རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་མགོ་ཚུགས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་ཚགས། སྤེལ་དུས། 05-25
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པ་ཚེས22ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་མགོ་ཚུགས་པ་རེད། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབ་རྒྱུ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིན་ཤོན། ཨའེ་ལི་ཀེན·དབྱི་མིན་པ་ཧའེ། ཝན་ཨོ་ཞང་།ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་འཐུས་མི2956ཕེབས་དགོས་པ་དང་། ཚེས22ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི2897ཕེབས་ཡོད་པ་དང་འཐུས་མི59ཕེབས་ཐུབ་མེད་པས་ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། སྔ་དྲོའི་ཆུ་ཚོད9པར། ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་སྐབས་ཚང་མས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད། ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་ཐོན་པའི་འགོ་ཤུགས་མགྱོགས་ཤོས་དང་། འགོས་རྒྱ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་དཀའ་ཤོས་བཅས་ཀྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ཞིག་རེད། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཛ་དྲག་གི་འཐབ་རྩོད་ནང་སྨན་དོན་མི་སྣ་དང་། ལས་བྱེད་པ་དང་ལས་བཟོ། སྡེ་ཁུལ་གྱི་ལས་སྒྲུབ་པ་སོགས་ཁག་གཅིག་གཞུང་དོན་གྱི་ཆེད་དུ་རང་སྲོག་ཤོར་བ་དང་ནད་པ་མང་པོ་ཞིག་སྟབས་མ་ལེགས་པར་ཚེ་ལས་འདས་པ་རེད། ང་ཚོས་སྐུ་གཤེགས་པའི་དཔའ་བོ་དང་སྤུན་ཟླར་མྱ་ངན་ཟབ་མོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།དེའི་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནང་སྐུ་གཤེགས་པའི་དཔའ་བོ་དང་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ཚོགས་འདུའི་གྲོས་རིམ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁྱོན་ཁག་བརྒྱད་ལ་བགོས་ཡོད་པ་སྟེ། གཅིག 2019ལོ་དང་འདི་ལོ་ཚུན་གྱི་ལས་དོན་ཕྱིར་དྲན་དང་།
གཉིས། འདི་ལོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཙོ་བོ་དང་དུས་མཚམས་རྗེས་མའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག གསུམ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་བརྟན་པོ་དང་ལས་ཞུགས་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། བཞི། བཅོས་བསྒྱུར་ལ་བརྟེན་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་རྒྱུ། ལྔ། ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་སྒྱུར་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། དྲུག དབུལ་ཐར་འགག་སྒྲོལ་གྱི་དམིགས་ཡུལ་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ནས་ཞིང་ལས་ལ་ལོ་ལེགས་དང་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ། བདུན། ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་མ་རྩའི་གཞི་རྩའི་མ་གནས་བརྟན་དུ་གཏོང་རྒྱུ། བརྒྱད། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་ཀྱི་བྱ་གཞག་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
ལི་ཁེ་ཆང་གིས་གསུངས་དོན། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་ལ་ཁྱབ་པའི་འགོ་ཤུགས་མགྱོགས་ཤོས་དང་། འགོས་རྒྱ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་བྱེད་དཀའ་ཤོས་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་ཀྱི་གོང་འོག་ཀུན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་དཀའ་སྤྱད་འབད་བརྩོན་ཚད་མེད་བྱས་པར་མ་ཟད། རང་སྲོག་བློས་བཏང་བ་བརྒྱུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མིག་སྔར་རིམས་ནད་ད་དུང་མཇུག་འགྲིལ་མེད་པ་དང་འཕེལ་རྒྱས་ཀྱི་ལས་འགན་དེ་བས་ཧ་ཅང་ལྗིད་པོ་ཡིན་པ་རེད།
རིམས་ནད་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་ལས་འགན་དགེ་མཚན་ལྡན་པའི་ངང་ལེགས་འགྲུབ་ཡོང་བར་བྱ་དགོས།
