རིགས་ཞེན་གྱི་བདེན་པ།

ཆོས་སྐྱོང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


མི་ལོ་སུམ་ཅུ་ལྷག་འདས་པའི་དུས་ད་ལྟ། གུས་པས་དོན་གྲུབ་རྒྱལ་ཁོང་བློ་ཡུལ་ལ་འཁོར་བ་ཙམ་གྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་། ལོ་རབས་དེའི་ནང་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་ཐད་བྱས་རྗེས་མི་དམན་པ་བཞག་པའི་རྩོམ་པ་པོ་དག་དྲན་འོངས། དེ་བས་ཀྱང་། དོན་གྲུབ་རྒྱལ་ཁོང་དང་ཁོང་ལྟ་བུ་རེ་གཉིས་ཀྱིས་ནམ་མཁའ་ཧྲིལ་གྱིས་ཁེབས་པའི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་ཐད་ཀྱི་གནས་བབ་བྱེ་བྲག་པ་དག་དྲན་འོངས། སྐྱོ་ཡང་སྐྱིད་ཤས་ཆེ་ལ། སྐྱིད་ཀྱང་སྨྲེང་བ་མོད་པའི་ལོ་རབས་དེའི་ནང་དུ། དོན་གྲུབ་རྒྱལ་ཁོང་གིས་རྩོམ་རིག་གསར་རྩོམ་གྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ་སོགས་རྩོམ་ལུས་ཅི་རིགས་ཐེ་བའི་བརྩམས་ཆོས་ཀྱི་འབྲས་བུ་ཚར་དུ་དངར་བ། གཏོས་ཆེ་བ། བརྡར་བཟོད་པ། བལྟར་བྲིན་པ། ཚིག་གི་འབྲུ་ལེགས་པ། དོན་གྱི་གནད་ཟབ་པ་མང་པོ་ཞིག་ཀློག་པ་པོའི་བགོ་སྐལ་དུ་བྲིམས་པ་རེད། མི་ལོ་དུ་མའི་རྗེས་ཀྱི་དུས་ད་ལྟ། གུས་པས་དོན་གྲུབ་རྒྱལ་ཁོང་དང་ཁོང་ཅག་གི་རྦབ་ཆུ་ལྟ་བུའི་རུ་དཔུང་དེ་དྲན་པ་དང་དྲན་དགོས་པ་དང་། ངེས་པར་དྲན་དགོས་པའི་རྒྱུ་མཚན་ཅི་ཞིག་རེད་ཅེ་ན། མི་བུ་སོ་སོར་སྟངས་འཛིན་ཁྱད་པར་བ་རེ་ཡོད་པ་ནི་གོར་མ་ཆག་ཅིང་། དེ་དག་བསྟོད་སྨད་གང་ཡང་རུང་། བདེན་རྫུན་ཅི་ཡང་བླ། ཁྱི་ཟུག་ནམ་མཁའི་སྐར་མ་ཡིན་ཡང་ཆོག གནད་འབྱིན་རྡོ་རྗེ་ཁབ་ལེན་ཡིན་ཡང་འདྲ། སུས་ཀྱང་འབྱོལ་དུ་མེད་པ་ནི་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གླེངས་ཚེ། དོན་གྲུབ་རྒྱལ་ཁོང་རང་བཞིན་ཉིད་དུ་ཚིག་སྣེར་ཐོགས་ཡོང་བ་དང་། དོན་གྲུབ་རྒྱལ་ཁོང་གླེངས་ཚེ། བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་ཡང་ཐ་དད་གཞན་དུ་གླེང་ཐབས་མེད་པའི་གནས་ཚུལ་མངོན་པར་གསལ་པ་འདི་རེད། དེས་ན་དེ་ཁོ་ནས་ཀྱང་དོན་གྲུབ་རྒྱལ་ཁོང་དྲན་པ་དང་དྲན་དགོས་པ་དང་། ངེས་པར་དྲན་དགོས་པའི་རྒྱུ་མཚན་རེ་གཉིས་ངང་ངམ་ཤུགས་ཀྱིས་བསྟན་མི་འདུག་གམ་སྙམ།

