༄༅།།ལོ་རྒྱུས་ཀྱི་རྒྱབ་གཟུགས།

གངས་དབང་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-27



 རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་ལས་དམུ་ལིའི་སྐོར།
གངས་དབང་བཀྲ་ཤིས།
        རི་མཐོན་པོ་དང་ཆུ་ཆེན་པོ། ལམ་ཐག་རིང་པོའི་རྐྱེན་གྱིས་ས་མཐའ་ལ་གནས་པའི་ཡུལ་གྱི་ལོ་རྒྱུས་ཀྱི་བྱུང་བ་དང་། ཡུལ་སྲོལ་གོམས་གཤིས་བཅས་ལ་མི་རྣམས་ཀྱིས་རྒྱུས་ལོན་བྱེད་མ་ཐུབ་པས། རིགས་རུས་གཅིག་ཀྱང་ཕན་ཚུན་ཁས་མི་ལེན་པར་མ་ཟད་དོགས་པའང་ཟ་སྲིད། བོད་ཀྱི་ལོ་རྒྱུས་ཡིག་ཆ་རུ་གསང་བར་ལྐོག་ཏུ་གྱུར་པ་རྣམས་ལ་སྦས་ཡུལ་ཞེས་གྲགས་པ་ལྟར། མདོ་ཁམས་དམུ་ལི་ཡང་བོད་མི་མང་ཤོས་ཀྱིས་མིང་ཙམ་ཤེས་པ་ལས་ད་སྔོན་བར་ཆ་རྒྱུས་ལོན་མཁན་ཉུང་ལ། ཡུལ་དངོས་སུ་སོང་ནས་མཐོང་ཐོས་མྱོང་གསུམ་ཡིག་འབྲུར་བཀོད་པའང་མ་མཐོང་བས། ཡུན་རིང་པོར་སེམས་ནང་བཞག་ཡོད་པའི་ཡུལ་དེ་ལ། ཐེངས་གཅིག་འགྲོ་བའི་འདོད་པ་སུས་ཀྱང་འགོག་ཏུ་མེད།
        མདོ་གྲོང་ལུང་ཁུག་ནས་སྤྱི་ལེ་200ལྷག་ཙམ་སོང་རྗེས་གཡག་རྔ་གྲོང་ཁྱེར་གྱི་ཧྲི་མན་རྫོང་ལ་སླེབས། དེ་ནས་སྤྱི་ལེ་180ཙམ་གྱི་མགྱོགས་ལམ་བརྒལ་རྗེས་ལོ་རྒྱུས་ཐོག་གྱིན་ཁྲང་དུ་གྲགས་པའི་ཤིས་ཁྲང་གྲོང་ཁྱེར་ལ་སླེབས། ཤིས་ཁྲང་དང་དམུ་ལི་རྫོང་བར་སྤྱི་ལེ་230ཙམ་ཡོད་ལ། ཚ་ཐོག་རྫོང་﹙盐源县﹚བརྒལ་ནས་ལ་ཞིག་བརྒལ་རྗེས་མཆོད་རྟེན་དཀར་པོ་ཞིག་དང་རླུང་རྟ་བཅས་མཇལ་དུས་གཞི་ནས་དམུ་ལི་བོད་རིགས་རང་སྐྱོང་རྫོང་གི་ཁོངས་སུ་སླེབས་ཡོད་པ་ཤེས། ལ་རྒྱབ་ཀྱི་ལུང་པ་དེད་ནས་ཡུན་རིང་མ་འགོར་བར་དམུ་ལི་རྫོང་རིག་སར་སླེབས་དུས་མུན་རུབ་ལ་ཉེ་བས། དམུ་ལིས་ཁྱེད་ལ་དགའ་བསུ་ཞུ་ཞེས་གློག་འོད་ཀྱིས་བཀྲ་བའི་རྒྱ་ཡིག་ཡིག་འབྲུ་ཆེན་པོ་ལྔ་མཐོང་བྱུང་། འགྲམ་དུ་བཅར་དུས་དེ་ནི་སྒོ་ཆེན་ཞིག་རེད་ལ་ཐོག་ཏུ་ཐང་སྟོང་རྒྱལ་པོས་ཁམས་ཉག་རོང་ལ་བཞེངས་པའི་ཤིང་ཟམ་ཁྱད་ཆོས་ལྡན་པ་ཞིག་འདུག
        རི་ངོས་སུ་ཆགས་པའི་རྫོང་ཐོག་ཏུ་སླེབས་མ་ཐག །དེ་སྔོན་དར་མདོ་དགེ་འོས་སློབ་གྲྭ་ནང་ལོ་ངོ་བཞིའི་རིང་ལ་མཉམ་དུ་སློབ་སྦྱོང་བྱས་པའི་གྲོགས་པོ་ཚོས་ཤམ་བྷ་ལའི་མགྲོན་ཁང་དུ་ཁ་བཏགས་དཀར་པོ་དང་ཇ་ཆང་ཞིམ་པོས་དགའ་བསུ་ཞུས་པ་དང་། ཁོ་རང་ཚོས་ད་བར་དུ་མྱངས་པའི་འཚོ་བའི་སྐྱིད་སྡུག་དང་དམུ་ལི་ཕྱོགས་ཀྱི་སྐད་ཡིག་གི་ཆགས་འཇིག་དང་རིག་གནས་ཀྱི་འཕེལ་འགྲིབ་སོགས་ལྷུག་ལྷུག་ཏུ་བརྗོད་པས་མ་ཚད། མདོ་དབུས་ཁམས་གསུམ་གྱི་རིག་གནས་པ་ཚོས་དམུ་ལིའི་ལོ་རྒྱུས་ཆོས་འབྱུང་དང་སྐད་ཡིག་རིག་གནས་ལ་དེ་ཙམ་དོ་ཁུར་མི་བྱེད་པའི་བསམ་འཆར་ཡང་བཏོན་པས། ང་རང་ནི་སྤྱོད་ཡོན་གཉིས་ཀ་ཚད་དང་ལྡན་པའི་རིག་གནས་པ་ཞིག་མིན་ཡང་། ཐེངས་འདིར་རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག་དང་དགའ་སྐྱོ་རྣམས་ཡིག་འབྲུའི་ཕྲེང་བར་བསྒྲིགས་ཏེ་ཆོལ་གསུམ་གྱི་ཀློག་པ་པོ་རྣམས་ལ་འབུལ་རྒྱུ་ཡིན་ཞེས་ཁས་བླངས་པ་ཡིན།

གཅིག །དམུ་ལི་ཞེས་པའི་མིང་གི་འབྱུང་ཁུངས།
        སི་ཁྲོན་ཞིང་ཆེན་གྱི་དམུ་ལི་རྫོང་དང་ཀན་སུའུ་ཞིང་ཆེན་གྱི་དཔའ་རིས་རྫོང་གཉིས་ནི་རང་རྒྱལ་གྱི་བོད་རིགས་རང་སྐྱོང་རྫོང་གཉིས་ཡིན་ལ། དེ་ལས་དམུ་ལི་བོད་རིགས་རང་སྐྱོང་རྫོང་ནི་སྤྱི་ལོ་1939ལོའི་ཡན་ལ་ཚ་ཐོག་རྫོང་གི་ཁོངས་སུ་གཏོགས། སྐབས་དེ་དུས་ཚ་ཐོག་རྫོང་ཡང་ཤིས་ཁམས﹙西康﹚ཀྱི་མངའ་ཁོངས་ནང་ཡོད། སྤྱི་ལོ་1953ལོར་དམུ་ལི་བོད་རིགས་རང་སྐྱོང་ལྗོངས་﹙རྫོང་རིམ་པ﹚བཙུགས་པ་དང་། སྤྱི་ལོ་1955ལོར་དམུ་ལི་བོད་རིགས་རང་སྐྱོང་རྫོང་ལ་བསྒྱུར་ཞིང་། ལོ་དེར་ཤིས་ཁམས་ཞིང་ཆེན་མེད་པར་བཏང་བ་ནས་ཤིས་ཁྲང་ཀྲོན་ཆུས་ཀྱི་ཁོངས་སུ་བསྡུས། སྤྱི་ལོ་1978ལོར་ཤིས་ཁྲང་ཀྲོན་ཆུས་མེད་པར་བཟོས་རྗེས་ལིའང་ཧྲན་དབྱིས་རིགས་རང་སྐྱོངས་ཁུལ་ནང་ཚུད་པ་རེད།
        དེང་སང་དམུ་ལི་བོད་རིགས་རང་སྐྱོང་རྫོང་ཆགས་ས་ལ་ཆབ་བ་﹙乔瓦镇﹚གྲོང་བརྡལ་ཟེར། མངའ་ཁོངས་ནང་བོད་རིགས་དང་དབྱིས་རིགས། རྒྱ་རིགས། སོག་པོ་རིགས། འཇང་རིགས། མིའོ་རིགས། ཧུའེ་རིགས་སོགས་མི་རིགས་21ཙམ་ཡོད་པ་ལས་བོང་གཡག་﹙俄亚﹚འཇང་རིགས་ཤང་དང་། རིན་འབྱུང་﹙屋脚﹚དང་སྔགས་སྤྱོད་﹙项脚﹚ནི་སོག་རིགས་ཤང་། དཔལ་ལྡན་﹙白碉﹚དང་གེ་བཙན་﹙固增﹚ནི་མིའོ་རིགས་ཤང་བཅས་ཡིན་ལ། ནུབ་ངོས་སུ་དཀར་མཛེས་ཁུལ་གྱི་བརྒྱད་ཟིལ་དང་དར་མདོ། ལི་ཐང་། འདབ་པ་རྫོང་དང་མཚམས་འབྲེལ་ཞིང་། ལྷོ་ནུབ་ངོས་ནི་ཡུན་ནན་བདེ་ཆེན་རྫོང་དང་། ཤར་ལྷོ་ངོས་ནི་ལིའང་ཧྲན་ཁུལ་གྱི་ཚ་ཐོག་རྫོང་དང་འབྲེལ་ནས་ཡོད། ས་དབྱིབས་ལ་སྒང་ས་དང་གྲོག་རོང་གཉིས་ཀ་ལྡན་པ་དང་མཁའ་ཁོངས་སུ་ཉག་ཆུ་དང་ལི་ཆུ་བཅས་ནུབ་ཕྱོགས་ནས་ལྷོ་ཕྱོགས་སུ་བཞུར་ཏེ་མཐར་འབྲི་ཆུར་འདུས་པ་རེད། དེ་ཡང་ས་མིང་གིས་ས་ཆ་དེའི་རིགས་རྒྱུད་ཀྱི་འབྱུང་ཁུངས་དང་ལོ་རྒྱུས་རིག་གནས་བཅས་མངོན་པར་མཚོན་པ་དང་། ས་ཁམས་རིག་པ་དང་མི་རིགས་རིག་པ་བཅས་ཞིབ་འཇུག་བྱེད་པ་ལ་རྒྱུ་ཆ་མེད་དུ་མི་རུང་བ་མཁོ་འདོན་བྱེད་བཞིན་ཡོད་པས། ས་ཆ་ཞིག་ལ་རྒྱུས་ལོན་བྱེད་དགོས་ན་དང་ཐོག་ས་མིང་གི་འབྱུང་ཁུངས་ལ་དབྱེ་ཞིབ་བྱ་རྒྱུ་ནི་སྔོན་འགྲོའི་ཆ་རྐྱེན་ཞིག་རེད། དུས་ཀྱི་འཕོ་འགྱུར་ནང་བོད་མི་ཚོས་ལོ་རྒྱུས་རིག་གནས་ལ་མཐོང་ཆེན་མ་བྱས་པའི་དབང་གིས། བོད་ཀྱི་ས་ཆ་མང་པོའི་མིང་ནི་ར་འདོད་བྲག་དང་ལུག་འདོད་སྤང་ཞེས་པ་ལྟར་ཅི་འདོད་གང་འདོད་ཀྱིས་བྲིས་དང་འབྲི་བཞིན་ཡོད་པ་རེད། དམུ་ལི་ཞེས་པའང་དེ་ལས་མ་འདས་ཏེ། ད་བར་དམུ་ལི་དང་རྨུ་ལི། རྨུ་གླིང་། མུ་ལི་ཞེས་འབྲི་སྲོལ་མང་པོ་འདུག་ལ་དེ་ལས་མུ་ལི་ཞེས་པ་འབྲི་སྲོལ་ཁྱབ་ཆེ་བ་ཞིག་རེད།