ལི་ཁེ་ཆང་གིས2019ལོ་དང་འདི་ལོ་ཚུན་གྱི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། དཔལ་འབྱོར་འཁོར་སྐྱོད་བྱས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། དཔལ་འབྱོར་གྱི་གྲུབ་ཆ་དང་ས་ཁོངས་བཀོད་སྒྲིག་བྱས་ཚུལ་མུ་མཐུད་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བཅོས་བསྒྱུར་སྒོ་འབྱེད་ཐད་གོམ་སྟབས་གལ་ཆེན་སྤོས་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རིམ་ཐོན་པ། དམངས་འཚོ་སྔར་ལས་ལེགས་བཅོས་བྱུང་བ་བཅས་རེད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་གནང་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནང་ང་ཚོས་གདེང་ཚོད་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ལས་དོན་ཁག་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཡོད་པ་རེད།
ལི་ཁེ་ཆང་གིས་བསྟན་གནང་དོན། གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག འཕྲད་པའི་དཀའ་ངལ་དང་གནད་དོན་ཡང་རིག་པ་དྭངས་གསལ་ངང་མཐོང་ཐུབ་པ་བྱ་དགོས། ང་ཚོས་ངེས་པར་དུ་ལས་དོན་ལེགས་བཅོས་ཧུར་ཐག་བྱེད་པ་དང་། འགན་འཁྲི་ཏན་ཏིག་འཁུར་བ། བློ་ནུས་གང་ཡོད་འདོན་པ་བཅས་བྱས་ནས་མི་དམངས་ཀྱི་རེ་སྒུག་ཆུད་ཟོས་སུ་མི་འགྲོ་བ་བྱ་དགོས།
ལི་ཁེ་ཆང་གིས་བསྟན་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་། རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་ཉེན་ཁ་དང་འགྲན་སློང་འཕྲད་རྒྱུ་ཡིན་མོད། འོན་ཀྱང་ང་ཚོར་ཐུན་མོང་མ་ཡིན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ། ཁྲོམ་རའི་གཏིང་ཤུགས་ཆེན་པོ། དེ་བཞིན་མི་དམངས་དུང་ཕྱུར་མང་པོ་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བ་བཅས་མཚོན་ཡོད། འགྲན་སློང་ལ་ཐད་ཀར་ཁ་གཏད་ནས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོང་དང་ཡག་པོ་སྤྱོད་པ་བཅས་བྱས་ཚེ། མིག་སྔའི་དཀའ་གནད་ལས་སྒྲོལ་ཐུབ་ངེས་ཡིན་ལ་ཀྲུང་གོའི་འཕེལ་རྒྱས་ལ་རེ་བས་ཁེངས་ངེས་ཀྱང་ཡིན་པ་རེད།
ལི་ཁེ་ཆང་གིས་གསུངས་དོན། དུས་བབ་ལ་ཕྱོགས་བསྡུས་ཞིབ་འཇུག་དང་བརྡར་ཤ་བཅད་ནས། ང་ཚོས་རིམས་ནད་མ་ཐོན་གོང་དུ་བསམ་གཞིག་བྱས་པའི་སྔོན་དཔག་དམིགས་ཡུལ་ལེགས་སྒྲིག་འོས་འཚམ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་ཞིབ་ཕྲའི་དམིགས་ཡུལ་བཏོན་མེད། ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་སྔོན་ལ་འཇོག་པ་དང་། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཡུལ་དང་ལས་འགན་མངོན་འགྱུར་ཧུར་ཐག་ཡོང་བ་བྱ་དགོས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི900ཡན་གསར་དུ་ལས་ཞུགས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་བརྒྱ་ཆ6ཡས་མས་ལ་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ5.5ཡས་མས་ལ་ཟིན་པ་བཅས་བྱ་དགོས། གྲོང་མིའི་འཛད་སྤྱོད་རིན་ཐང་འཕར་ཚད་བརྒྱ་ཆ3.5ཡས་མས་ལ་ཟིན་པ་བྱ་དགོས། ཕྱིར་གཏོང་ནང་འདྲེན་བརྟན་པོ་དང་སྤུས་ཚད་ལེགས་སུ་འགྲོ་བ་བྱས་ནས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་དགོས། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་རྩ་བའི་ཆ་ནས་གོམ་སྟབས་གཅིག་མཚུངས་ཡོང་བ་བྱ་དགོས། ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་འབུད་ཐུབ་པ་བྱ་དགོས། དངུལ་རྩའི་ཉེན་ཁ་ཆེ་རིགས་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱ་དགོས། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་རྒྱུ་ཟད་གྲོན་དང་སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་ཆག་པ་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཡུལ་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱ་དགོས།