རྒྱུ་མཚན་དེའི་ཕྱིར་ན། དོན་གྲུབ་རྒྱལ་ཁོང་དེ་རིང་ཡང་བསྐྱར་གླེང་དགོས་ཚེའང་། ཁོ་བོ་རང་ཉིད་ལྟར་ན། བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས་གླེང་དགོས་པ་འདྲ་ལ། བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས་དོན་གྲུབ་རྒྱལ་ཁོང་དང་ཁོང་ཅག་གིས་ང་ཚོ་ཕྱི་རབས་པར་བསམ་པའི་ལོངས་སྤྱོད་ཅི་དང་གང་འདྲ་བསྟབས་འདུག་པ་གླེང་དགོས་པ་འདྲ། ཡང་ན། བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས་ང་ཚོས་དུས་ད་ལྟ་བརྗེད་མེད་དྲན་གསོ་ཞུ་དགོས་ས་དང་། མ་འོངས་སློབ་སྦྱོང་བྱ་དགོས་ས་རེ་གཉིས་གླེང་དགོས་པ་འདྲའོ། །

སྤྱིར་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ཡིན་ནའང་འདྲ། དུས་རབས་གསར་པའི་ལོ་རབས་དང་པོ་ཡིན་ནའང་འདྲ། ཆེ་ས་ནས་བཤད་ན། རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་རྒྱུ་ཚོགས་ལ་འགྱུར་བ་བྱུང་མེད། རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་བྱེད་ནུས་ལ་འགྱུར་བ་བྱུང་མེད། རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་འགན་བབ་ལའང་འགྱུར་བ་བྱུང་མེད། དེ་ལྟར་འགྱུར་བ་བྱུང་མེད་པ་སྔོན་འགྲོར་བྱས་ཏེ་ཕྱིར་འདང་རེ་བརྒྱབ་ན། དོན་གྲུབ་རྒྱལ་ཁོང་གཙོར་བྱས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་བོད་ཀྱི་དེང་རབས་རྩོམ་རིག་དང་། རྩོམ་རིག་གསར་རྩོམ་གྱིས་ང་ཚོར་ཐུན་མིན་གྱི་བློ་སྐྱེད་ཅི་དང་གང་འདྲ་སྟེར་ཐུབ་བམ་ཞེས་པ་དེ་རེད།

རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་གོ་རིམ་ཧྲིལ་བོ་ཞིག་འགྲུབ་པར་སྤྱི་ཚོགས་ཁོར་ཡུག་དང་རྩོམ་པ་པོ། བརྩམས་ཆོས། ཀློག་པ་པོ་བཅས་རྒྱུ་བཞི་ཚང་དགོས་པར་སྨྲ། དེ་དག་ལས་གཅིག་གང་རུང་ཆད་ཀྱང་རྩོམ་རིག་དང་རྩོམ་རིག་གསར་རྩོམ་ཞེས་པའི་ཐ་སྙད་དང་བྱ་བྱེད་བསྟན་དུ་མེད། དེ་བས། འདིར་དེ་དག་འགྲུབ་བྱེད་ཀྱི་རྒྱུ་རེ་རེ་ནས་གླེང་བའི་ངལ་བ་མི་བསྟེན་པར། བྱེ་བྲག་གི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་ངོས་ཐད་ནས་དོན་གྲུབ་རྒྱལ་ཁོང་དང་འབྲེལ་ཏེ་ཚིག་ཉོག་ཐུང་ངུ་ཞིག་བྲི་འདོད་ལ། བྲིས་པས་ཀྱང་འདས་པོ་ཁོང་དང་ཁོང་ཉིད་འཚོ་གཞེས་ཀྱི་ལོ་རབས་དེར་གུས་འདུད་མཚོན་ཁུལ་ཙམ་བྱ་རྒྱུ་ཡིན།