        ཟེར་སྲོལ་གཅིག་ནི་ཚ་ཐོག་གི་རྒྱལ་པོའི་མངའ་ཁོངས་ལ་མུ་ལི་ཟེར་བས་རྗེས་སུ་ས་ཆ་སྤྱིའི་མིང་ལ་ཆགས་པ་དང་། གཉིས་ནི་ས་ཆ་འདི་གནའ་སྔོན་མར་འཇང་ས་དམ་རྒྱལ་པོས་དབང་བསྒྱུར་བ་དང་། རྒྱལ་པོའི་རུས་མིང་ལ་མུ་ཞེས་པས་མུ་ལི་ཟེར་བ། གསུམ་ནི་བོད་ཀྱི་བསེ་དམུ་ལྡོང་སྟོང་རུས་བཞི་ལས་དམུའམ་རྨུའི་རུས་ཐོག་མར་ཨ་མདོའི་ཕྱོགས་སུ་ཡོད་ཀྱང་། རིམ་གྱིས་ཡུན་ནན་དང་དམུ་ལིའི་ཕྱོགས་སུ་སྤོས་པ་དང་། ས་ཆ་འདི་ནི་གསེར་མང་པོ་ཡོད་ས་ཡིན་ལ་བོད་མི་ཚོས་ལྕགས་རིགས་སྣ་ཚོགས་བསྲེས་ནས་བཞུས་པ་ལ་ལི་ཞེས་འབོད་པས་མིང་དེ་ལྟར་ཆགས་པ། བཞི་ནི་དཔལ་ལྡན་ལྷ་མོ་ནི་བོད་མི་ཚང་མས་གསོལ་བའི་སྲུང་མ་ཞིག་ཡིན་པས་དམུ་ལིའི་བོད་མི་ཚོས་ཀྱང་ཧ་ཅང་དད་བཀུར་བྱས་པས་མ་ཚད། དེང་སང་རིན་འབྱུང་ཤང་གི་བྲག་ཕུག་ནང་སྐུ་ལ་ན་བཟའ་དཀར་པོ་མནབས་ཤིང་། དྲེལ་དཀར་པོ་ཞིག་བཞོན་པའི་དཔལ་ལྡན་ལྷ་མོའི་སྐུ་ཞིག་ཡོད་ལ། 《དཔལ་ལྡན་ལྷ་མོའི་གསོལ་མཆོད།》ལས་བྱང་ཤར་མུ་ལེ་སྟེང་གི་རྒྱ་མཚོ་ནས་དཔལ་ལྡན་དམག་ཟོར་རྒྱལ་མོ་རེ་མ་ཏི་སྐད་ཅིག་གིས་གནས་འདིར་སྤྱན་དྲངས་ཞེས་གསུངས་པའི་མུ་ལེ་ནི་དེང་གི་མུ་ལི་ས་ཆ་འདི་རེད་ཅེས་ས་དེའི་མི་མང་གི་ཁ་རྒྱུན་དུ་འདུག །ལྔ་ནི་དམུ་ལི་བླ་དཔོན་སྐུ་རབས་གཉིས་པ་བསམ་གཏན་བཟང་པོས་སྐུ་རབས་དང་པོ་འཇམ་དབྱངས་བཟང་པོའི་ཞལ་ཆེམས་ལྟར་དགོན་ས་འཚོལ་བར་ཕེབས་ཏེ་དེང་སང་མུ་ལི་དགོན་ཆེན་ཡོད་ས་ཐར་པ་ཞེས་པར་སླེབས་དུས་ཝ་ཚང་ཞིག་མཐོང་བ་དང་། མོ་བཏབ་ནས་དགོན་ས་འགྲིག་མིན་བརྟག་དུས་མོ་མདུད་ཞིག་པའང་ལུད་པས་﹙མོ་ལུད﹚ས་འདི་ནི་དགོན་ས་ཡག་པོ་ཡིན་པ་ཤེས་ཏེ་དགོན་པ་ཕྱག་བཏབ། དེ་ནས་བཟུང་དགོན་མིང་ལ་མུ་ལི་ཞེས་ཟུར་ཆག་པ་དང་། རིམ་བཞིན་ས་ཆ་སྤྱིའི་མིང་ལ་ཆགས་པ་རེད་ཟེར།
        གོང་དུ་བཀོད་པའི་ལྟ་བ་དེ་དག་ལས་ལ་ལ་ནི་གཏམ་རྒྱུད་ཙམ་ལ་ཁུངས་གཏུགས་པ་དང་། འགའ་ཞིག་ནི་འོལ་ཚོད་བརྒྱབ་པ་ཙམ་རེད་མོད། སྐབས་དེ་དུས་ཀྱི་ལོ་རྒྱུས་དང་དུས་ཀྱི་འཕོ་འགྱུར་ཡང་མཐོང་ཐུབ་པས་དེ་མ་རེད་འདི་རེད་ཅེས་ཨུ་ཚུགས་བྱེད་དགོས་དོན་མེད། རེད་དེ། ངས་བསམས་ན། ས་ཆ་ཞིག་ལ་མིའི་རིགས་ཆགས་པ་ནས་བཟུང་། ལོ་རྒྱུས་ཆོས་འབྱུང་དང་རི་ཆུའི་ཆགས་དབྱིབས་སོགས་ལ་བརྟེན་ནས་ས་མིང་ཞིག་ཆགས་སྲིད་པས། ཐོག་མར་དམུ་ལི་རྫོང་གི་ལྟེ་གནས་ནི་དེང་སང་དམུ་ལི་དགོན་ཆེན་ཆགས་ས་ཐར་པ་ཞེས་པ་དེ་ཡིན་ཡང་། རྗེས་སུ་ད་ལྟའི་ཆབ་བ་གྲོང་རྡལ་ལ་སྤོས་པ་ལ་བལྟས་ན་ས་ཆ་དེ་གནའ་སྔོན་མ་ནས་གལ་འགངས་ཆེ་ས་ཞིག་ཡིན་པ་དང་། དགོན་པའི་རྒྱབ་ལ་བྲག་རི་མཐོན་པོ་ཞིག་ཡོད་པ་དེ་ནི་གཞི་བདག་ཡིན་ཞིང་མིང་ལ་དམུ་རྩེ་སྐས་ཞེས་འབོད། དགོན་པའི་ཞབས་ཀྱི་གྲོག་རོང་ལ་ལི་ཆུ་སྔོན་མོ་བཞུར་བཞིན་ཡོད་པས། གཞི་བདག་དམུ་རྩེ་སྐས་དང་ཆུ་བོ་ལི་ཆུ་གཉིས་ཀའི་མིང་བསྡུས་ནས་ས་ཆ་དེ་ལ་དམུ་ལི་ཞེས་ཆགས་པ་དང་། རིམ་གྱིས་བྱེ་བྲག་གི་མིང་སྤྱིའི་མིང་ལ་གྱུར་པ་མིན་ནམ་སྙམ། རྒྱུ་མཚན་ནི་གནའ་དུས་སུ་ས་ཆ་འདི་ནའང་བོན་ཆོས་ཁོ་ན་དར་བ་ཡིན་ངེས་ལ། དམུ་ཐག་དང་དམུ་སྐས་ཞེས་པ་ནི་བོན་བསྟན་ནང་གི་ལོ་རྒྱུས་རིག་གནས་དང་སེམས་ཁམས་འདུ་ཤེས་ཀྱི་དོན་སྙིང་མཚོན་པའི་ཐ་སྙད་ཅིག་ཡིན་པས། གནའ་ཆགས་བོད་མི་ཚོས་གདོད་མ་ནས་རི་ཆུ་དེ་གཉིས་ལ་དད་བཀུར་བྱེད་ཡོད་པས་ས་ཆའི་མིང་ལ་དམུ་ལི་ཞེས་ཆགས་སྲིད་པ་ཞིག་རེད། དེང་སང་ཨ་མདོ་ཞེས་པ་ནི་ཨ་ཆེན་གངས་རྒྱབ་དང་མདོ་ལ་རིང་མོ་གཉིས་ཀྱི་བསྡུས་མིང་རེད་ཅེས་ཟེར་སྲོལ་ཡོད་པ་དང་གཅིག་ཏུ་མཐུན།
        མཁས་དབང་དམུ་དགེ་བསམ་གཏན་གྱིས་དྭགས་པོའི་མི་རིགས་ཀྱི་གནད་དོན་སྐོར་གསུངས་དུས། རྨུ་ལི་སོགས་ཀྱང་བོད་རིགས་མིན་པར་བྱེད་རྩིས་ཀྱི་བྱ་བ་ཧུར་བརྩོན་གྱིས་སྒྲུབ་བཞིན་གདའ་ཞེས་རྨུ་ལི་ཞེས་བྲིས་ཡོད་མོད། དཔེ་ཆ་གཞན་ཞིག་ཏུ་རྩོམ་སྒྲིག་པས་རྨུ་ལི་དེ་མུ་ལི་ལ་བཅོས་འདུག །འོ་ན་དམུ་དང་རྨུ་གཉིས་གང་ཡང་དག་པ་རེད་ཟེར་ན། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ནང་དམུ་དང་རྨུ་གཉིས་ནི་རེས་མོར་འབྲི་སྲོལ་གནའ་ནས་ཡོད་པ་ཞིག་རེད། དེ་མིན་ཉག་ཆུ་ཁ་དང་ལི་ཐང་། ཕྱག་ཕྲེང་སོགས་བོད་མི་ཚོའི་ཁ་ནས་དམུ་ལི་ཞེས་པ་ལས་མུ་ལི་ཞེས་པའི་སྒྲ་གདངས་ཐོན་མི་སྲིད་མོད། ཡི་གེར་འབྲི་དུས་མུ་ལི་ཞེས་ཡོངས་སུ་ཁྱབ་པ་ནི་དང་ཐོག་དམུ་ལི་ཞེས་པའི་ས་མིང་དེ་རྒྱ་ཡིག་ཏུ་བསྒྱུར་དུས་木里ཞེས་བྲིས་པ་དང་། རྗེས་སུ་རྒྱ་ཡིག་གི་སྒྲ་གདངས་ལྟར་མུ་ལི་ཞེས་བྲིས་པས་ད་བར་མ་དག་རྒྱུན་འབྱམས་སུ་སོང་བ་འདྲའོ། །

གཉིས། དམུ་ལིའི་དགོན་པ་གསུམ།

        ས་ཆ་ཞིག་གི་ལོ་རྒྱུས་ཆོས་འབྱུང་དང་ཡུལ་སྲོལ་གོམས་གཤིས་བཅས་ལ་ཆ་རྒྱུས་ལོན་དགོས་ན། ས་དེ་གར་ཆགས་པའི་དགོན་རྙིང་གི་སྐོར་ལ་མཇལ་སྐོར་མི་འགྲོ་ཀ་མེད་ཡིན་པས། དམུ་ལི་ལ་སླེབས་པའི་ཕྱི་ཉིན་སྔ་མོ་ནས་རྫོང་དང་ཁ་བྲལ་ཏེ་དགོན་པ་ཡོད་སའི་ཕྱོགས་སུ་སོང་།
