གཉེར་སོགས་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་དུ་རང་གི་ཁྱད་ཆོས་ཡོད་པའི་སྒོ་ནས་སྔོན་ཐོན་གྱི་གྲུབ་མཐའི་ཚད་གཞི་ལ་སླེབས་ཡོད། བོན་གྱི་དགོན་པའི་འཕེལ་ཕྱོགས་དེ་གདུང་རྒྱུད་དུ་གཏོགས་མིན་ལ་མ་བལྟས་པར། མཆོག་དམན་བར་མ་ཀུན་གྱིས་སྡོམ་ཁྲིམས་བརྩི་སྲུང་བྱེད་དགོས་པ་གཏན་འབེབས་མཛད་པས། གདུང་རྒྱུད་གྲྭ་པ་རྣམས་སེར་ཁྱིམ་གྱི་ཚུལ་དུ་སྡོད་ཆོག་པའི་ཁྱད་དབང་ལ་འབུར་འཇོམས་བཏང་བ་ནི། 《རྗེ་མཉམ་མེད་པའི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བ》ལས།“ཕྱོགས་བཞིའི་ཐོ་བཞི་བརྩེགས་ཏེ་དེ་ཚུན་ཆུད་མི་ནག་པ་དང་སྐྱེས་དམན་འོང་དབང་མེད་པ་དང་། ཚོགས་སུ་སྡོམ་པ་མ་བླངས་པར་གྲལ་ལ་འདུག་ས་མེད་པ་དང་། བླངས་ཀྱང་བླ་གོས་དང་འདིང་ལྷུང་མེད་པར་གྲལ་ལ་འདུག་དབང་མེད་པ་ལ་སོགས་ཁྲིམས་ཡིག་མི་འདྲ་བ་གསུམ་བཀོད་པ་མཛད།”ཅེས་གསུངས་པ་དང་། ཡོན་ཏན་གྱི་ཆུ་ཚད་ལྟར་མཁན་པོ་བསྐོ་བཞག་གི་ལམ་ལུགས་གསར་པ་ཞིག་བྱུང་ཞིང་།ཚུལ་འདི་ལས་བོན་བསྟན་གྱི་རིག་གནས་དང་གྲུབ་མཐའ་ཡར་རྒྱས་གོང་འཕེལ་གཏོང་བར་སྔར་ན་མེད་པའི་ཤུགས་རྐྱེན་ཆེན་པོ་བྱུང་ཡོད་པར་འདོད། བོན་ལུགས་ཀྱི་བླ་མའི་བསྐོ་བཞག་བྱེད་ཐབས་དེའང་སྔོན་དུ་གདུང་རྒྱུད་འདེད་པའི་ལམ་ལུགས་ཉག་གཅིག་བསྐྱངས་ནས་ཡོང་བ་དང་། བསྟན་པ་ཕྱི་དར་སྐབས་གདུང་རྒྱུད་ཆེན་པོ་དྲུག་གི་སྟོབས་ཤུགས་འཕེལ་བར་བསྟུན་ནས་དགོན་སྡེ་དར་སྤེལ་དང་། བསླབ་པ་སློབ་གཉེར་གང་ཐད་ནས་ཀྱང་བོན་ལུགས་ཀྱི་གདུང་རྒྱུད་བླ་མའི་རྒྱུན་འཛིན་ལ་སྔར་ལས་ལྷག་པའི་འཕེལ་རྒྱས་ཕྱིན་ཡོད་མོད། བོད་ཀྱི་ཐུབ་བསྟན་པའི་གྲུབ་མཐའ་གཞན་དག་ལ་སྤྲུལ་སྐུའི་ལམ་ལུགས་དར་སྲོལ་བྱུང་བ་དེར། བོན་བསྟན་གྱིས་ཀྱང་སློབ་སྦྱོང་བྱས་ཏེ་ལག་ལེན་དུ་བསྟར་བ་དང་། རྒྱལ་བ་བྲུ་ཚང་གི་གདུང་རྒྱུད་ཁྲོད་དུ་དགེ་ལུགས་པའི་སྤྲུལ་སྐུ་པཎ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས(1663-1737)དང་པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག(1854-1882)གཉིས་འཁྲུངས་པའི་ཤུགས་རྐྱེན་ལས་ཀྱང་། བོན་ལུགས་སྲོལ་རྒྱུན་ཁྲོད་ཀྱི་གདུང་རྒྱུད་བླ་མའི་ལམ་ལུགས་ལ་འགྱུར་བ་ཐེབས་ཡོད་པ་ཤེས་ཐུབ་བོ། །
༢.གྲུབ་མཐའ་རིས་མེད་བྱུང་ཚུལ།