དེ་ལས། རྩོམ་པ་པོ་ཞིག་ཡིན་ན་ཇི་ལྟ་བུ་ཞིག་ཡིན་དགོས་པ་དང་། རྩོམ་པ་པོ་ཞིག་ལ་ཆ་རྐྱེན་གང་དག་ཚང་དགོས་ཟེར་བའི་སྐོར། རང་སྒེར་གྱི་མཐོང་ཐོས་མྱོང་གསུམ་ལ་གཞིར་བཅོལ་ན། དེ་ལ་ལྷན་སྐྱེས་ཀྱི་ཤེས་རབ་འཛོམས་པ་དང་། ཐོས་པ་མང་དུ་བསྟེན་པ་དང་། དཔེ་ཀློག་ཟམ་མི་འཆད་པར་བྱེད་པ་དང་། བརྩོན་འགྲུས་ཆེན་པོ་ལྡན་པ་དང་། གཞན་ཡང་། ཀུན་སློང་ཡག་པ། སྙིང་རྗེ་ཆེ་བ། ངང་རྒྱུད་དྲང་བ། དཀའ་ཐུབ་ཅན་ཡིན་པ། འགན་འཁྲིའི་འདུ་ཤེས་ལྡན་པ་སོགས་ལམ་གྱི་རིམ་པ་གོང་ནས་གོང་དུ་བགྲང་རྒྱུ་མང་པོ་མཆིས་མོད་ཀྱི། འོན་ཏང་དོན་གྲུབ་རྒྱལ་ཁོང་ལ་དེ་དག་རེ་རེ་ནས་འཛོམས་སམ་མི་འཛོམས་ཤེ་ན། དེ་འཛོམས་ཀྱང་ཆོག་ལ་མ་འཛོམས་ཀྱང་རུང་། ཁོ་བོ་ལྟ་བུ་བྱིས་པའི་ངུ་ངག་སྐྱོང་བ་ཞིག་གིས་རྩོམ་པ་པོ་གསེར་རིའི་ཕྲེང་བར་འགྲན་པ་ཐམས་ཅད་རྣམ་གྲངས་དེ་དག་གི་སྲང་ལ་བཅལ་ཏེ། སྒྱུ་རྩལ་གྱི་ལྕི་ཡང་ཚད་པ་ནི་བཞད་གད་ཀྱི་རྒྱུ་ཁོ་ན་ལས་མ་འདས། ཡང་གཅིག་བཤད་ན། རྩོམ་པ་པོ་ལའང་རབ་འབྲིང་ཐ་གསུམ་གྱི་རིགས་དབྱེ་ཡོད་སྲིད་པས་ན། དེ་དག་མ་ལུས་རབ་དང་ཡང་ན་རབ་ཀྱི་རབ་ཅེས་པའི་སྒྲོམ་གཞི་ཆེན་པོ་ཞིག་དང་འཕལ་ཀ་འཕྲོད་མིན་ལ་བལྟར་མི་རུང་ཞིང་།དེ་ནི་དངོས་ཡོད་གནས་ཚུལ་དང་ཡང་མཐུན་པ་མེད། གང་ལྟར་རྩོམ་པ་པོ་ཞིག་ཡིན་ཚེ། ཐོག་མར་རང་ཉིད་ལ་འགན་འཁུར་བ་དང་། ཀློག་པ་པོར་འགན་འཁུར་བ། མི་རིགས་ལ་འགན་འཁུར་བ་ཞིག་ཡིན་དགོས། གྲགས་སྐམ་གཉེར་འདོད་དང་། ཨ་གསར་གཏི་ཐུག་ཅན། གཡོ་ཟོལ་ཟོག་རྫུས་ཀྱི་རིགས་དག་གིས་ནི་ཐ་ན་རང་ཉིད་ལའང་འགན་མི་འཁུར་བས་ན། ཀློག་པ་པོ་དང་མི་རིགས་ལྟ་ཅི་སྨོས།དེས་ན་འགན་འཁྲིའི་འདུ་ཤེས་འདི་ཧ་ཅང་གཙོ་ཆེ་བར་མངོན་འདུག་ལ། འགན་འཁྲིའི་འདུ་ཤེས་དེ་ཡང་མཐར་གཏུགས་ན་རྩོམ་པ་པོ་རང་རྒྱུད་ཀྱི་ཀུན་སློང་དང་རག་ལས་ཤིང་ཀུན་སློང་དེས་བསྐྱེད་པ་སྨོས་མེད་རེད། ཀུན་སློང་ཡག་པ་ཞིག་ཡོད་པས་འགན་འཁྲིའི་འདུ་ཤེས་ཀྱང་ཡོད་པར་འགྱུར། སྤྱིར་རྩོམ་རིག་ལ་བྱེད་ནུས་འདྲ་མིན་དུ་མ་ཡོད་པ་ལས་གཅིག་ནི་ཀློག་པ་པོར་བག་ཆགས་བཟང་པོ་བསྒོ་རྒྱུ་དེ་ཡིན་སྐད། དེ་བས། མི་གཞན་ལ་བག་ཆགས་བཟང་པོ་བསྒོ་