        དེ་ཡང་སྤྱི་ལོ་1580ལོའི་ཡན་ཆད་ལ་དམུ་ལི་ནི་འཇང་ས་དམ་རྒྱལ་པོས་དབང་དུ་བསྒྱུར་བཞིན་ཡོད་པས་ཆོས་ལུགས་གྲུབ་མཐའ་ཡང་བཀའ་བརྒྱུད་པ་ཡིན་མོད། འཇང་གི་མངའ་འོག་ལས་ཐར་བ་ནས་བཟུང་། ཞྭ་སེར་བསྟན་པ་དར་ཏེ་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཚུགས་པ་རེད། སྤྱི་ལོ་1580ལོར་རྒྱལ་བ་བསོད་ནམས་རྒྱ་མཚོས་དགའ་ལྡན་ཁྲི་པ་ལྔ་པ་བློ་གྲོས་ཆོས་འབྱུང་གི་ཡང་སྲིད་ཆོས་རྗེ་སངས་རྒྱས་རྒྱ་མཚོ་ཕྱག་ཕྱིར་ཁྲིད་དེ་ལི་ཐང་ཐུབ་ཆེན་བྱམས་གླིང་བཞེངས་ནས་བཞུགས་སྐབས། དམུ་ལིའི་ཕྱོགས་ཀྱི་ཀྱ་ཀྭ་ཤེབ་བརྩེགས་པས་གཙོ་བོར་བྱས་པའི་དགེ་བའི་བཤེས་གཉེན་འགའ་ཡིས་གསེར་གྱི་མཎྜལ་བཅས་ཕུལ་ནས་དམུ་ལིའི་ཕྱོགས་ལ་དགོན་སྡེ་འཛུགས་པའི་རེ་བ་ཞུས་པས། རྒྱལ་བ་བསོད་ནམས་རྒྱ་མཚོས་དཔལ་ལྡན་ལྷ་མོའི་ལུང་བསྟན་ལྟར་ཆོས་རྗེ་སངས་རྒྱས་རྒྱ་མཚོ་མངགས། ཁོང་ཚོ་དེང་སང་ཤེལ་འོད་ཞང་གི་ཁོངས་སུ་གཏོགས་པའི་ཝ་ཤེར་གྲོང་པའམ་སྐབས་དེར་སྟོང་སྡེ་ཞེས་འབོད་པའི་སར་སླེབས་དུས། དེ་ནི་དགོན་སར་རུང་བ་མཁྱེན་ཏེ་སྤྱི་ལོ་1584ལོར་དགོན་པ་ཞིག་ཕྱག་བཏབ་པ་ལ་ལྷ་སྟེང་དགའ་ལྡན་དར་རྒྱས་གླིང་ཞེས་ཡོངས་སུ་གྲགས། དུས་དེ་ནས་བཟུང་དམུ་ལིའི་ཕྱོགས་ལ་ཞྭ་སེར་བསྟན་པ་དར་འགོ་ཚུགས་པ་རེད། དེའི་རྗེས་སུ་གནས་བརྟན་ཚུལ་ཁྲིམས་བཟང་པོས་སྤྱི་ལོ་1640ལོར་ཁེ་འོང་བདེ་བ་ཅན་བསོད་ནམས་དར་རྒྱས་གླིང་ཕྱག་བཏབ་པ་དང་། བླ་དཔོན་བསམ་གཏན་བཟང་པོས་སྤྱི་ལོ་1656ལོར་དམུ་ལི་དགོན་ཆེན་དགའ་ལྡན་བཤད་སྒྲུབ་ཕྱོགས་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པས་དམུ་ལིའི་ས་ཆར་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་རྩ་བ་ཚུགས། ཡལ་འདབ་རྒྱས་པ་རེད། བཤད་རྒྱུན་དུ་དམུ་ལིའི་དགོན་པ་གསུམ་ནི་ལྷ་སའི་སེ་འབྲས་དགའ་གསུམ་གྱི་ལུགས་ལྟར་བཞེངས་པ་རེད་ཟེར་སྲོལ་འདུག་སྟེ། ལྷ་སྟེང་དགོན་པས་དགའ་ལྡན་དགོན་པ་དང་། ཁེ་འོང་དགོན་པས་སེ་ར་དགོན་པ། དམུ་ལི་དགོན་ཆེན་གྱིས་འབྲས་སྤུངས་དགོན་པ་ལ་ལད་མོ་བྱས་པས་སྐབས་དེ་དུས་དགའ་ལྡན་དགོན་པར་གྲྭ་བཙུན་3300དང་ལྷ་སྟེང་དགོན་པར་330 སེ་ར་དགོན་པར་གྲྭ་བཙུན་5500དང་ཁེ་འོང་དགོན་པར་550 འབྲས་སྤུངས་དགོན་པར་གྲྭ་བཙུན་7700དང་དམུ་ལི་དགོན་ཆེན་ལ་770བཅས་ཕྱི་མས་སྔ་མ་ཡི་བཅུ་ཆ་གཅིག་ཟིན་པ་གཏན་འཁེལ་བྱས་པ་དང་། རྗེས་སུ་སེ་འབྲས་དགའ་གསུམ་ཞེས་འབོད་པ་ལྟར་དགོན་པ་དེ་གསུམ་ལ་ཡོངས་གྲགས་སུ་མུ་ལྷ་ཁེ་གསུམ་ཞེས་འབོད་སྲོལ་ཆགས་འདུག
        སྤྱིར་བཏང་ཡུལ་སྐོར་པའམ་མཆོད་མཇལ་པ་གང་ཞིག་ཡིན་རུང་། རྫོང་དང་ཐག་རིང་ཐུང་ལྟར་དང་པོ་ཁེ་འོང་དགོན་པ་དང་དེ་ནས་དམུ་ལི་དགོན་ཆེན། མཐར་ལྷ་སྟེང་དགོན་པ་བཅས་གཡས་སྐོར་བྱས་ནས་མཇལ་བའི་སྲོལ་ཆགས་པས། ང་ཚོས་ཀྱང་དེ་ལྟར་མཇལ་རྒྱུའི་འཆར་གཞི་བཞག་ཡོད། རྫོང་དང་ཁ་བྲལ་ནས་འབུམ་ཆུང་ཞེས་པའི་ས་དེར་སླེབས་དུས་ལམ་ཁ་དབྲག་ཅིག་ཡོད་ལ་ཐོག་སའི་ལམ་དེ་ནི་ཁེ་འོང་དགོན་པའི་ཕྱོགས་སུ་འགྲོ་ས་རེད་འདུག་མོད། ས་གནས་ལ་ཆ་རྒྱུས་མེད་པས་ལམ་ཁ་དབྲག་དེ་ནས་སྤྱི་ལེ་བདུན་བརྒྱད་ཙམ་བརྒལ་ཟིན་དུས། ཡུལ་མི་ཞིག་ལ་དྲིས་པ་ན་ད་གཟོད་འགྲོ་ལམ་ནོར་བ་ཤེས་ཀྱང་། ཕྱིར་མ་འཁོར་བར་མུ་མཐུད་དེ་སོང་ནས་དང་པོར་དམུ་ལི་དགོན་ཆེན་དང་། དེ་ནས་ལྷ་སྟེང་དགོན་པ། དེའི་ཕྱི་ཉིན་ཁེ་འོང་དགོན་པ་བཅས་མཇལ་བ་ཡིན། ཀུན་གྱི་ལུགས་ལྟར་ན། དགོན་པ་སོ་སོ་མཇལ་སྐོར་བྱས་པའི་རིམ་པ་ལྟར་ངོ་སྤྲོད་བྱེད་དགོས་པ་འདྲ་སྣང་མོད། དུས་སྔ་ཕྱིའི་གོ་རིམ་མི་འཁྲུག་པའི་ཆེད་དུ། ངས་དགོན་སྡེ་གསུམ་ཕྱག་བཏབ་པའི་རིམ་པ་ལྟར་རང་གི་མཐོང་ཐོས་མྱོང་གསུམ་རྣམས་ཀློག་པ་པོ་རྣམས་ལ་ལྷུག་ལྷུག་ཏུ་བཤད་རྒྱུ་ཡིན།

ཀ ལྷ་སྟེང་དགོན་པ།
        དམུ་ལི་དགོན་པ་གསུམ་ལས་ཆེས་ཐོག་མར་ཕྱག་བཏབ་པའི་ལྷ་སྟེང་དགོན་པ་ནི་རྫོང་དང་སྤྱི་ལེ་160ལྷག་ཙམ་རྒྱང་བའི་ཤེལ་འོད་ཤང་﹙沙湾乡﹚ཝ་ཤེར་གྲོང་པའི་﹙ཝ་ཅིང་ཡང་ཟེར།﹚སྟོད་ཀྱི་རི་སྐེད་དུ་ཆགས་འདུག །དེར་འགྲོ་སའི་ལམ་ནི་ཕྲ་ཞིང་དོག་ལ་གྱ་གྱུ་མང་བ་དང་གཡས་གཡོན་ལ་དུད་ཚང་ཐར་ཐོར་དུ་ཆགས་ཤིང་། ས་བབ་ཇེ་མཐོ་དང་བསྟུན་ནས་ཐང་ཤིང་དང་སྟག་མ་སོགས་ལྗོན་ཤིང་ཚང་ཚིང་དུ་འཁྲིགས་ལ། འདབ་ཆགས་བྱིའུ་རྣམས་ཀྱི་སྐད་སྙན་མོ་བར་ཆད་མེད་པར་སྒྲོག་པས་ཉམས་དགའ་བའི་དབེན་གནས་ཀྱིས་ཡིད་སེམས་ལྷོད་དུ་བཏང་། ལམ་བར་དུ་ཕྱོགས་བཞིའི་རི་ཆུ་ལ་བལྟས་ཏེ་དགོན་པ་ཡོད་སར་སླེབས་དུས། གསེར་གྱི་ཉི་མས་དགོན་པའི་འདུ་ཁང་དང་གྲྭ་ཤག་དཀྲིས་ཏེ་འོད་ཁྱུག་ཁྱུག་རེད། དགོན་པའི་ཨ་ཁུ་བསམ་གྲུབ་ཀྱིས་ཁ་བཏགས་དཀར་པོས་མགྲོན་བསུ་ཁང་ནང་བསུས་རྗེས་དགོན་པའི་སྐོར་ལ་ཁ་བརྡ་བྱེད་འགོ་ཚུགས་པ་ཡིན།
