༄༅།། གཡུ་རོང་བསེ་རྫོང་ཕབ་པའི་ལོ་རྒྱུས་མདོར་བསྡུས་དང་ས་མིང་ངོ་སྤྲོད་སྐོར།

དགེ་འདུན་དར་རྒྱས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ཁམས་པའི་འཛུམ་རིས། སྤེལ་དུས། 06-13


 
       གླིང་སེང་ཆེན་ནོར་བུ་དགྲ་འདུལ་མི་ཡི་རྣམ་པར་རོལ་བ་ཆེན་མོའི་རྟོགས་པ་བརྗོད་པ་དྲག་པོའི་སྒོ་ནས་གདུལ་བྱ་འཕྲིན་ལས་སུ་ཕྱོགས་ཀྱི་དགྲ་བཞིའི་ནང་འདན་ནས་རྫོང་། རྒྱ་ནག་ཇ་རྫོང་།ཞིང་ཆས་རྫོང་།བལ་བོ་ལུག་གི་རྫོང་།མི་ནུབ་དར་རྫོང་སོགས་རྫོང་ཁག་བཅུ་གསུམ་ཕབ།
ཤར་བདུད་གུར་དཀར་ལ་གཉའ་སྒ་བསྡད། དགྲ་བདུད་ཧོར་གཉིས་བཏུལ། དེ་ནས་ཤན་འདན་འཁྲུག་ནས་འདུན་མ་འགྲིགས།ཤན་པས་འཇང་ཕྲག་བཟུང་། འཇང་གིས་གཡུ་ལྷ་ལོན་ཐབས་རེ་ཨེ་ཡོད་སྙམ་ནས་གླིང་ལ་དགྲ་ལན་མ་བརྒྱབ་ནས་ལོ་གསུམ་དང་ཟླ་གསུམ་བསྡད།  
  དེའི་སྐབས་སུ་ཁམས་འབྲི་རྫ་ཟལ་མོའི་སྒང་རྒྱུད་སྨད་ཁོ་ཡུ་རོང་བྱ་བའི་རྒྱལ་ཁམས་དེར་ཚེ་རབས་མང་པོར་མི་དགེ་བ་འབའ་ཞིག་ལ་སྤྱད་ནས་སྔར་རྡོ་རྗེ་གདན་དུ་སྟོན་པའི་ཉེ་གནས་ལེགས་སྐར་དང་མུ་སྟེགས་འཕྲོག་བྱེད་དམར་པོར་གྱུར། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོན་བློན་ཏ་ར་ཀླུ་གོང་དང་གཞན་ནང་པའི་བསྟན་ལ་ལོག་པའི་ལུས་ངན་མང་པོ་བླངས་མཐར་སྨད་གཡུ་རོང་ཙི་ལེན་རྒྱལ་པོ་ཞེས་ཞེ་བློན་ནག་ལ་ནང་པའི་བསྟན་པར་སྡང་བ།ནག་པོ་བོན་ལ་དད་ཅིང་སེམས་ཅན་ལ་འཚེ་བར་དགའ་བ། སྲིད་འབྱོར་ལྡན་ལ་བཀའ་བློན་འགོང་པོ་སྤུན་དགུ་དང་སྟག་བློན་བརྒྱ་དང་སོ་བཞི། གཏེར་རྫས་རྩ་བརྒྱད་ལས་བསེ་རྫོང་ཁྲ་མོ་ཡོད་པའི་རྒྱལ་པོར་སྐྱེས་ཡོད་པ་དེས་གླིང་དང་ནང་པའི་བསྟན་པ་སྣུབ་པ་དང་སྲིད་དང་བོན་བསྟན་སྐྱོང་སྤེལ་གྱི་ཆེད་དུ་འོག་བློན་འབངས་ཡོངས་ལ་སུས་གླིང་ལ་གནོད་པ་སྣ་རེ་ཐུབ་ན་དཔའ་དར་དང་ངོ་སོ་ཆེན་པོའམ་ཁོས་བུ་མོ་ཨུཏྤལ་མཚོ་སྐྱིད། ལྷ་མོ། གཡུ་ཟུ་མཛེས་སྒྲོན་གསུམ་ལས་རེ་རེ་སྟེར་ཞེས་ཁྱབ་བསྒྲགས་བྱས། དེ་ནས་ལམ་ཆེན་ཡོངས་ལ་ལམ་བསྲུང་བཞག རྟ་ཞོན་ལ་ལམ་ཁྲ་བླངས།  