རྒྱུ་ཟེར་ན། ཐོག་མར་ཁྱོད་རང་ཉིད་ཀྱི་ཀུན་སློང་ཡག་པ་ཞིག་ཡིན་དགོས་པ་དོན་གྱིས་གྲུབ། སྤྱིར་ཀུན་སློང་ཞེས་པ་འདིའི་ཡག་བཙོག་དང་བཟང་ངན་ནི་གཟུགས་མེད་དུ་སྣང་ཞིང་མཐོང་རེག་དང་བྲལ་ནའང་། སྐབས་ཐོག་དེའི་དོན་གྲུབ་རྒྱལ་ཁོང་དང་ཁོང་ལྟ་བུའི་རྩོམ་པ་པོ་དག་ལ་མཚོན་ན། ཁོང་ཚོར་འགན་འཁྲིའི་འདུ་ཤེས་ཆེ་བ་དང་རིགས་ཞེན་གྱི་དུངས་ཀ་ཟབ་པ་ནི་བསྙོན་ཅི་དགོས་ཏེ། ཐ་ན་ཁོང་ཚོ་ཕན་ཚུན་བར་གྱི་འཕྲིན་ཡིག་རེ་གཉིས་ལ་བལྟས་པས་ཀྱང་མངོན་གསལ་དུ་རྟོགས་ཐུབ་ལ། དེ་ནི་ཁོང་པ་ཚོའི་ཀུན་སློང་ཡག་པ་དེ་དང་འགན་འཁྲིའི་འདུ་ཤེས་རིགས་ཤིག་ལ་རག་ལས་ཡོད་པས་ལོས་ཡིན། རྩོམ་རིག་གི་ལམ་འདི་བདམས་པ་ཡིན་ན། རང་བཞིན་གྱིས་འགན་འཁུར་ཞིག་ཕྲག་ཏུ་བླངས་པ་རེད་མ་གཏོགས། རྩོམ་རིག་གི་ལས་ཀ་གཉེར་བ་ནི་ཁྱོད་ཀྱི་མཚན་སྙན་གྲགས་རྒྱས་སྤྱད་དང་། ཐོབ་གོ་ས་བརྩོན་ལེན་བྱེད་སྤྱད་ཅིག་གཏན་ནས་མ་རེད། དེང་གི་དུས་འདིར་རང་སྒེར་གྱི་སྐྱིད་སྡུག་ཡིག་རིས་སུ་ཕབ་སྟེ་སྒྱུ་རྩལ་དུ་རློམ་པ་དང་། ཕ་རོལ་མཚང་འབྱིན་གྱི་ཚོགས་གཏམ་སྤེལ་ཏེ་མཁས་པར་འདོད་པ་དང་། ཚིག་གི་འབྲེལ་ཙམ་ཡང་མི་ཆགས་མོད་ད་དུང་རྩོམ་རིག་བརྩམས་ཆོས་སུ་ཁས་འཆེས་པ་དག་ནི། ཁ་ནས་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོ་ཟེར་ཡང་ཁོག་ནས་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོ་དང་བསྐལ་པས་ཆོད་འདུག་ཅེས་ཁོ་བོས་སྨྲ་བར་སྤོབས་སོ། །


ཡིན་ནའང་། བལྟ་ཤེས་པས་བལྟས་ཀྱང་། བསམ་ཤེས་པས་བསམས་ན། དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོ་ནི་དེ་ལྟ་མ་ཡིན་ཏེ། ཁོང་ཚོའི་སེམས་སུ་བརྣགས་འདུག་པ་ནི། ཀློག་པ་པོ་དང་མི་རིགས་ཞེས་པ་འདི་ཡིན་པ་ལས། རང་ཉིད་གྲགས་འདོད་མཁས་འདོད་ཀྱི་བྱ་བྱེད་དེའི་རིགས་ཤིན་ཏུ་ཉུང་བར་སྣང་། དེ་ལྟར། མི་རིགས་ལ་ཤ་ཚ་བ་དང་མི་རིགས་ལ་འགན་འཁུར་བའི་སེམས་རྒྱུད་ཀྱིས་ཀུན་ནས་བསྐུལ་ཏེ། སྐབས་དེའི་ཁོང་པ་རྣམས་ལ་མཚོན་ན། མགོ་བོ་གཏུན་ཤིང་བྱེད་ཀྱང་ཕོད་པའི་སྙིང་སྟོབས་འཛོམས་སོང་བ་རེད་ལ། མི་རིགས་འདིའི་ལ་རྒྱ་ཁོག་དཔུང་གི་ཆེད་དུ་རང་ཉིད་ཀྱི་བླུན་རྨོངས་དང་སྒྱིད་ལུག