གྲུབ་མཐའ་རིས་མེད་ནི་རིག་གནས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ལ་ཕན་པའི་བསམ་བློ་གལ་ཆེན་ཞིག་ཡིན་ལ། དེས་བན་བོན་གཉིས་ཀྱི་རིག་གནས་འཕེལ་བའི་གོ་རིམ་ཁྲོད་དུ་གྲུབ་མཐའ་སོ་སོའི་མཐུན་སྒྲིལ་དང་། རིག་གནས་བརྗེ་རེས། ཕན་ཚུན་ལ་སློབ་སྦྱོང་གི་ནུས་པ་གལ་ཆེན་ཐོན་ཡོད། བོད་ཀྱི་ལོ་རྒྱུས་སྟེང་གྲུབ་མཐའི་ཕྱོགས་ལྷུང་གི་དབང་གིས་བྱུང་བའི་གནོད་པ་ཆེན་པོ་དང་། སྡེ་གཟར་ཆེན་པོ། རིག་གནས་དཔལ་འབྱོར་འཕེལ་རྒྱས་ལ་བཀག་རྒྱ་ཆེན་པོ་བཟོས་ཡོད་དེ། ཐོག་མར་བན་བོན་གཉིས་ཀྱི་འགལ་བ་དང་། རིམ་བཞིན་ས་དགེ་བཀའ་རྙིང་སོགས་གྲུབ་མཐའ་ཁག་གི་བར་ལའང་ཆགས་སྡང་དང་ཕྱོགས་ལྷུང་གིས་བཟོས་པའི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་མང་དུ་བྱུང་ཡོད།གནས་སྟངས་འདི་འདྲའི་འོག་ཏུ་གྲུབ་མཐའ་རིས་མེད་ཀྱི་བསམ་བློ་ཅན་གྱི་མཁས་པ་བཻ་རོ་ཙ་ན་དང་།བླ་ཆེན་དྲན་པ་ནམ་མཁའ། རྗེ་བློ་བཟང་གྲགས་པ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་སོགས་མང་དུ་བྱུང་བ་དངརིས་མེད་ཀྱི་མཛད་པ་བཞེས་པའི་མཁས་གྲུབ་དག་གི་ཕྱག་རྗེས་ལས། རིས་མེད་གནང་མཁན་གྱི་སྐྱེས་ཆེན་མང་དུ་བྱོན་པ་དང་། གུ་ཡངས་པའི་རིག་གནས་ཀྱི་ཁོར་ཡུག་ཅིག་བྱུང་ཐུབ་པ་རེད། གྲུབ་མཐའ་ཕན་ཚུན་ལ་སློབ་སྦྱོང་སོགས་གྲུབ་མཐའི་ཆགས་སྡང་གི་རྒྱ་རུ་མ་ཚུད་པའི་མཁས་གྲུབ་དག་གི་ཕྱག་རྗེས་ལས། བན་བོན་རིག་གནས་གཉིས་མཉམ་འདྲེས་ཀྱི་ཁོར་ཡུག་ཅིག་ཆགས་ཐུབ་པ་དང་། གྲུབ་མཐའ་སོ་སོའི་གདམས་པ་རྩ་ཆེན་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས། བོད་ཀྱི་རིག་གནས་སྤྱི་ལ་འཕེལ་རྒྱས་ཆེན་པོ་ཐོན་ཡོད་ལ། ལྷག་པར་གྲུབ་མཐའི་བར་གྱི་འཁྲུག་རྩོད་ཞི་འཇགས་སུ་བཏང་ནས་འཆམ་མཐུན་སྤྱི་ཚོགས་ཤིག་བསྐྲུན་པར་དགེ་མཚན་ཆེན་པོ་བྱུང་ཡོད།
༣.སྲོལ་རྒྱུན་རིག་གནས་ཀྱི་རྒྱུད་འཛིན།
སངས་རྒྱས་ཆོས་ལུགས་བོད་དུ་མ་དར་བའི་སྔོན་དུ། བོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་བོན་བསྟན་དང་འོ་ཆུ་དབྱེར་མེད་དུ་འདྲེས་ནས་ཡོད་ཅིང་།ཕྱིས་སུ་ཐུབ་བསྟན་དང་བོན་བསྟན་གཉིས་ཀྱི་བར་དུ་འགལ་བ་སྣ་ཚོགས་བྱུང་ནས་བོན་བསྟན་ལ་ཉམས་ཉེས་ཐེབས་པ་དེས། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱང་ཉམས་ཉེས་སུ་འགྲོ་ངེས་ཡིན་པ་མཚོན་ཐུབ་མོད། དྲན་པ་ནམ་མཁའ་དང་བཻ་རོ་ཙ་ན་སོགས་ཀྱིས་གཙོས་པའི་ཆོས་བོན་སིམ་འདྲེས་ཀྱི་མཐུན་ལམ་ལ་བརྟེན་ནས་རྒྱུད་འཛིན་བྱེད་ཐུབ་པར་བྱུང་ཚུལ་ནི། བསང་དང་། ལབ་བཙས། གཞི་བདག་གི་དད་མོས་སོགས་ཐུབ་བསྟན་ལ་ནང་འདྲེན་གྱིས་རྒྱུད་འཛིན་བྱས་པ་མ་ཟད། འཇིག་རྟེན་གཉེན་སྲོལ་གྱི་ཆོ་ག་མང་དག་ཅིག་ཀྱང་ཆོས་ལུགས་དང་ངང་ངམ་ཤུགས་ཀྱིས་འདྲེས་པར་གྱུར་ཡོད་པ་དཔེར་ན། བོན་ལུགས་ཀྱི་གཉེན་སྲོལ་ཡིག་ཆ། 