ཇ་བརྡ་ཁྱེར་མི་ལ་ཚོང་མགོ་བླངས། རྐང་ཐང་ཁུར་བོ་ཅན་ལ་ཁུར་མགོ་བླངས། སྤྲང་པོ་ཟས་སློང་མཁན་ལ་ཚགས་གླ་བླངས།ནང་ཆོས་སྒྲུབ་པ་ཁྲིམས་ལ་སྦྱར། ཉེས་མེད་སྡུག་ལ་གཏད།  ཆོས་གཞུང་གླེག་བམ་མེ་ལ་བསྲེགས།  དབུས་སུ་འགྲོ་ལམ་བཅད།  རྒྱ་ནག་གནས་ལམ་བཀག   ཡུལ་མདོ་ཁམས་མི་དགེ་འི་སྡུག་ལ་བཅང་བའི་སྐབས་དེར་གླིང་ཆུང་རྒྱུད་ཀྱི་ཨ་སྐྱོ་རིག་འཛིན་དབང་ལྷ་དང་བུ་པདྨ་དོན་གསལ་གཉིས་རྒྱ་ནག་གི་གནས་ཆེན་ཡོངས་ལ་མཇལ་སྐོར་བྱས་ནས་ཕྱིར་ལོག་སྐབས་དར་རྩེ་མདོའི་ཇ་ལམ་བརྒྱུད་ནས་མདོ་ཆེན།ལྕམ་ལུང་། རྫེས་བྲག་མདོ་སོགས་གནས་མཇལ་བྱས་པས་གཡུ་རོང་སྨད་དུ་སླེབས་པ་ན་ལམ་བསྲུང་དང་ཐོ་ཆར། ལམ་བསྲུང་པས་ལམ་ཁྲལ་ལ་ནོམ་པ་གང་ཡིན་ཆོག མགོ་ཟས་ལ་གསེར་དང་དངུལ་གཉིས་དགོས། དེ་མེད་མི་གཏོང་ཞེས་བཤད། ཨ་སྐྱོ་གཉིས་ལ་ལྷམ་བཟང་ངན་གཉིས་དང་དྲོ་ཁ་ཉུང་ངུ་། གླང་གཅིག་ལས་ཅི་ཡང་མེད་པས་ལམ་ཁྲལ་མ་བྱིན་པར་ལམ་བསྲུང་པས་བརྡུང་ནས་ལྷམ་དང་དྲོ་ཁ་རྣམས་ཕྲོགས། གླང་རྒྱབ་ནས་ལྷམ་ངོ་ཆ་གཅིག་གསོན་བཤུ་བྱས་ནས་བཏང་། དེ་ནས་གསེར་རོང་གི་གྱིབ་རི་ལྷ་རྫོང་ནས་རྗེས་དཀར་པདྨ་བསྟན་འཛིན་གྱི་མཐུན་རྐྱེན་ལ་བརྟེན་ནས་ཨ་སྐྱོ་གཉིས་གླིང་ཆུང་རྒྱུད་འགོ་ལོག་རང་ཡུལ་དུ་འབྱོར་བ་དང་རྨ་གཡང་ར་ལྷ་མཁར་རྫོང་དྲུག་ནས་རྒུ་རུ་དཔོན་གྱིས་ཨ་སྐྱོ་གཉིས་ཀྱི་གནས་ཚུལ་གསེར་མཁར་གཡུའི་སྒོ་བརྒྱད(འདི་གསེར་འབྲོང་རིའི་མདུན་བཙུན་མོའི་ཐང་ལྟེམས་བྱ་བར་ཡོད་པར་བཤད)ཀྱི་བདག་པོ། གསེར་རོང་འབྲོག་གཉིས་ཀྱི་མངའ་བདག་གསེར་ཉི་འབུམ་དར་ཡག་ལ་ཞུས། འདི་གཡུ་གླིང་མི་བདེ་བའི་འཁྲུག་རྩོད་ཀྱི་གཞིར་གྱུར།    
  སྐབས་དེར་གཡུ་རོང་གི་ལྷོ་བློན་གདོངས་སྣ་བེ་རི་ཉི་མ་རྒྱལ་མཚན་སྐྱ་མི་བརྒྱད་ཀྱིས་གཡུ་རྒྱལ་ཙི་ལེན་གྱི་ངོ་སོ་ལོན་ཕྱིར་གླིང་ལ་གླགས་འཚོལ་བར་གསེར་འཛིན་ཆེན་སྟོད་ཉི་འབུམ་འབྲོག་སྡེ་སྨད་པའི་རྟ་ལྔ་བརྒྱ་རི་ནས་དེད།ར་མདར་ཉི་འབུམ་དཔོན་གཡོག་གཉིས་སོང་ཀྱང་རྟ་འདེད་ཀྱི་རྗེས་མ་ཆོད། དུག་མདས་གདོངས་སྣ་ལྕགས་མཁར་དགུ་ཐོག་གི་ཐོག་ཁང་གསུམ་གཏོར། མི་མང་པོ་བསད། ཕྱིར་ཡོང་སྐབས་གཡུ་སྡེ་ཆུ་བར་བའི་རྟ་སྟོང་ལྔ་རི་ནས་དེད།  