རྙིང་ཞེན་བཅས་པའི་ནད་གདོན་དང་དེ་དག་གི་དགྲ་ཟླར་མཐའ་གཅིག་ཏུ་ལངས་པའི་གོ་ཧྲག་བསྒོས་པ་རེད། འདི་ནི་དུས་དེ་རིང་ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས། དོན་གྲུབ་རྒྱལ་ཁོང་དང་ཁོང་རྣམ་པར་བརྗེད་མེད་དྲན་གསོ་ཞུ་བ་དང་། མ་འོངས་སློབ་སྦྱོང་བྱ་དགོས་སའི་གནད་གཅིག་རེད་འདོད།ད་ནི་རྩོམ་རིག་བརྩམས་ཆོས་ཀྱི་ངོས་ཐད་ནས་བཤད་ཚེ། རྩོམ་པ་པོས་བྲིས་པའི་རྩོམ་རིག་བརྩམས་ཆོས་དེ་ཅི་དང་གང་འདྲ་ཞིག་ཡིན་དགོས་པའི་སྐོར། གུས་པ་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལ་གཞིར་བཅོལ་ན། སྤྱིར་རྩོམ་རིག་བརྩམས་ཆོས་ཀྱིས་མི་ལ་ཡར་སྐྱེད་དང་སྐུལ་ལྕག་གི་ནུས་པ་གདོན་དགོས་པ་དང་། སྡིག་པ་དང་བཙོག་པ་དང་། རྫུན་མའི་རིགས་ལ་ཁ་གཏད་གཅག་དགོས་པ། གཞན་གྱི་བསམ་བློ་དང་མཛེས་དཔྱོད་ཀྱི་ལྟ་བ་ལེགས་ལམ་དུ་བཀྲི་དགོས་པ། མི་དམངས་མང་ཚོགས་ཀྱི་བློ་སྒོ་དབྱེ་དགོས་པ་ཞིག་ཡིན་དགོས་རྒྱུ་རེད་བསམས།སྡིག་བཙོག་རྫུན་གསུམ་གྱི་རིགས་ལ་ཁ་གཏད་གཅོག་པ་དང་། མི་དམངས་མང་ཚོགས་ཀྱི་བློ་སྒོ་འབྱེད་པའི་སྐོར་ལ། མི་ལོ་བཞི་ཅུའི་བོད་ཀྱི་དེང་རབས་རྩོམ་རིག་གི་བྱུང་བའི་ཁྲོད་ན། དོན་གྲུབ་རྒྱལ་ཁོང་དང་ཁོང་ལྟ་བུའི་བརྩམས་ཆོས་ཀྱི་དོ་ཟླར་ཡོང་བ་སུ་གཅིག་ཀྱང་མེད་ཅེས་གཟེངས་སུ་བསྟད་ནས་བཤད་ཆོག དོན་གྲུབ་རྒྱལ་ཁོང་གི་རྩོམ་རིག་བརྩམས་ཆོས་གང་ཡིན་ཡང་།དེ་དག་གི་གཞི་འབབ་ས་གཙོ་བོ་མི་རིགས་འདིའི་རྨོངས་མུན་སེལ་བ་དང་བློ་སྒོ་འབྱེད་པའི་སྟེང་ན་ཡོད་པ་མངོན་གསལ་རེད། རྩོམ་རིག་གསར་རྩོམ་ལ་མཚོན་ན། མི་རིགས་སོ་སོར་ཐུན་མིན་གྱི་སྙིང་སྟོབས་ཤིག་དང་དགོས་དབང་ཞིག་ཡོད། རང་ཉིད་གནས་སའི་ས་ཁོངས་དང་ཁྱུ་ཚོགས། མི་རིགས་དང་རྒྱལ་ཁབ་ལས་ལོགས་སུ་སྒྱུ་རྩལ་གྱི་ཕོ་བྲང་ཞེས་པ་ཞིག་བཞེང་དུ་མེད། དེང་གི་དུས་འདིར་ནད་མེད་འཁུན་སྒྲ་འདོན་པ་ནི་རྩོམ་རིག་གསར་རྩོམ་དུ་ལྟ་བ་དང་། སྨྱོན་པའི་ལབ་རྡོལ་འབྱིན་པ་ནི་རྩོམ་རིག་གཞུང་ལུགས་སུ་སྒོམ་པ་དང་། མ་བརྟགས་ཅོལ་ཆུང་གི་ངག་འཆལ་སྨྲ་བ་དག་རྩོམ་རིག་གི་དེད་དཔོན་དུ་རྩི་བ་ནི། ཁ་ནས་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོ་ཟེར་ཡང་། ལག་ནས་བུད་པ་ཐམས་ཅད་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོ་དང་དམིགས་ཡུལ་ཐ་དད་དུ་སོང་འདུག་གོ ། ཡིན་ནའང་། བརྟག་ཤེས་པས་བརྟགས་ཀྱང་། དཔྱད་ཤེས་པས་དཔྱད་ན། དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་ཁོང་ཚོའི་བརྩམས་ཆོས་ནི་དེ་ལྟ་མ་ཡིན་ཏེ། ཁོང་ཚོའི་བརྩམས་ཆོས་ཀྱི་ཤུགས་སུ་སིམ་འདུག་པ་ནི། སྤྱི་ཚོགས་ཀྱི་ནད་ཡམས་དྲུངས་ནས་འབྱིན་པའི་དཔའ་གདེང་དང་། མི་རིགས་ཀྱི་གོ་རྟོགས་སད་དུ་འཇུག་པའི་སྙིང་སྟོབས་དེ་ཡིན་པ་ལས། རང་སྒེར་གྱི་ཨ་ཡོ་ཨ་ཚ་དང་ཨ་ན་ཨ་མ་བྲིས་པའི་སྣང་ཚུལ་དེའི་རིགས་ཡེ་ནས་མེད། དེ་ཡང་བྱེ་བྲག་སྒྲུང་གཏམ་གསར་རྩོམ་ལ་དཔེ་བཞག་ནས་གླེངས་ཚེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྟེ་ད་ལྟའི་དུས་རབས་གསར་པའི་ལོ་རབས་དང་པོའི་བར་དུ། བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཐད་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མའི་འབྲས་བུ་གཞན་ལ་ངོམ་དུ་རུང་བ་བླངས་འདུག་པ་ཐུན་མོང་གིས་ཁས་འཆེས་ཤིང་། གསར་རྩོམ་གྱི་ལག་ཐབས་དང་དེའི་རྒྱབ་རྩར་ལངས་པའི་གྲུབ་མཐའ་དང་གཞུང་ལུགས་ཀྱང་རྣམ་པ་སྣ་ཚོགས་ཤིག ང་ཚོའི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པ་ཀུན་ལ་གསལ་ཆ་ཆེ་ཚོད་འདི་རེད། ཡིན་ནའང་། ཁོ་བོ་སྒེར་ངོས་ཀྱི་བསམ་ཚུལ་ཞིག་དང་། རྩོམ་རིག་བརྩམས་ཆོས་ཀློག་འདོན་དང་རོ་མྱོང་གི་ཁྲོད་ནས་གསོག་འཇོག་བྱས་པའི་ཉམས་མྱོང་ཕལ་བ་འདིར་གཞིར་བཅོལ་ན། འུ་ཅག་ཚོའི་ཨ་གསར་དང་ཧོལ་རྒྱུག་གི་གཤིས་ཀ་དེས་སྒྲུང་གཏམ་གསར་རྩོམ་གྱི་ད་ལྟའི་གནས་བབ་འདི་ཐང་གི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་བའི་ཉེན་འོབས་ཤིག་ཏུ་བསྐྱལ་དང་སྐྱེལ་བཞིན་པའི་སྣང་བ་ཞིག་ཚོད་ཚོད་དུ་འགོག་པ་མེད་པར་སྐྱེས། དེ་ཡང་། ད་ལྟའི་སྒྲུང་གཏམ་གསར་རྩོམ་དེ་བོད་རང་གི་གནས་ཚུལ་ངོ་མ་དང་།བོད་རང་གི་འཚོ་ཚིས་དང་། བོད་རང་གི་འབྱོར་བ་དང་། བོད་རང་གི་མ་འོངས་ཡུན་གནས་ལ་དམིགས་པ་མེད་པར་རྩོམ་པ་པོར་འབོད་པ་དག་གིས་བར་སྣང་སྟོང་བའི་དབྱིངས་ནས་རང་རང་གི་ཤེས་རྩལ་ངོམ་པ་ལྟ་བུ་ཞིག་ཏུ་ཆགས་དང་ཆགས་བཞིན་འདུག་སྙམ། ད་ལྟ་བསམས་ན། ང་ཚོའི་སྒྲུང་གཏམ་གསར་རྩོམ་འདིར་ངེས་གཏན་གྱི་ཁ་ཕྱོགས་