《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ལ་གཞི་བྱས་ནས།《བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད》《བོད་ཀྱི་གཉའ་གླུའི་ཡིག་ཆ》སོགས་བོན་ལུགས་ཀྱི་རྨང་གཞིའི་སྟེང་ཐུབ་བསྟན་པའི་ལྷ་དང་རྒྱ་གར་གྱི་གནའ་བོའི་གཏམ་རྒྱུད་ཁག་གཅིག་བསྣན་པ་འདིས་ཀྱང་། སྲོལ་རྒྱུན་རྒྱུན་འཛིན་ལ་མངོན་ལྐོག་གང་རུང་ནས་ནུས་པ་ཐོན་ཡོད་པར་འདོད་ལ། 《རྒྱལ་རབས་དེབ་ཐེར་དཀར་པོ》ལས་ཀྱང་།“ཁྱིམ་རེ་རེ་བཞིན་གྱི་སྒོ་སྟེང་དུ་དར་མདུང་རེ་སློང་བ་འདི་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་ལྟ་བུ་ཞིག་སྟེ། དེ་ཡང་ཐོག་མར་དམག་གི་རྟགས་སུ་མངོན་ལ། རྗེས་སོར་ཆོས་ཀྱི་ལས་སུ་སོང”ཞེས་གསུངས་པ་ལ་སོགས་པ་འདི་དང་འདི་ལྟ་བུའི་བོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཆོས་བོན་སིམ་འདྲེས་ཀྱི་ཆ་རྐྱེན་ལེགས་པོ་ཡོད་པས། ད་ལྟའི་བར་དུ་བོད་མིའི་འཚོ་བའི་རྐང་དུ་འཐིམ་སྟེ། འཕྲལ་ཡུན་གཉིས་སུ་རིག་གནས་ཀྱི་སྟོང་ཆ་མང་པོ་ཞིག་ལ་ཁ་བསྐངས་འདུག དེས་ན་རང་རེའི་སྲོལ་རྒྱུན་རིག་གནས་འདི་དག་མུ་ནས་མུར་འཛིན་སྐྱོང་སྤེལ་གསུམ་གྱིས་དར་རྒྱས་སུ་གཏོང་དགོས་ཚེ། ང་ཚོས་ངེས་པར་དུ་བོད་ཀྱི་རིག་གནས་ཞེས་པའི་འདུ་ཤེས་གཅིག་པའི་སྒོས་བན་བོན་བར་གྱི་སྡང་སེམས་དང་སྐྱོ་གར་རིང་དུ་བསྐྱུར་ཏེ། བླ་ན་མ་མཆིས་པའི་རིག་གནས་འདི་དག་གི་ཉིང་བཅུད་རྒྱུན་རིང་བོར་བདག་པོར་འཛིན་རྒྱུ་ནི་ཤིག་ཏུ་གལ་འགངས་ཆེ་བར་སྙམ་མོ། །
མཇུག་བསྡུ་བ།
བཙན་པོའི་རྒྱལ་རབས་སྐབས་ནས་བཟུང་། བན་བོན་གཉིས་ཀྱི་བར་ལ་ཆགས་སྡང་སྣ་ཚོགས་ཡོང་ནའང་།བླ་ཆེན་དྲན་པ་ནམ་མཁའ་དང་། བཻ་རོ་ཙ་ན་སོགས་མཁས་ཆེན་དུ་མས་ཆོས་བོན་སིམ་འདྲེས་ཀྱི་བསམ་བློ་རླབས་ཆེན་སྤེལ་ཏེ། བོད་དུ་ཆོས་ལུགས་གསར་རྙིང་གི་གདོང་གཏུག་བྱུང་བར་ཐབས་ཤེས་གང་དྲག་གིས་བསལ་ཐབས་བྱས་པ་དང་། ས་བོན་འདི་ལས་མཆེད་དེ། བན་བོན་གྱི་ཕྱིས་འབྱུང་མཁས་གྲུབ་དུ་མས་ཀྱང་ཆོས་བོན་སིམ་འདྲེས་ཀྱི་མཐུན་ལམ་ལ་ནུས་ཤུགས་གང་ཡོད་བཏོན། ལྷག་པར་དུ་བསྟན་པ་ཕྱི་དར་སྐབས་ལ་ཆོས་བརྒྱུད་གྲུབ་མཐའ་སྣ་ཚོགས་མེ་ཏོག་མཉམ་བཞད་དང་།མཁས་བརྒྱ་འགྲན་གླེང་གི་གནས་བབས་ཤར་ཞིང་།དབང་ལྡན་ཞུ་ཡས་ལེགས་པོ་དང་ཇོ་བོ་རྗེ་ཨ་ཏི་ཤ་རྣམ་གཉིས་ཀྱང་