ཨ་སུག་སྐུ་བླ་དུང་རྩེ(སྔར་ཨ་སུག་སྡེ་བ་མ་འཐོར་སྔོན་གྱི་གཞི་བདག་གི་མིང་)ནས་ཆུ་བར་གཡུ་ཐར་ཚེ་རིང་ར་མདར་ཡོང་བ་ཞག་པས་བཟུང་ནས་གླིང་ལ་སོང་།  
དེ་ནས་གཡུའི་སྡེག་ཙི་ལེན་རྒྱལ་པོས་དར་ཁུ་ཉིན་སྲིབ་སྟག་བཀྲ་མན། ཕོ་སུས་གཡུ་མདོ་རྫེས་དགེ་མན། རྟའུ་ལྷུ་གསུམ་ལྕགས་ཁྱོ་ཚུན། ཧོར་ཁམས་དཀར་མཛེས་མན་ཆད་ཀྱི་དམག་བསྡུས།  
སྐབས་དེ་གཡུ་རོང་བ་རྐུ་མཁན་མི་གསུམ་ཟེར་བ་མི་ཉག་ཚེ་སྐྱབས།ཆུ་བ་ཨ་བཀྲ། ཁ་ལུང་གཡུང་དྲུང་བཅས་ཀྱིས་གླིང་བས་དོགས་ཟོན་བྱས་པ་ལ་བརྟེན་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་ལྷ་གཡག་ཚ་ཀ་དམར་ཟེར་བ་ཞིག་ཡོད་པ་བརྐུས་ནས་སོང་བ་ལས་གཞན་རྐུ་རྒྱུ་མ་ཪྙེད།  དེའི་རྗེས་སུ་ར་མདའ་འམ་གཡག་རྩར་བ་གསེར་ལྷོ་བློན་ཤཀྱཱ་དཔའ་བོ།  ཡང་བློན་ཤེས་རབ་དབང་ཕྱུག མངོན་མཁྱེན་ལྷ་རིགས་འོད་སྣང་བཅས་སོང་བས་གཡག་རྗེས་སྒེག་མདོའི་སྨད་གཡུའི་རོང་དུ་བཞག   གཡག་བཤས་ཙར་བའི་དགྲ་ལན་དུ་གཡུའི་ཁ་འབྲོག་ཧུ་ར་སྟོང་སྡེ་ལ་རྟ་ཁྲི་ལྔ་དེད་ནས་རྩང་གི་གཡག་སྙིང་ཁམས་མདོར་ར་མདའ་བསྐུག་ནས་བསྡད།  གཡུའི་ནང་བློན་ཕུང་བྱེད་རི་བོང་འགོང་རྒྱལ།  འགོང་སྲིན་སྤྲེའུ་གདོང་ལག་རིང་།  མི་ཟན་ཁྱི་མགོ་ལྕགས་སེན་གསུམ་ར་མདར་ཡོང་བ་བསད་ནས་རྣམ་ཤེས་དག་ཞིང་དུ་སྤར།  དེ་ནས་གཡུ་རོང་རྒྱལ་བློན་ཡོངས་ཀྱིས་ཁ་སང་གི་ཆགས་སྒོ་ཆེན་པོ་འདི་ཟེར་ནས་སྒེག་སྟོད་གདོངས་ལ་མན་ཆད་དང་སྒེག(སྒེག་བྱ་བ་ནི་བྲག་འགོ་རྫོང་རྩང་སྨད་ཤང་ནས་རྟའུ་གཡུ་ཁོག་ཕྱོགས་སུ་འགྲོ་སའི་ལུང་པའི་མིང་)སྐེད་ཁྱ་ལུང་ཡན་ཆད་བར་བྱང་བློན་བྲག་ནག་ཐོད་རྒྱལ་གྱི་བདུད་དམག་གི་སྒར་བཏབ་ནས་གླིང་ལ་ཡ་བཟུང་།  
དེ་ནས་དང་པོ་གསེར་དམག་ལ་ཉི་འབུམ་གྱིས་སྣ་ཁྲིད།  འཆི་མེད་སྟོབས་ལྡན།  དམུ་ཚོ་ཚེ་དབང་ལྷུན་གྲུབ།  ནོར་ཕྲུག་ཀརྨ་གཟི་ལྡན།  བ་ཁ་གཡུ་འབྲུག་དབང་གྲགས།  སློབ་གཉེར་གྱི་ཚད་གཞི་མདོ་བཀྲ་གསལ་རྒོད་པོ་བཅས་ཀྱི་ལྷ་དམག་ཁྲི་རེ་ཁྲིད་ནས་རྩང་མཐུལ་གོར་མོར་སླེབས་ཚེ་རྩང་གི་ཏིས་དཀར(འདི་ནི་རྩང་སྟོད་སྡེ་བའི་གཞི་བདག་གི་མིང་)ཁམས་མདོ་ནས་འོ་འཁྱལ་གོང་ཐང་བར་གསེར་ལྷ་དམག་ཐམས་ཅད་ཀྱི་སྒར་བཏབ།  རྩང་གི་ཏིས་འབུར(འདི་ལ་ཁམས་ཀྱི་ཝ་སེང་བྲག་གམ་གནས་རི་ཐང་པེ་ཡང་ཟེར)སྔ་འགྱུར་ཪྙིང་མའི་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤམ(རྩང)རྒན་མི་ཕམ་མགོན་པོས་བཻ་རོ་དཔོན་སློབ་དང་མཇལ་ཞིང་གདམ་ངག་ཞུ་སའི་གནས་ཁྱད་ཅན་ནོ།)ནས་དམག་སྒར་བར་ཉི་འབུམ་དང་དཔོན་བློན་རྣམས་ཀྱི་གཟུམ་གུར་ཕུབ།  འདི་ནས་བཟུང་གཡུ་གསེར་འཁྲུག་འགོ་བརྩམས། ཟླ་བཅུ་ལྷག་གི་རིང་ལ་གསེར་ལ་དམག་སྟོང་གཅིག་ལྷག་དང་གཡུའི་བྱང་བློན་ལ་བདུད་སྟག་ཐུལ་བཅུ་གཉིས་དང་ལས་དམག་ཁྲི་གཉིས་སྟོང་གསུམ་བརླགས།  དང་པོ་མདའ་མཚོན་གོ་ཡིས་འཐབ། དེ་ནས་མུ་སྟེགས་སྒྱོགས་འཕྲུལ་སྣ་ཚོགས་ཀྱིས་ས་ནས་ཐོག་ལྟར་འཕང་།  གནམ་ནས་འཕྲུལ་བྱས་སྒྱོགས་རྡོ་ཆར་ལྟར་ཕབ་ཀྱང་མཐར་བྱང་བློན་བྲག་ནག་ཐོད་རྒྱལ་བསྒྲལ།གཡུའི་བྱང་སྡེའི་དཀར་པོ་ཆོས་ལ་བསྒྱུར། བྱང་སྡེའི་ཁུངས་སུ་ཡོད་པའི་རྩང་ཤ་མདོའི་རྫོང་དྲུག་གསེར་གྱིས་བླངས།  གཡུའི་བྱང་སྡེ་དཀར་པོ་ཆོས་ལ་བསྒྱུར།  བྱང་སྡེའི་ཁུངས་སུ་ཡོད་པའི་རྩང་ཤ་མདོའི་རྫོང་དྲུག་གསེར་གྱིས་བླངས། གཡུའི་བྱང་སྡེའི་རྒྱལ་པོར་དཔའ་ཚོ་ཚེ་འཛིན་བསྐོས། ནང་བློན་གཙོ་བོར་ནོར་བུ་རྒོད་པོ་བཞག་ནས་གསེར་གྱི་ལྷ་དམག་ཡོངས་ཀྱིས་ཇ་ཆང་དང་གླུ་ལེན་གར་རྩེད་ཀྱིས་རྒྱལ་ཁའི་སྟོན་མོ་སྲིད་གསུམ་གཡོ་བ་ཙམ་བྱས་སོ།  
དེ་ནས་གླིང་དམག་ཞིབ་ཏུ་ཆས། གཡུའི་ཤར་བློན་འབུམ་ཐུབ་ཟླ་འོད་ཀྱིས་ཡང་བོན་སྟག་ཐུལ། ལས་དམག་སོགས་ལ་གླིང་བར་ཡ་བཟུང་ན་དཀའ་ཚུལ་དང་དེ་ལས་ཞུ་བ་བྱས་ནས་ཤི་རྨས་དང་ནོར་སོགས་ལ་གྱོང་གུད་མི་ཐེབ་ཚུལ། བོན་ཆོས་སྤང་ནས་ནང་པར་ཞུགས་ན་ཚེ་འདི་ཕྱི་གཉིས་ཀྱི་དོན་ཡིན་ཚུལ་སོགས་ནན་གྱིས་བཤད་ཀྱང་བདུད་རིགས་སྟག་ཐུལ་འགས་ཤར་བློན་གྱི་ངག་ལ་མ་ཉན་པར་འཐབ་པས་བསད། དེ་ནས་ཤར་བློན་གྱིས་གླིང་ལ་ཡ་མ་བཟུང་ཐབས་མེད་བྱུང་རུང་གླིང་ཆུང་རྒྱུད་ཐབས་ལ་མཁས་པས་རྒུར་ཤོག་བཏང་།ཤར་བློན་འབུམ་ཐུབ་འོད་ཀྱིས་རྒུ་རུ་དཔོན་ལ་ངེད་དཔོན་བློན་སྔོན་མའི་བསྐོས་ཐང་གི་ལན་མི་བྲ་མགོ་འབུལ་ཅི་གསུང་ཁུར་ཞེས་འཇམ་གྱིས་གླིང་གི་ཁར་སོང་།  
  དེ་ནས་གླིང་སྟག་རོང་འོམ་ཤོག་གི་ལྷ་དམག་ལྷོའི་གདོངས་སྣ་ལྕགས་མཁར་དགུ་ཐོག་གི་བེ་རུ་ཉི་མ་རྒྱལ་མཚན་གྱི་ཕྱོགས་སུ་ཆས་ནས་འཐབ་པས་གྲི་མཚོན་གོ་ཡི་འཁོར་ལོ་བསྐོར།  ལུང་བ་ཐམས་ཅད་མི་རོ་དང་རྟ་རོས་གང་།  ལུང་མདའ་ཐམས་ཅད་ལ་ཁྲག་གི་མཚོ་མོ་འཁྱིལ་བ་ཞིག་བྱས་ནས་བདུད་སྟག་ཐུལ་སོ་གཅིག་པོ་ཐབས་ཅད་དང་ལས་དམག་མང་པོ་མེད་པར་བཏང་།  རྣམ་ཤེས་དག་པའི་ཞིང་དུ་སྤར།  བེ་རུ་བློན་ཕམ་ནས་ས་མཐར་བྲོས།  
དེ་ནས་གླིང་དམག་ནུབ་བློན་བཙན་མགོའི་ཕྱོགས་སུ་ཆས།  དགྲ་འཐབ་དང་གཡུལ་རྩལ་སྣ་ཚོགས་འགྲན།  སྟག་ཐུལ་དང་ལས་དམག་མང་པོ་བསད།  མཐར་ནུབ་བློན་བཙན་མགོ་ཐོག་གིས་བསྒྲལ།  གཡུའི་ནུབ་སྡེ་ནག་པོ་ཆོས་ཀྱི་ཞིང་དུ་བཀོད།  
  དེ་ནས་གཡུའི་སྦྲུལ་མཁར་གཡུང་དྲུང་གླིང་དགུ་བྱ་བར་བོན་བླ་མཐུ་ཆེན་གཡུང་དྲུང་བསྟན་འཛིན་བྱ་བ་སྒེག་ཙི་ལེན་རྒྱལ་པོའི་མཆོད་གནས་སུ་འདུག་པ་དེ་སྔོན་ལ་མ་བཏུལ་ན་བདུད་རྒྱལ་བཏུལ་དཀའ་བར་དགོངས་ནས་གླིང་དམག་ཞིབ་ཏུ་ཆས་ཀྱང་བོན་བླ་མཐུ་བཙན་པས་སྦྲུལ་མཁར་དུ་འགྲོ་མ་ནུས།  དེ་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་། འབྲི་དགའ་བདེ་ཆོས་སྐྱོང་བེར་ནག་དང་བོན་བླ་མཐུ་ཆེན་གཡུང་དྲུང་བསྟན་འཛིན་གསུམ་མཐོ་ཟོར་ངན་སྔགས་འགྲན་པས་བོན་བླ་བསྒྲལ་ནས་འོག་མིན་ཞིང་དུ་སྤར།  