        གོང་དུ་བཤད་པ་ལྟར། རྒྱལ་བ་བསོད་ནམས་རྒྱ་མཚོ་ལི་ཐང་ལ་བཞུགས་པའི་དུས་སུ། དམུ་ལིའི་མི་སེར་རྣམས་ཀྱི་རེ་འདུན་ལྟར་ཆོས་རྗེ་སངས་རྒྱས་རྒྱ་མཚོ་མངགས་ཏེ་ལྷ་སྟེང་དགོན་པ་བཞེངས་པ་རེད། ཆོས་རྗེ་སངས་རྒྱས་རྒྱ་མཚོ་འདས་རྗེས་དམུ་ལིའི་སྐྱབས་མགོན་སྐུ་ཕྲེང་དང་པོར་ངོས་བཟུང་བ་དང་། ཁོང་དང་མཉམ་དུ་ཕེབས་པའི་གནས་བརྟན་ཚུལ་ཁྲིམས་བཟང་པོས་དགོན་པའི་གདན་ས་མཛད། སྤྱི་ལོ་1585ལོར་ཁོང་གིས་འབའ་རི་ཞེས་རིགས་རྒྱུད་མངོན་པར་མཐོ་བ་ཞིག་ལས་འཁྲུངས་པའི་བུ་དེ་ཆོས་རྗེས་སངས་རྒྱས་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་འཇམ་དབྱངས་བཟང་པོ་ཞེས་གསོལ། འཇམ་དབྱངས་བཟང་པོ་དགུང་ལོ་ཉི་ཤུ་ལ་ལྷ་སར་ཕེབས་ཏེ་གཞུང་པོ་ཏི་ལྔ་སོགས་ལེགས་པར་སྦྱངས་རྗེས། སེ་འབྲས་དགའ་གསུམ་དུ་སྤོ་འབོར་ཁང་ཚན་སོགས་བཙུགས། དེ་ནས་ཕྱིར་དམུ་ལི་ལ་ཕེབས་ཏེ་མི་སེར་ཚང་མ་ལ་འཇང་ས་དམ་རྒྱལ་པོ་ལ་ཁྲལ་སྤྲོད་པ་ལས་ཁོང་གི་རྗེས་སུ་འབྲངས་ན་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པ་ཡོད་ཚུལ་བསྒྲགས་པ་དང་། དམུ་ལིའི་ཕྱོགས་ཀྱི་དད་འབངས་ཚོས་ཀྱང་དང་ལེན་བྱས་པས་ཁོང་གིས་དམུ་ལིའི་བླ་མ་དང་དཔོན་པོ་གཉིས་འཛིན་བྱེད་འགོ་ཚུགས་པ་རེད། 

        ཨ་ཁུ་བསམ་གྲུབ་ཀྱིས་གསུངས་པ་ལྟར་ན། དེང་སང་དགོན་པའི་ནང་གྲྭ་བཙུན་སུམ་ཅུ་ཙམ་ཡོད་ལ་གཙོ་བོ་ལི་ཐང་དགོན་པ་དང་དར་མདོ་ལྷ་མོ་རྩེ་དགོན་པར་སློབ་གཉེར་བྱེད་དུ་འགྲོ་བཞིན་ཡོད་པ་དང་། དགོན་པ་ཆགས་སའི་ཡུལ་ཤོག་ལ་ཝ་ཤེར་རམ་སྟོང་སྡེ་ཞེས་ཟེར﹙ཝ་ཅིང་ཞེས་ཀྱང་བྲིས﹚། གནའ་སྔོན་མར་ཚང་མ་བོད་པ་ཡིན་ཡང་ད་ལྟར་བོད་རིགས་དང་དབྱིས་རིགས། རྒྱ་རིགས་བཅས་མཉམ་དུ་འདྲེས་ནས་ཡོད་ལ། དེ་དག་ཚང་མས་ལྷ་སྟེང་དགོན་པ་གསོལ་བཞིན་ཡོད། ཁྱད་པར་དུ་སྟག་ཁ་གྲོང་ཞེས་པའི་དབྱིས་རིགས་གྲོང་ཚོ་དེར་ལོ་ཞིག་ལ་ལོ་ཏོག་ཚང་མ་འབུས་བཟས་ཏེ་ཅི་བྱ་ཐབས་མེད་དུ་གྱུར་དུས། ལྷ་སྟེང་དགོན་པས་ཆོ་ག་དང་རིམ་གྲོ་བསྒྲུབས་པས་འབུ་ཡི་གནོད་པ་བཟློག་པ་ནས་བཟུང་། དབྱིས་རིགས་ཚང་མས་ལྷ་སྟེང་དགོན་པ་ལ་དེ་བས་དད་བཀུར་བྱེད་བཞིན་ཡོད་པ་རེད་ཟེར།

        ལྷ་སྟེང་དགོན་པའི་འཛུགས་སྐྲུན་གྱི་ཆ་ནས་འདུ་ཁང་དང་བླ་བྲང་། གྲྭ་ཤག་བཅས་ལས་གྲུབ་འདུག་མོད། དགོན་པའི་མགྲོན་བསུ་ཁང་གི་སྐར་ཁུང་ལས་དེ་དག་ཡོངས་སུ་མཐོང་མ་ཐུབ་པས་ཕྱི་ལ་བུད་དེ་རེ་རེ་བཞིན་མཇལ་དུ་འགྲོ་དུས། སྔོན་བྱོན་བོད་མི་ཚོས་དགོན་པ་ཆགས་ས་ལ་ཧ་ཅང་དང་དོད་བྱས་པས་མ་ཚད་ས་དཔྱད་ལའང་མཁས་ཚུལ་ཤེས་ཐུབ་སྟེ། བོད་ཀྱི་ས་དཔྱད་ལས་རྒྱབ་རི་མཐོ་བ། བྱང་རི་སྣུམ་པ། གཡས་དར་དཀར་གྱི་ཡོལ་བ་འདྲ་བ། གཡོན་རི་སྤུངས་པ་འདྲ་བ། མདའ་ཕྱག་རྒྱ་བསྣོལ་བ་འདྲ་བ། རི་ཐམས་ཅད་སྣུམ་ཞིང་ཁེངས་པ། མདོར་ན་ནུབ་མཐོ། བྱང་སྐྱོབ། ཤར་གཞོལ། ལྷོ་འདུས། མདུན་ཐང་ཞེས་པ་ལྟར། རྒྱབ་རི་མཐོ་ཞིང་གཡས་གཡོན་གྱི་རི་བོ་དར་དཀར་དཔྱངས་པའམ་རིན་པོ་ཆེ་སྤུངས་པ་འདྲ་བའི་དཀྱིལ་དུ་ཐང་གོར་གོར་ཆེན་པོ་ཞིག་ཡོད་ལ། ལྷ་སྟེང་དགོན་པ་དེའི་ཐོག་ཆགས་འདུག འདུ་ཁང་དང་བཅས་པ་ནི་རིག་གསར་གྱི་སྐབས་སུ་གཏོར་བཤིག་ཐེབས་ཀྱང་རྗེས་སུ་གསར་བཞེངས་བྱས་པ་རེད་ལ། གཡས་ཕྱོགས་ཀྱི་སྤང་ཐོག་ཏུ་དེ་སྔོན་གྱི་མགོན་ཁང་གི་ཤུལ་དང་། རི་ངོས་སུ་དམུ་ལི་རྒྱལ་པོའི་བླ་བྲང་གི་མཁར་ཤུལ་རྒྱ་ཆེན་པོ་ཞིག དེའི་གཡས་ཕྱོགས་ཀྱི་འོག་ལ་གྲྭ་ཤག་གི་ཤུལ་དང་གཡོན་ཕྱོགས་ཀྱི་འོག་ལ་རྒྱལ་པོའི་རྟ་ར་ཡི་ཤུལ་ཡང་འདུག །སྐབས་དེའི་དུས་སུ་རྒྱལ་པོ་དང་བླ་མ་མི་གཅིག་གིས་འཛིན་བཟུང་བྱེད་སྲོལ་དར་བས་དགོན་པ་གསུམ་ཀར་བླ་བྲང་རེ་བཞེངས་ཡོད་པར་གྲགས། ལྷ་སྟེང་དགོན་པའི་བླ་བྲང་གི་ཤུལ་ལ་བལྟས་ན་དམུ་ལི་རྒྱལ་པོའི་སྟོབས་ཤུགས་ཧ་ཅང་དར་མྱོང་བ་ཤེས་ཐུབ་སྟེ། ད་ལྟར་མཐོང་དུ་ཡོད་པའི་གྱང་རོ་ལ་བལྟས་ན་མ་མཐའ་ཡང་ཐོག་བརྩེགས་བཞི་ཡོད་ངེས་པ་དང་། སྒོ་ཆེན་གྱི་མདུན་དུ་ལྷ་བསང་གཏོང་སའི་ལ་བཙས་དང་བསང་སྒམ། དེ་ནས་རིམ་བཞིན་དུ་གཡས་ཕྱོགས་སུ་བཙོན་དཀར་ཞེས་གནས་སྐབས་སུ་བཙོན་པ་བཙུད་ས་དང་། གཡོན་ཕྱོགས་ལ་བཙོན་ནག་ཅེས་ཉེས་སྐྱོན་ཆེ་བའི་བཙོན་པ་རྣམས་ཚེ་བཙོན་བྱེད་ས་རེད་ཟེར། དེ་མིན་ཁང་མིག་མང་པོ་གཅིག་ལ་གཅིག་སྦྲེལ་ནས་ཡོད་པ་རྣམས་ནི་རྒྱལ་པོ་དང་བློན་པོ། སྲུང་དམག་རྣམས་སྡོད་ས་དང་། ཇ་ཁང་དང་འབྲུ་ཁང་སོགས་སྤྱོད་སྒོ་ཆ་ཚང་བའི་བླ་བྲང་ཞིག་ཡིན་ངེས་མོད། ད་ལྟར་ཞིབ་ཕྲ་ཡི་གནས་ཚུལ་ཤེས་ཐབས་མི་འདུག 《མུ་ལི་ཆོས་འབྱུང་།》ལས། ཆུ་མོ་སྦྲུལ་གྱི་ལོར་རྗེ་དབོན་དམ་པ་མིའི་དབང་པོ་ཚུལ་ཁྲིམས་བཟང་པོ་དེ་ཉིད་ལྷ་སྟེང་དགའ་ལྡན་དར་རྒྱས་གླིང་གི་བླ་བྲང་ཁམས་གསུམ་ཟིལ་གནོན་གྱི་བ་གམ་གཉིས་པའི་གཟིམ་ཆུང་བདེ་ལྡན་ཡང་རྩེར་བཞུགས་ཡོད་པ་ནས་ཕྱོགས་འདིར་བདེ་སྐྱིད་འབྱུང་བའི་ཐུགས་བསམ་ཆེད་བཞེས་ཀྱི་སྒོ་ནས་ཞེས་པ་ལྟར་ན། བླ་བྲང་དེ་མ་མཐའ་ཡང་དམུ་ལི་རྒྱལ་པོ་སྐུ་རབས་བཞི་པ་ཚུལ་ཁྲིམས་བཟང་པོའི་ཡན་ལ་བཞེངས་གྲུབ་ཟིན་པ་དང་། མིང་ལ་ཁམས་གསུམ་ཟིལ་གནོན་ཟེར་ལ། བླ་དཔོན་གྱི་གཟིམ་ཆུང་ལ་བདེ་ལྡན་ཡང་རྩེ་ཟེར་བ་གསལ་པོར་ཤེས་ཐུབ། མི་སེར་རྣམས་མངའ་འོག་ཏུ་བསྡུས་ཏེ་ཅི་གསུངས་བཀའ་ལ་ཉན་པའི་ཆེད་དུ། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཞེས་པ་ལྟར་དམུ་ལིའི་རྒྱལ་པོའི་བཀའ་ཁྲིམས་ཀྱང་ཧ་ཅང་བཙན་པོ་ཡིན་པ་བཤད་མ་དགོས་མོད། ཡིག་ཆ་རྣམས་ལས་ཞིབ་ཕྲ་ཤེས་ཐབས་མི་འདུག །རེད་དེ། ལུའོ་ཁེ་དམུ་ལི་ལ་ཡོང་དུས་ཉིན་ཞིག་ལ། ཁོང་དབྱིས་རིགས་ཕ་བུ་གཉིས་དང་བོད་པའི་བླ་མ་ཞིག་བཙོན་དུ་ལྷུང་ཡོད་པ་དང་ཐུག །དེ་གསུམ་གྱི་སྐེ་ལ་རྒྱ་མ་བདུན་ཙམ་ཡོད་པའི་ཤིང་སྒྲོམ་བསྐོན་ཡོད་པས་མགོ་ཡར་བཀྱག་མི་ཐུབ་པ་དང་། སྣེ་ཁྲིད་མཁན་གྱིས་དབྱུག་པ་ཞིག་གིས་བཙོན་པ་དེ་ཚོའི་ངོ་གདོང་བཀབ་ནས་ཡོད་པའི་སྐྲ་ཡར་བཀྱགས་དུས། ནག་དྲེག་ཆགས་པའི་ངོ་གདོང་ཐོག་ལ་མིག་གཉིས་ཀ་ཀོང་བུར་ལྷུང་ཡོད་ལ། ཉིན་ཧྲིལ་པོར་རྩམ་སྐྱ་དང་ཆུ་འཁྱག་གི་ཟས་ཐུན་གཉིས་ཙམ་ལས་མེད་པས་ཤ་མེད་རུས་སྐམ་འཇིགས་སུ་རུང་བ་དང་། ཉིན་མཚན་གཉིས་ལ་རང་ཉིད་ཀྱི་གཅིན་སྐྱག་ཐོག་འདུག་པ་ལས་འགྲོ་འདུག་བྱེད་མི་ཐུབ་པའི་གནས་ཚུལ་མཐོང་དུས་སེམས་ཀྱིས་མ་བཟོད་ཚུལ་བྲིས་ཡོད་པ་བཅས་ལས། སྐབས་དེ་དུས་ཀྱི་རྒྱལ་ཁྲིམས་ཧ་ཅང་བཙན་པོ་ཡིན་པ་ཟུར་བསྟན་ལེབ་མཐོང་རེད།