ཆོས་འབྲེལ་ཟབ་མོ་བྱུང་བ། ཕ་དམ་པ་སངས་རྒྱས་དང་སྤ་སྟོན་དཔལ་མཆོག་ལ་ཆོས་འབྲེལ་བྱུང་བ། རྗེ་བློ་བཟང་གྲགས་པ་དང་རྗེ་མཉམ་མེད་པ་ལ་ཆོས་འབྲེལ་བྱུང་བ། ཁྱད་པར་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན། བྲག་དཀར་བ་བློ་བཟང་སྙན་གྲགས་སོགས་ནས་ཁམས་ཀྱི་སྡེ་དགེ་ས་ཆར་བན་བོན་གྲུབ་མཐའ་རིས་མེད་ཀྱི་ཕན་ཚུན་སློབ་སྦྱོང་དང་། རིག་གནས་འགྲོ་འོང་གི་གནས་བབས་གསར་པ་བསྐྲུན་ཅིང་། ཚུལ་འདི་དག་ལས་བོད་ཀྱི་ཆོས་ལུགས་གྲུབ་མཐའི་མཐུན་སྒྲིལ་གྱི་ཆ་ལ་གསོན་ཤུགས་གསར་པ་སྤྲད་ཡོད་པ་མ་ཟད། བོན་རང་ལ་མཚོན་ནའང་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་སློབ་སྦྱོང་དང་མིག་དཔེར་བལྟས་ནས་དགོན་སྡེའི་འདུལ་ཁྲིམས་སླར་གསོ། བསླབ་པ་སློབ་གཉེར་གྱི་སྒྲིག་གཞི་གསར་འཛུགས་སོགས་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཐུབ་བསྟན་པའི་ངོས་ནས་བཤད་ནའང་བོན་ལུགས་ཀྱི་བསང་དང་ལབ་བཙས་གཡང་མདོས་སོགས་རྒྱུ་བོན་ནང་འདྲེན་བྱས་ཏེ། བོད་རང་གི་གདོད་མའི་རིག་གནས་མང་དག་ཅིག་མ་མཉམ་གོང་སྤེལ་གྱི་དགེ་མཚན་ཆེན་པོ་མངོན་ཡོད།
མདོར་ན། བོད་ཀྱི་ཡུལ་གྲུ་ཁ་ཤས་ན་བན་བོན་གྱི་ཆགས་སྡང་མང་དུ་ཡོད་པ་མིག་མཐོང་ལག་ཟིན་ཡིན་མོད། ང་ཚོ་རྗེས་རབས་རྣམས་ནས་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཐའ་དག་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ། སྔོན་གྱི་རང་རེའི་མཁས་པ་མང་པོ་ཞིག་གིས་བན་བོན་གྱི་མཉམ་གནས་དང་འཕེལ་རྒྱས་སོགས་ལ་མཐུན་ལམ་དང་། ཆོས་འབྲེལ་གྱི་མཛད་པ་བསྐྱངས་པའི་ལོ་རྒྱུས་ལ་ཅིས་ཀྱང་ཞིབ་འཇུག་དང་ཁ་མིག་ཡར་ལྟ་བྱས་ཏེ། ཁོང་རྣམ་པའི་ལྷག་བསམ་དང་ཀུན་སློང་ལ་སློབ་སྦྱོང་དང་མིག་དཔེ་བལྟ་རྒྱུ་དེ་གལ་ཆེན་ཡིན་ནོ། །
① དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:192
② ཤར་རྫ་བཀྲ་ཤིས་རྒྱལ་མཚན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། [M] མི་རིགས་དཔེ་སྐྲུན་ཁང་། 1987:213
③ དྲན་པ་ནམ་མཁའ་སོགས། བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2010:302-303
④ གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། བཻ་རོའི་འདྲ་འབག་ཆེན་མོ། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995:249