དེ་ནས་གླིང་དམག་གཡུ་རྫོང་བྲག་མཁར་དགུ་ཐོག་ལ་ཆས་ནས་སྒེག་ཙི་ལེན་བདུད་རྒྱལ་བཏུལ། གཡུའི་བསེ་རྫོང་མཛོད་དགུ་གླིང་ལ་ཕབ། ནག་པོ་བོན་གྱི་བསྟན་པ་བསྣུབས་ནས་གཡུའི་རྒྱལ་ཁམས་ཡོངས་ལ་དག་པའི་ཆོས་ཀྱི་ཉི་མ་གསར་པ་ཞིག་ཚེས། དེ་ནས་གླིང་གསེར་གཡུ་གསུམ་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་སྟོན་དུ་རྟ་རྒྱུགས་མདའ་འཕེན། གླུ་ལེན་གར་རྩེད། ཇ་ཆང་མགྲོན་སྣའི་དཔལ་ལ་རོལ་ནས་འཇང་མོན་བདུད་ཀྱི་ཡུལ་ཁམས་བཏུལ་བར་གཡུལ་གྱི་སྟ་གོན་མཛད་དོ།  
ས་མིང་ངོ་སྤྲོད་སྐོར།  
1.རྒྱ་ནག་ལྕགས་ཟམ་ཆེན་མོ། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ཡོད།  
2.ཤར་བཞག་བྲ དར་མདོ་རྫོང་ལྷ་སྒང་ཞང་ཁོངས་ཡོད་པའི་གནས་རིའམ་གཞི་བདག་ཞིག་གི་མིང་།
3.མདོ་ཆེན་ལྕམ་ལུང་། རོང་བྲག་དང་ཆུ་ཆེན་རྫོང་གི་འབྲོག་སྡེ། མདོ་ཆེན་དང་མ་ཧྭ་མདོའི་མར་ཕྱོགས་ལ་ཟེར།  
4.རྫེས་བྲག་མདོ། ཆུ་ཆེན་རྫོང་ཁོངས་ཀྱི་ས་མིང་ཞིག
5.ཕོ་བྲང་ལྔ་རྩེ། དར་མདོ་རྫོང་ཁོངས་ཀྱི་ས་ཆ་ཞིག
6.རྩང་སྟོད་སྨད། བྲག་འགོ་རྫོང་གི་རྩང་སྟོད་དང་རྩང་སྨད་འབྲོག་སྡེ་གཉིས་ཀྱི་མིང་།  
7.འཛི་ཆེན། གསེར་རྟ་རྫོང་ཁོངས་ཀྱི་ས་ཆ་ཞིག
8.རྟའུ་ཚྭ་ཕྲེང་། རྟའུ་རྫོང་ཉེ་འགྲམ་གྱི་ས་ཆ་མིང་ཞིག
9.ཤེས་ཆུ། བྲག་འགོ་རྫོང་ཤེས་ཁོག་ནས་ཡོང་བའི་ཆུའི་མིང་།  
10.མགར་ར་གྲོང་། བྲག་འགོ་རྫོང་གཞི་མདའ་ཤང་གི་གྲོང་སྡེ་ཞིག་གི་མིང་།  
11.ཨ་སིག་སྐུ་བླ་དུང་རྩེ། བྲག་འགོ་རྫོང་ལི་སྨད་ཤང་ཁོངས་ཀྱི་གཞི་བདག་ཞིག་གི་མིང་།  
12.གཡག་སྙིང་ཁམས་མདོ། བྲག་འགོ་རྫོང་རྩང་སྟོད་ཤང་ཁོངས་ཀྱི་ས་མིང་ཞིག
13.ཏིས་དཀར།བྲག་འགོ་རྫོང་ཝ་ཤུལ་རྩང་སྟོད་སྡེ་བའི་གཞི་བདག་རྩང་རྒྱལ་ལྷ་རི་ཏིས་དཀར་ལ་གོ
14.འོ་ཉིས(འཁྱུལ)གོང་ཐང་། བྲག་འགོ་རྫོང་རྩང་སྟོད་སྡེ་ཁོངས་ཀྱི་ས་མིང་ཞིག
15.གཡག་རོའི་ཚྭ་ཐང་། བྲག་འགོ་རྫོང་རྩང་སྨད་ཤང་གི་ཚྭའི་ཆུ་མིག་ཡོད་སའི་ས་མིང་ཞིག
16.ཤ་མདོ། རྔ་བ་ཁུལ་འཛམ་ཐང་རྫོང་རྩང་ཁོག་ཤང་རི་ཤེས་སྡེ་བའི་ས་མིང་ཞིག
17.སྒེག་ཚྭ་ལུང་ཐང་། བྲག་འགོ་རྫོང་རྩང་སྨད་ཤང་སྒེག་ཁོག་སྡེ་བའི་ས་མིང་ཞིག
18.གདོངས་ལམ་སུམ་སྣ། བྲག་འགོ་རྫོང་རྩང་སྨད་ཤང་སྲིད་གཞུང་ཡོད་པའི་ས་མིང་ཡིན།  