ཤིག་བཙལ་དུ་མེད་རུང་། མ་མཐའ་ཡང་བོད་རང་དང་མཐུན་པའི་གདམ་ཀ་ཞིག་ཅིས་ཀྱང་ཡོད་ངེས་ཏེ། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་ཡས་མས་ཀྱི་སྤྱི་ཚོགས་ཀྱི་ནད་རྙིང་ཀུན་ནས་འདོན་པའི་སུན་འབྱིན་དང་ཟུར་ཟ། ཀློག་མཁན་གྱི་དང་བ་ཡོངས་སུ་འདྲེན་པའི་གཏམ་རྒྱུད་དང་བྱུང་རིམ་གྱིས་ཕྱུག་པའི་སྒྲུང་གཏམ་སྐོར་ཞིག་ནི་ང་རང་ཉིད་དགའ་སའི་གནས་ཡིན། དེ་ནི་ང་ཚོ་ཐོག་མར་ལམ་ལ་ཆས་ས་དང་ཐ་ན་ང་ཚོའི་མཐའ་མཇུག་གི་ལོག་མལ་མིན་པའི་ངེས་པའང་མེད། རྒྱུ་མཚན་ནི་ད་ལྟའི་ཚོད་ལྟ་དང་དེང་རབས་ཡིན་ཟེར་བའི་སྒྲུང་གཏམ་དེ་དག་བརྒྱ་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོས་ཕྱུག་པར་གྱིས་དང་། འཛམ་གླིང་གི་གཟིགས་བཟོས་ཆེན་པོའི་ཆེན་པོ་དག་ཐོབ་ཏུ་བཅུག་ཀྱང་། རྩོམ་རིག་གིས་ས་གནས་དང་མི་རིགས། རྒྱལ་ཁབ་བཅས་པར་ཞབས་ཞུ་བསྒྲུབ་དགོས་པའི་བོད་རང་གི་དམིགས་བསལ་གྱི་གནས་བབ་འོག གཅིག་ན་ང་ཚོ་ཀློག་མཁན་ཕལ་མོ་ཆེའི་མཛེས་དཔྱོད་ཀྱི་དགོས་མཁོ་ཅི་དང་གང་འདྲ་ཡིན་པ་ཡིད་ལ་བརྣག་དགོས་ཤིང་། གཉིས་ན་ལྟོ་སྐྱ་གོས་ཧྲུལ་གྱི་ཉམ་ཐག་གི་འཚོ་བ་དང་། འཚོ་བ་དེར་ཇི་ལྟར་གདོང་གཏོད་པའི་ནང་སེམས་ཀྱི་དཔའ་གདེང་། ཡང་དེ་དག་ཇི་ལྟར་རང་སོས་དང་གཞན་འགྱུར་དུ་འགྲོ་བཞིན་པ་སོགས་ནི། ཁྱོད་ཀྱི་སྨྱུག་འོག་ནས་འདོར་མི་རུང་བའི་བརྗོད་བྱ་ཡིན་འོས། འདི་ནི་ཁྱོད་རང་བོད་ཀྱི་རྩོམ་པ་པོ་ཞིག་ཡིན་པའི་བྱོལ་མེད་ཀྱི་འགན་དབང་ཡིན་པར་མ་ཟད། ད་དུང་ཡང་མང་ཚོགས་ཀྱི་བློ་སྒོ་འབྱེད་པ་དང་། རྨོངས་མུན་གྱི་ལམ་ནས་དྲངས་ཏེ་དཔྱོད་ཤེས་དང་ཚན་རིག་གི་ལམ་དུ་བཀྲི་དགོས་པའི་ལས་འགུལ་དེ་ནི། ཐོག་མ་ཡོད་ཀྱང་མཐའ་མ་མེད་པ་ནང་བཞིན་ང་ཚོའི་གཟུར་མེད་ཀྱི་ལས་སྐལ་ཡིན་པའི་ཕྱིར་ན། ང་ཚོ་ཕྱི་རབས་པ་དང་ལྷག་དོན་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ལས་ལ་འཇུག་མཁན་རྣམས་མུ་མཐུད་དུ་ལམ་བུ་དེར་དུས་ཡུན་རིང་བོབགྲོད་དགོས་སྙམ་པ་དང་། འདི་ནི་དུས་དེ་རིང་ང་ཚོས་བོད་ཀྱི་དེང་རབས་རྩོམ་རིག་དང་རྩོམ་རིག་གསར་རྩོམ་གྱི་ངོས་ཐད་ནས། དོན་གྲུབ་རྒྱལ་ཁོང་དང་ཁོང་རྣམ་པར་བརྗེད་མེད་དྲན་གསོ་ཞུ་བ་དང་། མ་འོངས་སློབ་སྦྱོང་བྱ་དགོས་སའི་གནད་གཞན་གཅིག་རེད་འདོད། ཡིན་ནའང་། སྒྲུང་གཏམ་ཐེ་བའི་བོད་ཀྱི་དེང་རབས་རྩོམ་རིག་དང་། རྩོམ་རིག་གསར་རྩོམ་འདི་མཐའ་གཅིག་ཏུ་མི་ལྷུང་བར་ཕྱོགས་ཡོངས་ནས་དང་སྒོ་ཀུན་ནས་མཁས་བརྒྱ་འགྲན་གླེང་གི་ལམ་ཆེན་དུ་སྙེག་པ་ནི་སུས་ཀྱང་ཤེས་གསལ་ལྟར་རོ། །