⑤ ཞུ་ཡས་ལེགས་པོ། དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐྱེས་རབས་རྣམ་ཐར་བཞུགས་སོ། །[M] ཁྲོམ་ཚང་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། ཤོག་གྲངས27
⑥ ཞུ་ཡས་ལེགས་པོ། དབང་ལྡན་ཞུ་ཡས་ལེགས་པོ་དང་ཞུ་སྒོམ་འཁྲུལ་ཞིག་ཆེན་པོའི་སྐྱེས་རབས་རྣམ་ཐར་བཞུགས་སོ། ། [M] ཁྲོམ་ཚང་བཤད་སྒྲུབ་འདུས་སྡེ་ནས་པར་སྐྲུན་བྱས། ཤོག་གྲངས28
⑦ དབོན་པོ་ཤེས་རབ་འབྱུང་གནས། དམ་ཆོས་དགོངས་པ་གཅིག་པའི་ཡིག་ཆ། [M] པོད་དང་པོ། Thimphu, Bhytan, Kunsang Topgey. 1976 ལོར་དཔར་དུ་བཏབ། ཤོག་ངོས་ག་པ། ལྡེབ་མ་ཉེར་གཅིག་སྟེང་དུ་གསལ།
⑧ སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991:215
⑨ སྤ་བསྟན་རྒྱལ་བཟང་པོ། བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ། [M] ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991:215
⑩ མཁན་ཉི་མ་བསྟན་འཛིན། རྗེ་མཉམ་མེད་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་པ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་བཞུགས་སོ། ། རྒྱལ་མོ་རོང་མཁས་ཆེན་འགའི་རྣམ་ཐར་ཕྱོགས་བསྒྲིགས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017:156
མཁན་ཉི་མ་བསྟན་འཛིན། རྗེ་མཉམ་མེད་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་པ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་བཞུགས་སོ། ། རྒྱལ་མོ་རོང་མཁས་ཆེན་འགའི་རྣམ་ཐར་ཕྱོགས་བསྒྲིགས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017:156
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར། [M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1991:160-161
དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར། [M] ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1991:181
才让太 顿珠拉杰 苯教史纲要 [M] 中国藏学出版社 189页
གྲགས་པ་རྒྱལ་མཚན། རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་པར་ཐར་པ་ངོ་མཚར་པད་མོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། རྒྱལ་མོ་རོང་མཁས་ཆེན་འགའི་རྣམ་ཐར་ཕྱོགས་བསྒྲིགས། [G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2017:146
དགེ་འདུན་ཆོས་འཕེལ་། དགེ་འདུན་ཆོས་འཕེལ་གྱི་གསུམ་རྩོམ། [M] པོད་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1990:220