19.རྩང་ཐང་ཏིས་འབུར།གནས་རི་ཐང་པེ་ཡང་ཟེར། འདི་ནི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་ཆེན་པོ་ཁམས་ཀྱི་ཝ་སེང་བྲག་བྱ་བ་དེ་ཡིན། འདིར་སྔ་འགྱུར་ཪྙིང་མའི་རྫོགས་ཆེན་ཀློང་སྡེའི་སྲོལ་འབྱེད་པ་པོ་སྤམ(རྩང)རྒན་མི་ཕམ་མགོན་པོས་བཻ་རོ་དཔོན་སློབ་དང་མཇལ་ནས་གདམས་ངག་ཞུ་སའི་གནས་མཆོག་བྱིན་རླབས་ཞིག་ཡིན་པ་མ་ཟད་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསུང་གཏེར་སྦས། གླིང་གི་དཔའ་དུག་བདུན་ལྷ་དཔའ་བོ་མི་ཕམ་མགོན་པོའི་སྤྲུལ་པ་ཅན་དེ་ཉིད་ལུས་མ་སྤང་བར་འོག་མིན་དུ་ཕེབས་པ་དང་སྐུ་གདུང་མཆོད་རྟེན་གྲི་གང་བ་ཅན་གཏེར་དུ་སྦས་ཡོད། ད་དུང་སྲིད་པའི་མར་མེ་འདའ་མེད། རང་བྱུང་སྐུ་དང་ཡི་གེ   
བཻ་རོའི་ཐབ་རྡོ། ཕྱག་མཁར། ཁྲུས་བྱེད་ས། སྐུ་དང་ཞབས། ཕྱག་སོགས་ཀྱི་རྗེས་ཁྱད་མཚར་བ་མང་པོ་མཇལ་རྒྱུ་ཡོད།  
20.ལི་རྩང་སྒང་། བྲག་འགོ་རྫོང་ལི་སྟོད་སྨད་དང་རྩང་སྟོད་སྨད་སྡེ་བ་བཅས་ཀྱི་ས་མཚམས་ཀྱི་སྒང་མིང་།  
21.ཨ་སིག་ཁོག བྲག་འགོ་རྫོང་ལི་སྨད་ཤང་གི་ས་མིང་ཞིག སྔར་འདིར་ཨ་སིག་མ་བྱ་བའི་འབྲོག་སྡེ་ཞིག་ཆགས་ཡོད།  
22.ཆུ་བར། བྲག་འགོ་རྫོང་ཆགས་སར་ཆུ་བར་ཟེར་ཞིང་གཞན་རོང་བྲག་ཕྱོགས་སུ་ཡང་ཆུ་བར་བྱ་བའི་འབྲོག་སྡེ་ཞིག་ཡོད།  
23.ཁྲོམས་སྒང་མིས་དུར་ལྗང་ལི་སྟོད།གསེར་ཐར་རྫོང་ནས་བྲག་འགོ་རྫོང་ལི་རྩང་འབྲོག་སྡེའི་ཕྱོགས་སུ་མར་ཡོང་སའི་སྒང་རྒྱུད་ཀྱི་ས་མིང་།ཁྲོམས་སྒང་།  མིས་སྒང་།  དུར་སྒང་།  ལི་སྟོད་བཅས་སོ།  
24.ཤར་མི་ཉག་རྡོ་ར་དཀར་མོ།  དར་མདོ་རྫོང་ལྷ་སྒང་ཤང་གི་ས་མིང་ཞིག
25. ཕོ་སུས།  རྔ་བ་ཁུལ་འཛམ་ཐང་རྫོང་ཕོ་སུས་ཤང་ཡོད་ས་ལ་ཟེར།  
26.གཡག་སྙིང་མགོན་པོ་རི།  བྲག་འགོ་རྫོང་རྩང་སྟོད་ཤང་ཁོངས་ཀྱི་ས་མིང་ཞིག ད་ལྟ་རྔ་བ་རྫོང་གི་ཁོངས་སུ་ཡོད་པའི་ཝ་ཤུལ་སྦུབ་ཐ་མ་སྔར་ས་ཆ་འདིར་ཆགས་སྐབས་ཀྱི་གཞི་བདག་གི་མིང་། ད་དུང་ཨ་སིག་སྡེ་བའི་གཞི་བདག་ཀྱང་ཡིན།  