        བླ་བྲང་གི་མཁར་ཤུལ་གྱི་གཡས་སུ་རིགས་གསུམ་མགོན་པོའི་རྡོ་བརྐོས་རྙིང་པ་རྒྱ་ཆེ་བ་ཞིག་སྣང་། དེའི་ཕར་ཕྱོགས་ཀྱི་ལུང་པ་ལས་གངས་ཆུ་གཙང་མ་ཞིག་བཞུར་ཏེ་ཤིང་སྡོང་ཆེན་པོ་ཞིག་གི་རྩར་རྫིང་བུར་འཁྱིལ་བ་དང་། ཚེ་ཐར་བཏང་བའི་བྱ་གག་མང་པོས་རྫིང་བུ་ནང་རྩེད་མོ་བརྩེས་པ་བཅས་ནི་ཧ་ཅང་ཉམས་དགའ་ལ་སེམས་འཕྲོག་པ་ཞིག་རེད། ལམ་སྣེ་ཁྲིད་མཁན་ཨ་ཁུ་བསམ་གྲུབ་ཀྱིས་དགོན་པའི་གཡོན་ཕྱོགས་ཀྱི་ནགས་ཚལ་ནང་རི་ཁྲོད་ཅིག་ཀྱང་ཡོད་ཟེར་བས་དགོན་པའི་གྲྭ་པ་ཞིག་གི་རྗེས་སུ་འབྲངས་ཏེ་མཇལ་དུ་སོང་། ལམ་བར་དུ་སྟག་མའི་མེ་ཏོག་དཀར་པོ་དང་དམར་པོ་སོགས་ཕྲ་ལམ་མེར་བཞད་ཡོད་པ་དང་། རྩི་ཤིང་གི་རིགས་སྣ་མ་སྣ་ཚོགས་ཀྱང་སྐྱེས་འདུག །ལུའོ་ཁེ་ཡིས་དེ་དག་གི་དངོས་དཔེའམ་རྩ་བ་མང་པོ་ཕྱི་རྒྱལ་ལ་ཁྱེར་སོང་བར་གྲགས། མ་གཞིར་རང་ས་རང་ཡུལ་དུ་སྐྱེས་པའི་རྩ་རྩི་ཤིང་དང་མེ་ཏོག་རྣམས་ལ་ཆ་རྒྱུས་ཡོད་དགོས་མོད། འཇིག་རྟེན་འཁོར་བ་ནང་འཚོ་བ་ཙམ་ལས་འཚོ་བའི་ནང་གི་རྒྱུན་ཤེས་ལ་མཐོང་ཆེན་མི་བྱེད་པའི་བོད་མི་ང་དང་ང་འདྲ་བ་ཚོས་སྐྱེས་དངོས་དེ་དག་གི་མིང་ཙམ་ཡང་ཤེས་བཞིན་མི་འདུག
        ནགས་ཚལ་སྟུག་པོའི་དཀྱིལ་དུ་སྤང་ལེབ་ཅིག་འདུག །དེའི་འོག་ལ་རྡོ་འབུམ་རིང་པོ་ཞིག་གིས་མཐའ་རུ་བསྐོར་བ་དང་། རྡོ་བརྐོས་ཀྱི་རི་མོ་དང་གཟུངས་སྔགས་རྣམས་ལས་མང་ཤོས་ད་དུང་མངོན་དུ་གསལ་ཡང་ཉུང་ངུ་ཞིག་ཟད་དེ་མག་མོག་ཏུ་གྱུར་ཚར། ཁྱད་པར་དུ་ས་ཆ་གཞན་ན་མཐོང་དཀའ་བ་ཞིག་ནི་རྡོ་ལེབ་གཅིག་གི་ཐོག་ལ་མ་ཎི་ཡིག་དྲུག་གི་འབྲུ་རེ་བརྐོས་པ་འགའ་མཇལ་བྱུང་། རྡོ་འབུམ་གྱིས་ལྕགས་ར་བསྐོར་བའི་ཐོག་ལ་ཁང་ཤུལ་ཞིག་སྣང་། ཕལ་ཆེར་ཐོག་བརྩེགས་གསུམ་ཙམ་གྱི་ཚད་རེད། རྩིག་པའི་ཟུར་ལ་འགྲམ་ཀ་ལས་སྦོམ་པའི་ཤིང་སྡོང་མང་པོ་སྐྱེས་འདུག །དགོན་པའི་གྲྭ་པ་ཚོས་རི་ཁྲོད་རེད་ཅེས་པ་ཙམ་ལས་དེ་མིན་ལོ་རྒྱུས་ཤེས་ཀྱིན་མི་འདུག་མོད། ཕྱིའི་རྡོ་འབུམ་གྱི་རིང་ཐུང་དང་ནང་གི་ཁང་ཤུལ་གྱི་ཆེ་ཆུང་བཅས་ལ་བལྟས་ན་སྒོམ་སྒྲུབ་བྱེད་སའི་རི་ཁྲོད་ཙམ་མ་ཡིན་པར་དམུ་ལི་རྒྱལ་པོའི་སྐབས་ཀྱི་འཆད་ཉན་སྤེལ་སའི་གནས་མཆོག་ཅིག་ཡིན་ངེས་རེད། 《མུ་ལི་ཆོས་འབྱུང་།》ནང་ས་བྱ་ལོར་མཁན་རིན་པོ་ཆེ་བློ་བཟང་མཐུ་སྟོབས་ཀྱིས་དམུ་ལིའི་འདུ་ཁང་ཆེན་པོ་གསར་སྐྲུན་བྱས་པ་དང་དུས་མཉམ་དུ་ཝ་ཤེར་རི་ཁྲོད་བསམ་གཏན་ཆོས་འཁོར་གླིང་གསར་བཟོའི་དབུ་བཙུགས་ཞེས་པ་ལ་གཞིགས་ན། རི་ཁྲོད་དེ་ནི་དམུ་ལིའི་བླ་དཔོན་སྐུ་རབས་དྲུག་པ་བློ་བཟང་མཐུ་སྟོབས་ཀྱི་དུས་སུ་བཞེངས་པ་དང་། མིང་ལ་བསམ་གཏན་ཆོས་འཁོར་གླིང་ཟེར་ཞིང་། དུས་དེ་ནས་བཟུང་རི་ཁྲོད་དེར་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་དར་ཡང་། ལོ་ངོ་སུམ་བརྒྱ་ཙམ་འདས་པའི་རྗེས་སུ་ང་ཚོའི་མིག་ལམ་དུ་མངོན་པ་ནི། དམུ་ལི་རྒྱལ་རབས་ཀྱི་དར་རྒུད་རུམ་སྟེ་དུས་ཀྱིས་ཉམས་བཞིན་པའི་གྱང་རོ་དང་། ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་ལྐོག་ཏུ་ཚུད་པའི་མ་ཎི་རྡོ་འབུམ་ལས་ཅི་ཡང་ལྷག་མི་འདུགལོ་རྒྱུས་ལ་ཞིབ་གལ་ཆེ་ཞེས་པ་ལྟར། ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་ཀྱི་དོན་དུ་མ་ཡིན་པར་ང་ཚོའི་དོན་དུ་ཡིན་ལ། ལོ་རྒྱུས་ཀྱི་རྗེས་ཤུལ་འཚོལ་བ་ནི་ང་ཚོའི་དར་རྒུད་ཀྱི་རྒྱུ་རྐྱེན་འཚོལ་བ་ཡིན།ཉིན་དེར་གསར་དུ་བཞེངས་པའི་དགོན་པ་དང་། དེ་སྔོན་གྱི་བླ་བྲང་དང་རི་ཁྲོད་ཀྱི་མཁར་ཤུལ་མཇལ་ཚར་རྗེས། དགོང་མོར་དགོན་པའི་ཇ་ཁང་ནང་གྲྭ་བཙུན་རྣམས་དང་ཡུན་རིང་པོར་ཁ་བརྡ་བྱས་པ་ལས། དམུ་ལི་རྫོང་ཁོངས་ཀྱི་བོད་རིགས་ནང་ཁུལ་དུའང་ཡུལ་སྐད་མི་འདྲ་བ་བཞི་ཙམ་ཡོད་ཚུལ་བཅས་ལ་ཆ་རྒྱུས་རགས་རིམ་ཙམ་ལོན་པ་རྣམས་དམུ་ལིའི་ཡུལ་སྐད་ཅེས་པ་ནང་བཤད་རྒྱུ་ཡིན།
ཁ ཁེ་འོང་དགོན་པ།
        ཕྱི་ཉིན་སྔ་མོ་ནས་ལངས་ཏེ་ཁ་སང་ཡར་འོང་སའི་ལམ་ལས་བབས་ཏེ་ཁེ་འོང་དགོན་པའི་ཕྱོགས་སུ་སོང་། རྫོང་དང་སྤྱི་ལེ་སུམ་ཅུ་ཙམ་རྒྱང་བའི་འབུམ་ཆུང་ཞེས་པའི་སར་སླེབས་དུས། གཞུང་ལམ་གྱི་ལྟག་ན་རི་སྐེད་དུ་བསྲིངས་པའི་ལམ་ཞིག་ཡོད་པ་དེར་སོང་སྟེ་ལ་ཞིག་བརྒྱབ་རྗེས། ལུང་པ་ནང་ཡུན་རིང་འགྲོ་མ་དགོས་པར་ཁེ་འོང་དགོན་པ་ཆགས་སའི་འབྲོག་ས་དེ་ན་སླེབས། སྟོད་ནས་ཐུར་དུ་རྒྱུག་པའི་རི་རྒྱུད་ཅིག་གི་གཡས་ཕྱོགས་སུ་སྒོ་ཆེན་ཞིག་བཞེངས་ཡོད་པ་དང་། དེའི་ངོས་ཤིག་ན་ཁམས་བདེ་བ་ཅན་བསོད་ནམས་དར་རྒྱས་གླིང་ཞེས་བྲིས་འདུག །རི་དེའི་གཡས་གཡོན་གྱི་ལུང་པ་ནས་གངས་ཆུ་བཞུར་ཏེ་མདུན་དུ་འདུས་པ་དང་། ཕྱོགས་བཞིའི་རི་བོ་རྣམས་ནི་དགོན་པའི་ཕྱོགས་སུ་ཁ་འཁོར་ཏེ་ཆོས་གྲྭར་ཞུགས་པའི་རྒྱལ་སྲས་རྣམས་དང་འདྲ་བས་བོད་ཀྱི་ས་དཔྱད་རིག་པ་ནང་དུ། རྒྱབ་རི་མཐོ་ཞིང་མདུན་རི་གུས། །གཡས་གཡོན་ཆུ་གཉིས་མདུན་དུ་འདུས། །མདུན་དུ་ཆུ་ཤིང་ན་བ་རྒྱས། །དེ་འདྲའི་ཕྱོགས་དེར་ས་འཚོལ་བྱ། །ཞེས་པ་ལྟར་ཁེ་འོང་དགོན་པ་ཆགས་ས་ནི་ཉམས་དགའ་ལ་བག་བྲོ་བ་ཞིག་རེད། དམུ་ལི་གསེར་གྱི་རྒྱལ་པོ་ཞེས་པ་ལྟར་ས་ཆ་འདི་ནི་གསེར་གྱི་འབྱུང་ཁུངས་ཡག་ཤོས་དེ་ཡིན་པས། དམུ་ལི་རྒྱལ་པོས་གསེར་ཡོད་ས་རྣམས་རྡོ་ལེབ་ཀྱིས་བཀབ་བཅུག་མྱོང་བ་དང་། དེ་སྔོན་ས་འོག་ནས་གསེར་རྒྱ་མ་ཉི་ཤུ་ཙམ་ཞིག་བུད་མྱོང་བ་དེ་ད་ལྟར་དབྱིན་ཇི་རྒྱལ་ཁབ་ཀྱི་བཤམས་སྟོན་ཁང་ནང་ཉར་ཚགས་བྱེད་ཡོད་རེད་ཟེར།
        དེ་ཡང་ཞྭ་སེར་བསྟན་པ་སྤེལ་བའི་ཆེད་དུ་ཝ་ཤེར་གྱི་རི་སྐེད་དུ་ལྷ་སྟེང་དགོན་པ་བཞེངས་ཀྱང་།སྐབས་དེ་དུས་འཇང་ས་དམ་རྒྱལ་པོས་བཀའ་བརྒྱུད་པའི་ལུགས་ལ་དད་བཀུར་བྱས་ཏེ། དམུ་ལིའི་ཕྱོགས་ལ་ཞྭ་སེར་བསྟན་པའི་དགོན་སྡེ་ཆགས་ཤིང་འཕེལ་བར་འགལ་རྐྱེན་མི་ཉུང་བ་བཟོས་པས། དམུ་ལིའི་ས་ཕྱོགས་ཀུན་གྱི་ཡུལ་མི་རྣམས་རི་བོ་དགེ་ལྡན་པའི་ལྟ་གྲུབ་ཀྱིས་དབང་དུ་བསྒྱུར་བའི་ཆེད་དུ། བླ་མ་གནས་བརྟན་ཚུལ་ཁྲིམས་བཟང་པོས་སྤྱི་ལོ་1604ལོར་གནས་འདིར་ཁེ་འོང་དགོན་པ་ཕྱག་བཏབ་པ་དང་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། དེའི་རྗེས་ལ་གུ་ཤྲཱི་བསྟན་འཛིན་གྱིས་ཁམས་ཀྱི་བེ་རི་རྒྱལ་པོ་དང་ཡུན་ནན་གྱི་འཇང་ས་དམ་རྒྱལ་པོ་དྲག་པོས་འདུལ་བའི་སྐབས་དང་བསྟུན་ནས། དམུ་ལིའི་སྐུ་ཚབ་བླ་མ་བསམ་གཏན་བཟང་པོ་ལྷ་སར་ཕེབས་ཏེ་རྒྱལ་དབང་ལྔ་པ་ལ་འཇང་ས་དམ་རྒྱལ་པོས་ཞྭ་སེར་བསྟན་པ་ཆགས་སུ་མ་བཅུག་པའི་གནས་ཚུལ་ཞུས། རྒྱལ་དབང་རིན་པོ་ཆེའི་ཞལ་སྔ་ནས་ཞི་དྲག་ཐབས་ཀྱིས་དེ་དག་འདུལ་དགོས་པའི་བཀའ་གསུང་གནངས་པས། མངོན་ལྐོག་གཉིས་ནས་ཐབས་དང་བཀོད་པས་ཞྭ་སེར་བསྟན་པ་དམུ་ལིའི་ཕྱོགས་ལ་གཞི་ཚུགས་པར་སྣང་།
        སྐབས་དེ་དུས་ཀྱི་ཁེ་འོང་དགོན་པའི་རྒྱ་ཁྱོན་ལ་སྨི་བརྒྱ་ཙམ་དང་། འདུ་ཁང་དང་གྲྭ་ཤག་ཁྱོན་བསྡོམས་སུམ་བརྒྱ་ལྷག་ཙམ་ཡོད་ལ། འདུ་ཁང་ནང་ཀ་བ་སྦོམ་པོ་བརྒྱད་ཅུ་དང་ཀ་རིང་དྲུག་ཡོད་པས་གྲྭ་བཙུན་ལྔ་བརྒྱ་ལྷག་ཤོང་བར་གྲགས་ཀྱང་། རིག་གནས་གསར་བརྗེ་ཆེན་པོའི་དུས་སུ་གཏོར་བརླག་ཐེབས་པས་སྤྱི་ལོ1991ལོར་བསྐྱར་གསོ་བྱེད་འགོ་ཚུགས་ཏེ་ད་ལྟའི་རྣམ་པ་འདི་གྲུབ་པ་རེད་འདུག དགོན་པའི་འདུ་ཁང་གི་ཐོག་བརྩེགས་གཉིས་པའི་གྱང་ངོས་སུ་གནའ་དེང་གཉིས་ཀྱི་དགོན་པའི་ཆགས་ཚུལ་གྱི་རི་མོ་ཡོད་པ་ལ་བལྟས་ན་ད་ལྟ་ཡིས་སྔོན་མའི་སུམ་ཆ་གཉིས་ཙམ་ལས་ཟིན་མི་འདུག 《མུ་ལི་ཆོས་འབྱུང་།》ལས་གསལ་བ་ལྟར་ན་སྤྱི་ལོ་1664ལོར་ཁེ་འོང་བདེ་བ་ཅན་དུ་ཀ་བ་ཉི་ཤུ་ཅན་གྱི་གཙུག་ལག་ཁང་བཞེངས་འགོ་ཚུགས་ཏེ་ལོ་གཉིས་ཀྱི་རྗེས་སུ་ལེགས་པར་གྲུབ་པ་དང་། སྤྱི་ལོ་1678ལོར་ཁེ་འོང་དགོན་པའི་འདུ་ཁང་འོག་མའི་གོང་དུ་ཀ་བ་བཅུ་དྲུག་ཅན་གྱི་གཙུག་ལག་ཁང་བཞེངས་པས་མ་ཚད། གསེར་དངུལ་ལས་བརྡུངས་པའི་མཆོད་རྫས་མང་པོ་བཞེངས་ཚུལ་བཅས་ལས་སྐབས་དེ་དུས་ཀྱི་ཁེ་འོང་དགོན་པའི་གཟི་རྔམ་ཤེས་ཐུབ།

        ང་རང་འདུ་ཁང་ལས་མར་བུད་དུས་སྒོ་ཆེན་གྱི་གཡས་གཡོན་གཉིས་ལ་དགོན་པའི་ཇ་སྐོལ་སྤྱད་ཚོགས་ཁྲོ་ཆེན་པོ་རེ་བཞག་ཡོད་པ་མཐོང་། གཡོན་ཕྱོགས་སུ་ཡོད་པ་དེའི་ཁ་ན་བཀྲ་ཤིས་བདེ་ལེགས་ཤོག་ཅེས་བོད་ཡིག་ཀྱང་བྲིས་འདུག །《མུ་ལི་ཆོས་འབྱུང་།》ནང་སྤྱི་ལོ་1677ལོར་མུ་ལིར་ཚོགས་ཁྲོ་ཆེ་ཆུང་གསུམ་བླུགས་པ་གཅིག་ཁེ་འོང་དུ་བཞག་ཅེས་གསུངས་འདུག་པ་དང་། དེ་ནི་གྲྭ་བཙུན་ཞིག་གིས་གཡས་ཕྱོགས་དེ་ནི་ལྕགས་དང་གཡོན་ཕྱོགས་དེ་ནི་ཟངས་ལས་བླུགས་པ་རེད་ཟེར་བ་ལ་བལྟས་ན་ཁེ་འོང་དུ་བཞག་པ་ནི་གཡོན་ཕྱོགས་དེ་མིན་ནམ་སྙམ།

        ལྷ་སྟེང་དགོན་པའི་འགྲམ་ལ་བླ་བྲང་ཡོད་པ་ལྟར་ཁེ་འོང་དགོན་པའི་རྒྱབ་ངོས་སུའང་དམུ་ལི་རྒྱལ་པོའི་མཁར་ཤུལ་ཞིག་འདུག །དགོན་པ་འདི་རྫོང་དང་ཐག་ཉེ་བས་ལྷ་སྟེང་དགོན་པ་དང་མི་འདྲ་བར་མཆོད་མཇལ་པ་དང་ཡུལ་སྐོར་བ་ཧ་ཅང་མང་མོད། ཚང་མས་དགོན་པ་བསྐོར་བ་ལས་མཁར་ཤུལ་གྱི་ཕྱོགས་སུ་འགྲོ་མཁན་གཅིག་ཀྱང་རིག་མ་བྱུང་། ང་ལ་མཚོན་ན་ལོ་རྒྱུས་ཀྱི་རྗེས་ཤུལ་ནི་ཡིག་འབྲུ་མེད་པའི་སློབ་དེབ་ཅིག་དང་འདྲ་བས་བསྟོད་སྨད་ཅི་ཡང་བྱེད་མི་དགོས་པར་རིག་པ་འཚོལ་བའི་ལམ་དུ་རྒྱལ་དུས་དྲན་གསོ་དང་ཕམ་དུས་སྐུལ་སློང་གནང་བཞིན་ཡོད་པས། དགོན་པའི་གྲྭ་པ་ཞིག་ལ་དེའི་སྐོར་གྱི་གནས་ཚུལ་དྲིས་མོད། རྒྱལ་པོ་བཞུགས་སའི་བླ་བྲང་གི་ཤུལ་རེད་ཟེར་བ་ཙམ་ལས་དེ་མིན་ཅི་ཡང་བཤད་རྒྱུ་མི་འདུག ང་དགོན་པའི་རྒྱབ་རི་ལ་འཛེགས་ཏེ་མཁར་ཤུལ་དེའི་འགྲམ་དུ་བཅར་ནས་བལྟས་དུས། ལྷ་སྟེང་དགོན་པའི་བླ་བྲང་གི་མཁར་ཤུལ་ལྟར་རྒྱ་མི་ཆེ་མོད། རྒྱབ་ལ་ལྷ་བསང་གཏོང་སའི་ལ་བཙས་དང་བསང་སྒམ་ཡོད་ལ། ཀྲོང་ངེར་འགྱིང་པའི་ཕྱིའི་རྩིག་པ་དང་། ནང་གི་གྱང་རོ་བཅས་ལས་བླ་བྲང་འདིའི་འཛུགས་སྐྲུན་བྱེད་སྟངས་དང་སྤྱོད་སྒོ་བཅས་ནི་ལྷ་སྟེང་དགོན་པའི་བླ་བྲང་དང་འདྲ་མོ་ཡིན་ཚུལ་ཤེས་ཐུབ། ལྷ་སྟེང་དགོན་པའི་བླ་བྲང་ལ་ཁམས་གསུམ་ཟིལ་གནོན་ཞེས་མིང་སྙན་མོ་ཞིག་ཡོད་པ་ལྟར་འདི་ལའང་མིང་ཞིག་ཡོད་དགོས་མོད། མི་སུ་ལ་དྲིས་ཀྱང་ཤེས་ཀྱིན་མི་འདུག་ལ། 