ལི་ཁེ་ཆང་གིས་གསུངས་དོན། “འགན་ལེན་དྲུག”ནི་འདི་ལོའི“བརྟན་པོ་དྲུག”གི་ལས་དོན་གྱི་ཤུགས་རྒྱག་ས་ཞིག་རེད། “འགན་ལེན་དྲུག”གི་མཐའ་ཚད་སྲུང་ཚེ། དཔལ་འབྱོར་གྱི་གཞི་རྩའི་མ་གནས་བརྟན་པོ་ཡོང་ཐུབ་ལ། འགན་ལེན་ལ་བརྟེན་ནས་བརྟན་པོར་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་འཕེལ་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རྨང་གཞི་བརྟན་དུ་གཏོང་ཐུབ། འདི་ལོའི་ཟླ་བ5ཙམ་འདས་ཟིན། སླད་ཕྱིན་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་ནན་པོ་བྱ་དགོས། བཏོན་པའི་སྲིད་ཇུས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་བྱས་ཡོད་པར་མ་ཟད། རྒྱུན་མཐུད་རང་བཞིན་ལའང་བསམ་བློ་བཏང་ཡོད། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ད་དུང་འཐུས་སྒོ་ཚང་དུ་གཏོང་ཆོག་པས་ང་ཚོར་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་ལེགས་སྒྲུབ་ཐུབ་པའི་ཆོད་སེམས་དང་འཇོན་ཐང་ཡོད་པ་རེད།
ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་དང་། མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་བཅས་ཀྱི་སྐོར། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་སྐོར། ཤང་ཀང་དང་ཨའོ་མེན་གྱི་འཕེལ་རྒྱས་དང་ངོགས་གཉིས་ཀྱི་འབྲེལ་བའི་སྐོར། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་སྐོར་བཅས་རྒྱས་བཤད་གནང་བ་རེད།
ཚོགས་འདུའི་གྲོས་རིམ་ལྟར། ཚོགས་ཆེན་ཐོག2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང་། དེ་བཞིན2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་དང་། 2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྙན་སྒྲོན་དང2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་རྒྱུ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་དམངས་དོན་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གསལ་བཤད་གནང་བ་རེད། གསལ་བཤད་ནང་། དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་ཞིག་དང་། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དམ་གྱི་བླང་བྱ་ཞིག མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་རེད་ཅེས་བསྟན་ཡོད་པ་རེད།
གསལ་བཤད་ནང་དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་སྤྱིའི་བླང་བྱ་དང་གཞི་རྩའི་རྩ་དོན་ངོ་སྤྲོད་བྱས་ཡོད། གསལ་བཤད་ནང་། དམངས་དོན་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་ཁྲིད་སྟོན་བསམ་བློ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་ཁྲིད་སྟོན་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། བཅུ་དགུ་པ། དེ་བཞིན་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཀྱི་འབྲེལ་ཡོད་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་ལ་དམ་པོར་དམིགས་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བཞིན་པ་དང་དུས་མཚམས་མི་འདྲ་བར་གཞིགས་ནས་བཟོས་པའི་དམངས་ཁྲིམས་སྤྱི་སྲོལ་དང་། དངོས་པོའི་བདག་དབང་བཅའ་ཁྲིམས། གན་རྒྱའི་བཅའ་ཁྲིམས། ཁག་ཐེག་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས། གསོ་ཉར་བཅའ་ཁྲིམས། ཤུལ་འཛིན་བཅའ་ཁྲིམས། དབང་གནོད་འགན་འཁྲིའི་བཅའ་ཁྲིམས། མིའི་ཐོབ་ཐང་གི་དབང་ཆ་བཅས་ཐད་ཀྱི་དམངས་དོན་བཅའ་ཁྲིམས་ཀྱི་ཚད་གཞི་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྒྲིག་བཟོ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། དུས་རབས་ཀྱི་ཁྱད་ཆོས་མཚོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ་བཅས་ཀྱི་དམངས་དོན་སྐོར་གྱི་ཁྲིམས་གཞུང་ཞིག་གྲུབ་པར་བྱས་ཏེ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།“ལོ་བརྒྱ་ཐམ་པ་གཉིས”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་དུ་འཐུས་སྒོ་ཚང་བའི་དམངས་དོན་ཁྲིམས་སྐྱོང་གི་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
གསལ་བཤད་ལ་གཞིགས་ན། འཆར་ཟིན་དེར་ས་བཅད7དང་དོན་ཚན1260ཡོད་པ་དང་། ས་བཅད་ཁག་སོ་སོ་ནི་སྤྱིའི་རྩ་འཛིན་དང་། དངོས་པོའི་བདག་དབང་། གན་རྒྱ། མིའི་ཐོབ་ཐང་གི་དབང་ཆ། གཉེན་སྒྲིག་ཁྱིམ་ཚང་། ཤུལ་འཛིན། དབང་གནོད་འགན་འཁྲི། ཞར་བྱུང་བཅས་རེད། གསལ་བཤད་ནང་ད་དུང་འཆར་ཟིན་གྱི་ནང་དོན་གཙོ་བོ་ཡང་ངོ་སྤྲོད་བྱས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་ཝང་ཁྲེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ། འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཏན་འབེབས་འཆར་ཟིན་ལ་གསལ་བཤད་གནང་བ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1