27.སྒེག་སྨད་ཁྱ་ལུང་། བྲག་འགོ་རྫོང་རྩང་སྨད་ཤང་དང་རྟའུ་རྫོང་གཡུ་ཁོག་སྡེ་བ་གཉིས་ཀྱི་ས་མཚམས་ཀྱི་མིང་།  
28. སྒེག་སྟོད་གདོང་ལ།  བྲག་འགོ་རྫོང་རྩང་སྨད་ཤང་སྒེག་སྨད་སྡེ་བའི་ས་མིང་ཞིག  
29.ལྷ་རྩེ(ཚེས)གསེར་རྟ་རྫོང་རྒྱ་ཤོད་ཤང་ལྷ་ཚེས་དགོན་པ་ཆགས་ས་ལ་ཟེར།  
30.དར་ཁུ། རྔ་བ་ཁུལ་འཛམ་ཐང་རྫོང་རྡོ་ཁོག་གི་དར་སྐུ་སྡེ་བ་ལ་གོ
31.རི་པོ་ཏ་ལ། རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན་ལ་གོ
32.ཅ་དུས་བྱམས་ཆེན་གླིང་། རྒྱ་ནག་ལོ་ཧྲན་བྱམས་ཆེན་ལ་གོ
33.ཆོས་འཕགས་རྟག་ངུའི་གདན་ས།  རྒྱ་ནག་ཞིན་ཏུའུ་རྫོང་ཁོངས་ཀྱི་ས་ཆ་ཞིག
34.གླང་ཆེན་ཀུན་བཟང་འཁོར་ལོའི་གླིང་།  རྒྱ་ནག་གླང་ཆེན་ཀྱང་ཟེར།  སི་ཁྲོན་ཨོ་མེ་གྲོང་ཁྱེར་གྱི་ཁོངས་སུ་ཡོད།  
35.ཀ་མཛེས། དཀར་མཛེས་རྫོང་ལ་གོ
36.སྟག་བཀྲ འཛམ་ཐང་རྫོང་རྩང་ཁོག་ཤང་རི་ཤེས་སྡེ་པ་དང་གསེར་རྟ་རྫོང་རྒྱ་ཤོད་ཤང་ཉིང་རེ་སྡེ་པ་གཉིས་ཀྱི་གཞི་བདག་གམ་གནས་རི་ཞིག་གི་མིང་།  
37.གདོངས་སྣ། བྲག་འགོ་དང་རྟའུ་རྫོང་གཉིས་ཀྱི་བསྡུས་མིང་ཞིག
38.མིས་དུར། གསར་རྟ་རྫོང་ཁོངས་ཀྱི་མེས་ཁོག་དང་དུར་ཁོག་གཉིས་ཀྱི་བསྡུས་མིང་ཞིག
39.སྐྱི་ཙེར། བྲག་འགོ་རྫོང་རྩང་སྟོད་སྡེའི་ས་མིང་སྐྱི་ཁོག་དང་ཙིར་ཁོག་གཉིས་ཀྱི་བསྡུས་མིང་།  
40.ལྷུ་གསུམ། རྟའུ་རྫོང་གི་ཁོངས་སུ་ཡོད། ལྷུ་སུམ་ཡང་ཟེར།  
41.ལྕགས་ཁྱོ། རྟའུ་རྫོང་ཁོངས་ཀྱི་ས་མིང་ཞིག
42.ཙ་མདོ། གསེར་ཐར་རྫོང་གསེར་ཁོག་གི་ཙ་མདའ་བྱ་བར་གོ
43.རྒྱ་མེས། གསེར་ཐར་རྫོང་གསེར་ཁོག་གི་རྒྱ་མདའ་དང་མེས་མདའ་བྱ་བར་གོ
44.རྦོས་བཙན་རིའི་གདོང་། གསེར་བའི་རྦོ་ཁོག་ཏུ་བཙན་ལུང་བྱ་བ་གཉིས་ཡོད་པའི་གདོང་རེ་ཡིན་ནམ་སྙམ།  
45.གཡུ་མདོ། གཡུ་ཁོག་ནས་ཕར་ཁྲོ་སྐྱབས་ཐུགས་ཆེན་ཕྱོགས་སུ་འགྲོ་སའི་ལུང་མདོར་གོ
46.གཡུ་རོང་སྨད། གཡུ་མདོ་ནས་མར་སོང་བའི་འཛམ་ཐང་དང་ཆུ་ཆེན་ཕྱོགས་ཀྱི་ཁྲོ་སྐྱབས་རོང་སྡེ་ལ་གོ།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1