《མུ་ལི་ཆོས་འབྱུང་།》ཡང་ནས་བསྐྱར་དུ་བཀླགས་ནས་བཙལ་ཡང་བླ་དཔོན་བསམ་གཏན་བཟང་པོ་བཞུགས་རིང་སྤྱི་ལོ་1679ལོའི་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་ཁེ་འོང་བླ་བྲང་གསར་པ་རྒྱག་པའི་འགོ་ཚུགས་པ་དང་། ཕྱི་ལོའི་ཟླ་བ་4པར་བླ་བྲང་རྫོགས་པར་གྲུབ་ཅེས་པ་ཙམ་ལས་མིང་མཐོང་མ་བྱུང་། གང་ལྟར་ལོ་རྒྱུས་ཐོག་ཆོས་སྲིད་ཟུང་འབྲེལ་གྱི་ལྟེ་གནས་ལྟ་བུར་གྱུར་བའི་བླ་བྲང་གི་ནུས་པ་ཤོར་ཏེ་ད་ལྟར་གོ་ཅི་ཡང་མི་ཆོད་མོད། ས་ཆ་མང་པོར་ལོ་རྒྱུས་ཀྱི་བདེན་པ་མཚོན་པའི་རྗེས་ཤུལ་རྣམས་བཤིགས་ཏེ་ཁང་རྡོ་བྱས་པ་ལྟ་བུ་མ་ཡིན་པར་འདི་ན་མཁར་ཤུལ་དེ་རང་སོར་བཞག་ཡོད་པ་དང་། མཁར་ཤུལ་དེ་དགོན་པའི་རྒྱབ་ལོགས་སུ་ཁ་ཆག་སྣ་རལ་གྱིས་འགྱིང་ཚུལ་ལས་ད་རུང་ཡོད་ཚད་བློས་གཏོང་མི་ཕོད་པའི་ཉམས་ཤིག་མངོན་འདུག

ག དམུ་ལི་དགོན་ཆེན།
        ཐེངས་འདིའི་གནས་མཇལ་ལ་ཐོག་དང་པོར་མཇལ་བ་ནི་དམུ་ལི་དགོན་ཆེན་ཡིན་མོད། ཕྱག་བཏབ་པའི་དུས་ཀྱི་སྔ་ཕྱི་ལྟར་དམུ་ལིའི་དགོན་ཆེན་ནི་ཆེས་མཇུག་ལ་ངོ་སྤྲོད་བྱ་རྒྱུ་ཡིན།
        དམུ་ལི་རྫོང་ནས་སྤྱི་ལེ་བརྒྱ་ཙམ་སོང་སྟེ་དཔལ་ཁུལ་ཤང་གི་ས་ཆར་སླེབས་དུས། རི་སྐེད་ནས་བལྟས་ན་གཡུ་འབྲུག་སྔོན་མོ་གྲོག་རོང་དུ་འཁྱུག་པ་ལྟ་བུའི་ལི་ཆུ་སྔོན་མོ་མིག་འོག་ཏུ་ཚུད་ཅིང་། ཕར་གིའི་སྟོད་ཀྱི་རི་བོ་དང་ཞབས་ཀྱི་གྲོང་པ་བཅས་གསལ་པོར་མཐོང་ཐུབ། དེ་ནི་ལུའོ་ཁེ་ཡིས་ཟིན་བྲིས་ནང་དཀོན་མཆོག་གསུམ་སེམས་པ་འཁོར་སའི་སྐྱེད་ཚལ་དང་།ལྷ་དང་ལྷ་མོ་བཞུགས་སའི་གནས་མཆོག །གངས་རིའི་འདབས་ཀྱི་ཆེས་ཡིད་དབང་འཕྲོག་པའི་དགོན་པ་ཞེས་ཆེ་བསྟོད་མཛད་པའི་དམུ་ལི་དགོན་ཆེན་ཆགས་ས་རེད། ཐང་གུར་གྲོང་བརྡལ་ཡོད་སའི་གཞུང་ལམ་གྱི་ལྟག་ཕྱོགས་ནས་ཡུན་རིང་འགྲོ་མ་དགོས་པར་དམུ་ལི་དགོན་ཆེན་གྱི་རྩར་སླེབས། ས་འདིའི་མིང་ལ་ཐར་པ་ཟེར་བ་དང་། རྒྱབ་ལ་རི་བོ་མཐོན་པོ་ཞིག་ཡོད་པ་དེ་ནི་གཞི་བདག་སྟེ་མིང་ལ་དམུ་རྩེ་སྐས་ཞེས་འབོད་ཀྱིན་འདུག །རྒྱལ་པོ་སྐྱིལ་ཀྲུང་དུ་བཞུགས་པ་ལྟ་བུའི་རི་བོ་དེའི་ཕང་བར་དམུ་ལི་དགོན་ཆེན་ཆགས་ཡོད་པ་དེའང་བོད་ཀྱི་ས་དཔྱད་རིག་པ་ལས། རྒྱབ་ཀྱི་རི་བོ་མཐོ་ན་བཟང་། །མདུན་དུ་ཆུ་རྒྱུན་ཡོད་ན་བཟང་། །ཝརྩི་ཤིང་ནགས་ཚལ་ཚང་ན་བཟང་། །གཡས་ན་རི་བྲག་ཡོད་ན་བཟང་། །ཞེས་པ་དང་། རྒྱ་ཡི་ས་དཔྱད་ཀྱི་གཞུང་ལས། ཤར་གཡུ་འབྲུག་སྔོན་མོ་དང་བྱང་རུས་སྦལ་སེར་པོ། ནུབ་སྟག་སྐྱ་བོ་དང་ལྷོ་བྱ་དམར་པོ་ཞེས་པ་ལྟར། དགོན་ས་དེ་ལ་གནས་ཁྱད་པར་ཅན་གྱི་ཡོན་ཏན་ཚང་འདུག་པས་ཞྭ་སེར་བསྟན་པ་དམུ་ལིའི་ཕྱོགས་བཞིར་དར་བ་དང་མི་སེར་ཚང་མར་དབང་བསྒྱུར་བདེ་བའི་ཆེད་དུ་ལྷ་སྟེང་དགོན་པ་དང་ཁེ་འོང་དགོན་པའི་རྗེས་ལ། བླ་དཔོན་བསམ་གཏན་བཟང་པོས་སྤྱི་ལོ་1656ལོར་དགོན་པ་འདི་ཕྱག་བཏབ་སྟེ་མཚན་ལ་དགའ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་ཞེས་གསོལ། ཡོངས་གྲགས་སུ་དམུ་ལི་དགོན་ཆེན་ཞེས་འབོད། དེ་ཡང་གོང་དུ་བཤད་པ་ལྟར་ས་འདི་ནི་དམུ་ལིའི་ལྟེ་གནས་ལྟ་བུ་ཡིན་ལ་གནའ་དུས་ཀྱི་ཆོས་ལུགས་ཀྱང་བོད་སྤྱིའི་ལུགས་ལྟར་བོན་པོ་ཡིན་ངེས་པས། རྒྱབ་ཀྱི་གཞི་བདག་དམུ་རྩེ་སྐས་དང་མདུན་གྱི་ལི་ཆུ་གཉིས་ཀྱི་མིང་བསྡུས་ནས་དམུ་ལི་ཞེས་ས་མིང་ཆགས་པ་དང་དགོན་པ་ཆགས་པ་ནས་བཟུང་ས་མིང་དེ་དགོན་མིང་ལ་ཐོགས་པ་ཞིག་མིན་ནམ་སྙམ།
        ད་ལྟར་ང་ཚོས་མཐོང་ཐུབ་པ་ནི་འདུ་ཁང་དང་རྒྱལ་བ་བྱམས་པའི་བཞུགས་ཁང་། དམུ་ལི་སྐྱབས་མགོན་སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་དཔལ་ལྡན་རྒྱ་མཚོས་བཞེངས་པའི་མཚན་ཉིད་གྲྭ་ཚང་སོགས་ལས། ལྷ་སྟེང་དང་ཁེ་འོང་དགོན་པ་ལ་ཡོད་པ་ལྟར་འདི་ན་དམུ་ལི་རྒྱལ་པོའི་བླ་བྲང་གི་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག་མོད། 《མུ་ལི་ཆོས་འབྱུང་།》ནང་མུ་ལི་བླ་བྲང་རྣམ་ཐར་རྒྱལ་བའི་ཁང་བཟང་གི་ཡང་རྩེར། འཇམ་དབྱངས་མིའི་གར་མཁན་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞབས་པད་དུ་ཞེས་བཀོད་ཡོད་པ་ལ་བལྟས་ན། རྣམ་ཐར་རྒྱལ་བའི་ཁང་བཟང་ཞེས་པའི་བླ་བྲང་ཞིག་ཡོད་མྱོང་བ་གཏན་འཁེལ་རེད། དུས་ཀྱི་འཕོ་འགྱུར་ནང་དགོན་པ་འདི་ལའང་གཏོར་བཤིག་ཐེབས་ཡོད་ངེས་པས་སྔོན་མའི་གནས་ཚུལ་ཞིབ་ཕྲ་རྣམས་ཤེས་དཀའ་མོད། 《མུ་ལི་ཆོས་འབྱུང་།》ལས་སྤྱི་ལོ་1661ལོར་དགའ་ལྡན་བཤད་སྒྲུབ་རྣམ་རྒྱལ་གླིང་གི་གཙུག་ལག་ཁང་ཀ་བ་ཉི་ཤུ་བགྱིས་པར་ཇོ་ཤག་མགོན་ཁང་དང་བཅས་པ་སྐྲུན་ཞེས་པ་དང་། སྤྱི་ལོ་1691ལོའི་ཟླ་བ་ལྔ་པར་དམུ་ལིའི་དགོན་ཆེན་གྱི་ལྡེབས་རིས་ཀྱི་དབུ་བཙུགས་ཏེ་ཟླ་བ་བདུན་པའི་ནང་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ལ་འགྲན་དུ་བཟོད་པ་ཞིག་གྲུབ་རྗེས་རབ་གནས་བླ་ན་མེད་པ་མཛད་པ་སོགས་མང་དུ་གསུངས་ཡོད་པ་ལས་སྐབས་དེ་དུས་ཀྱི་གནས་ཚུལ་རགས་རིམ་ཙམ་ཤེས་ཐུབ་པ་ཞིག་རེད།