དེ་བཞིན་དུ། དུས་ད་ལྟ། ཁ་ཅིག་གོམ་གང་མདུན་དུ་སྤོས་སོང་སྙམ་པའི་སྣང་བ་འཕྲལ་འཕྲུལ་གྱིས་རང་ཉིད་ནས་མགོ་རྩོམ་པ་དང་། རང་ཉིད་གཙོ་བོར་འཛིན་པའམ་གང་ཟག་སྒེར་གྱི་བདག་དེ་མཆོག་ཏུ་ལྟ་བའི་བཤད་སྒྲོས་ཤིག་གང་སར་ཁྱབ་པ་ནི། ལུགས་འབྱུང་དུ་སོང་བའི་གནས་ལུགས་ཀྱིས་མ་གྲུབ་པ་ནི་ག་ལ་ཡིན་གྱི། ང་ཚོའི་གནས་བབ་བྱེ་བྲག་པ་དང་ཐུན་མོང་མ་ཡིན་པ་འདིར་དམིགས་ནས་དང་། ལྷག་པར་དུའང་། དུས་དེ་རིང་དོན་གྲུབ་རྒྱལ་ཁོང་དང་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གསར་རྩོམ་གྱི་གནས་ཚུལ་གླེང་བའི་དགོས་དབང་ཁྱད་པར་བ་ལ་ལྟོས་ཏེ་བརྗོད་ན། ང་ཚོས་ད་དུང་མུ་མཐུད་དུ་མི་རིགས་ཞེས་པ་དང་། བློ་འབྱེད་ཅེས་པ་འདི་སྙིང་ནས་འདོར་མི་ཉན་པ་དང་མིག་གིས་འཚོས་འཚོས་ལ་སྡོད་དགོས་ཞེས་པ་ནི་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་སྨྲས་པ་ཙམ་མོ། ། ང་རང་སྒེར་ལ་མཚོན་ན། དོན་གྲུབ་རྒྱལ་ཁོང་དང་ཁོང་ལྟ་བུའི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་རྩོམ་པ་པོ་དག་ཡིད་ལ་སྒོམ་ཐེངས་རེར། མི་རིགས་ཀྱི་བདག་ཅེས་པ་འདི་ཤེས་བཞིན་དང་གོ་ནོར་མ་ཐེབས་པར་དུས་ཡུན་རིང་བོ་ཞིག་ལ་རང་ཉིད་ཀྱི་ལས་བྱའི་དཀྱིལ་སྙིང་དུ་འཛིན་དགོས་ཇེ་སྙམ་དུ་བྱུང་བ་དང་ཆབས་ཅིག དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་རྩོམ་རིག་གི་བློ་འབྱེད་ལས་འགུལ་དེའང་གཡག་ཞར་གྱིས་རྩྭ་ཟོས་པ་བཞིན་དུ་མི་གཏོང་བར། མུ་ནས་མུ་མཐུད་དེ་འགན་བབ་ལྗིད་མོ་འདི་ཕྲག་ཏུ་ལེན་ནུས་པ་དག་གིས་བླངས་ན་བསམས་སོ། ། ཞེས་དོན་གྲུབ་རྒྱལ་ཁོང་དང་འབྲེལ་ཏེ་བོད་ཀྱི་དེང་རབས་རྩོམ་རིག་དང་། རྩོམ་རིག་གསར་རྩོམ་གྱི་ཐད་ནས་རང་དང་སྐལ་བ་མཉམ་པ་དག་ལ་མ་གསང་དྲང་བོའི་ངག་འདི་ཐལ་བར་ནོངས་འགལ་ཅི་མཆིས་འཆགས་སོ། །


* ཆོས་སྐྱོང་། 《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1