        ཁྱད་པར་དུ་རྒྱལ་བ་བྱམས་པའི་ལྷ་ཁང་ནང་མཐོ་ཚད་ལ་རྨིས་26.73ཡོད་པའི་བྱམས་པའི་སྐུ་ཞིག་བཞུགས་ཡོད་པ་དེ། མ་གཞིར་དམུ་ལི་སྐྱབས་མགོན་སྐུ་ཕྲེང་གསུམ་པ་ངག་དབང་དཀོན་མཆོག་དང་དམུ་ལི་རྒྱལ་པོ་ཚུལ་ཁྲིམས་བཟང་པོ་གཉིས་ཀྱིས་སྤྱི་ལོ་1711ནས་1713བར་ལ་བཞེངས་པ་ཡིན་མོད། རིག་གསར་གྱི་སྐབས་སུ་གཏོར་བཤིག་ཚབས་ཆེན་ཐེབས་པས་ད་ལྟར་མཇལ་དུ་ཡོད་པ་དེ་ནི་རྗེས་སུ་སྔོན་མའི་རྣམ་པ་ལྟར་གསར་དུ་བཞེངས་པ་ཞིག་རེད་འདུག །དེ་ཡང་དགོན་པའི་འདུ་ཁང་གི་འོག་ལ་ཁང་རྙིང་གི་ཤུལ་ཞིག་ཡོད་པ་དེ་ནི་དེ་སྔོན་རྒྱལ་བ་བྱམས་པའི་ལྷ་ཁང་རེད་ཟེར། ཐོག་བརྩེགས་གཉིས་པའི་སྐར་ཁུང་ཐོག་གི་རྩིག་པ་རྣམས་ཕལ་ཆེར་ཞིག་ཚར་འདུག་ལ། ཐོག་བརྩེགས་དང་པོའི་གྱང་ངོས་སུ་ལྡེབས་རིས་ཀྱི་ཤུལ་ལྟ་བུའི་རི་མོ་མག་མོག་ཙམ་ལས་མཐོང་མི་ཐུབ་པ་དང་། ས་ཐོག་ཏུ་བཀྲ་ཤིས་རྟགས་བརྒྱད་ལྟ་བུའི་རི་མོ་བརྐོས་ཡོད་པའི་རྡོ་ཆག་རོ་ཞིག་ཡོད་པ་ནི་སྐབས་དེ་དུས་ཀྱི་རྩིག་རྡོ་ཡིན་སྲིད། དེ་མིན་ཀ་བ་བཙུགས་པའི་ཤུལ་མ་གཏོགས་ལོ་རྒྱུས་རིག་གནས་ཀྱི་རྟགས་མཚན་མཐོང་མ་བྱུང་། དགོན་པའི་ཨ་ཁུ་པད་མ་བཀྲ་ཤིས་ཀྱིས་བཤད་པ་ལྟར་ན། སྔོན་མར་འདིའི་ནང་རྒྱལ་བ་བྱམས་པའི་སྐུ་ཆེན་པོ་ཞིག་བཞེངས་ཡོད་མོད་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་རྩ་མེད་དུ་སོང་། རྗེས་སུ་དགོན་པའི་རྒྱབ་ཀྱི་བྲག་སྲུབས་ལས་དེ་སྔོན་གྱི་རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་མཐེ་བོང་གི་རྩེ་མོ་ཚངས་ཐིག་ལ་ལི་སྨི་25དང་། རིང་ཚད་ལ་ལི་སྨི་37 ལྗིད་ཚད་ལ་སྤྱི་རྒྱ་3.5ཡོད་པ་ཞིག་རྙེད་པས་རྗེས་སུ་ཚན་རིག་ལག་རྩལ་གྱིས་དེའི་ཚད་ལ་བརྟགས་ནས་ད་ལྟའི་བྱམས་པའི་སྐུ་ཆེན་པོ་འདི་བཞེངས་པ་རེད་ཟེར།
        《མུ་ལི་ཆོས་འབྱུང་།》ནང་བཀོད་པ་ལྟར་ན། སྤྱི་ལོ་1711ལོར་དམུ་ལི་སྐྱབས་མགོན་སྐུ་རབས་གཉིས་པ་འཇམ་དབྱངས་བཟང་པོའི་ཡང་སྲིད་ངག་དབང་དཀོན་མཆོག་དང་དམུ་ལི་རྒྱལ་པོ་སྐུ་རབས་བཞི་པ་ཚུལ་ཁྲིམས་བཟང་པོ་གཉིས་ཀྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི་མདོ་སྔགས་ཀྱི་བསྟན་པ་དམུ་ལིའི་ཕྱོགས་ལ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། སྐྱེ་རྒུ་སྤྱི་ལ་ནད་མུག་འཁྲུག་རྩོད་ཉེ་བར་ཞི་བའི་སླད་དུ་རྗེ་བཙུན་བྱམས་པའི་སྐུ་བརྙན་ཐོག་སོར་གསུམ་པ་སྐུ་རྒྱུ་རིན་པོ་ཆེ་གསེར་བཟང་ལས་བཞེངས་པའི་དབུ་བཙུགས་ཏེ། སྤྱི་ལོ་1713ལོར་ཡོངས་སུ་གྲུབ་རྗེས་ལྷ་སར་ཕོ་ཉ་བཏང་སྟེ་གཙང་པཎ་ཆེན་ལ་རྒྱལ་བ་བྱམས་པའི་སྐུ་བརྙན་གྱི་ནང་ཞུགས་གནང་བར་ཞུས་པས། པཎ་ཆེན་གྱིས་ཡང་དག་པ་རྫོགས་པའི་སངས་རྒྱས་བསྐལ་བཟང་རྣམ་འདྲེན་བཞི་པ་ཡན་གྱི་འཕེལ་གདུང་དང་། བྱང་ཆུབ་སེམས་དཔའ་དུ་མའི་སྐུ་རུས་དང་དབུ་སྐྲ། འཕགས་པ་ཉན་རང་དགྲ་བཅོམ་བྱེ་བའི་ན་བཟའ་བྱིན་རྟེན་རིལ་བུ། པཎ་ཆེན་རིན་པོ་ཆེ་ཁོ་རང་གི་ན་བཟའ། དེ་མིན་ཨ་རུ་ར་དང་། ཙན་དན་སྦྲུལ་གྱི་སྙིང་པོ། པདྨ་ར་ག་སོགས་རིན་ཐང་བྲལ་བའི་དངོས་རྗས་མང་པོ་གནང་བར་གྲགས། ཚུལ་དེ་ལས་སྐབས་དེ་དུས་ཞྭ་སེར་བསྟན་པ་དམུ་ལིའི་ཕྱོགས་ལ་དར་ཞིང་རྒྱས་པ་དང་དམུ་ལི་རྒྱལ་པོའི་སྟོབས་འབྱོར་མངའ་ཐང་ལ་འགྲན་ཟླ་བྲལ་བས་མ་ཚད། བོད་ས་གནས་སྲིད་གཞུང་ནས་གཟིགས་སྐྱོང་ཆེན་པོ་གནང་ཚུལ་ཤེས་ཐུབ།
        རྒྱལ་བ་བྱམས་པའི་ལྷ་ཁང་རྙིང་པའི་གཡས་ཕྱོགས་སུ་དེ་སྔོན་གྱི་ལྕགས་རིའི་ཤུལ་དང་། དེའི་འགྲམ་ལ་རྡོ་འབུམ་གྱིས་བསྐོར་བའི་མཆོད་རྟེན་དང་བསང་སྒམ་རྙིང་པ་ཞིག་ཀྱང་སྣང་། བསང་སྒམ་གྱི་འགྲམ་ལ་ཤིང་གི་ཀ་མགོ་རྙིང་པ་གཉིས་བཞག་ཡོད་པ་དེ་ནི་བྱམས་པ་ལྷ་ཁང་རྙིང་པའི་ཡིན་ལ། དེ་སྔོན་གྲོང་མི་ཞིག་གི་ཁྱིམ་ནང་ཡོད་ཀྱང་བགེགས་བར་ཆད་ཀྱི་རྒྱུན་མི་ཆད་པས་ཉར་ཚགས་བྱེད་མ་ཕོད་པར་འདི་ན་བཞག་པ་རེད་ཟེར། དེ་རྒྱལ་བ་བྱམས་པའི་ལྷ་ཁང་རྙིང་པའི་ཡིན་ན་མ་མཐའ་ཡང་ལོ་གཉིས་བརྒྱ་ལྷག་ཙམ་འདས་ཟིན་པས་ལོ་རྒྱུས་ཀྱི་རིག་དངོས་སུ་བརྩི་ཆོག་མོད། ད་བར་སུས་ཀྱང་བདག་པོ་མ་བྱས་པར་གང་དགར་འཕངས་པ་ན། དུས་ནམ་ཞིག་གི་ཚེ་ཉི་ཆར་རླུང་གསུམ་གྱིས་རྗེས་ཤུལ་ཙམ་ཡང་མེད་པར་འགྱུར་ངེས། དེ་མིན་རྡོ་འབུམ་ནང་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བརྐོས་ཡོད་པའི་རྡོ་ལེབ་འགའ་ཡོད་པ་ནི་ས་ཆ་གཞན་ལ་མཐོང་དཀོན་པའི་དམིགས་གསལ་ཅན་ཞིག་རེད།
        སྤྱིར་དམུ་ལི་ཕྱོགས་ལ་དེང་སང་གཙོ་བོ་དགེ་ལུགས་པ་ཡིན་ཡང་། དཔའ་བོ་ཞང﹙སྦ་བོ﹚ནང་སྟེང་ཡངས་དགོན་ཞེས་པའི་ས་སྐྱ་པའི་དགོན་པ་ཆུང་ངུ་ཞིག་ཡོད་པ་ལས། དེ་མིན་གྲུབ་མཐའ་གཞན་གྱི་དགོན་པ་གཅིག་ཀྱང་མེད་ལ། ལོ་རྒྱུས་ནང་རི་བོ་དགེ་ལྡན་པ་ཡི་ལུགས་འཛིན་པའི་ལྷ་སྟེང་དགོན་པ་དང་ཁེ་འོང་དགོན་པ། དམུ་ལི་དགོན་ཆེན་གསུམ་གྱི་འོག་ཏུ་ཚུད་པའི་དགོན་པ་ཆུང་ངུའམ་ལྷ་ཁང་བཅོ་བརྒྱད་ཡོད་མྱོང་ཡང་འགའ་ཞིག་མེད་པར་སོང་བ་དང་། ལ་ལ་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་བསྡུས་པས་དེང་སང་བཅུ་བཞི་མ་གཏོགས་ལྷག་མེད་པ་རེད་ཟེར།
        དུས་ཡུན་རིང་པོར་མངོན་ལྐོག་གཉིས་ནས་ཞི་དྲག་ཟུང་ལྡན་གྱི་ཐབས་དང་བཀོད་པ་ལ་བརྟེན་ནས་དམུ་ལིའི་ས་ཕྱོགས་གསུམ་ལ་སྒྱེད་པུ་ཐབ་རྡོ་རེ་བཙུགས་པ་ལྟར་དགོན་པ་རེ་བཞེངས་ཏེ་ཞྭ་སེར་བསྟན་པ་སྤེལ་བ་དང་། དེས་མ་ཚད་དགོན་པ་མུ་ལྷ་ཁེ་གསུམ་གྱི་འོག་ཏུ་ཚུད་པའི་དགོན་པ་ཆུང་ངུའམ་ལྷ་ཁང་བཅོ་བརྒྱད་བཞེངས་ཏེ་རྒྱལ་པོས་དགོན་པ་དང་། དགོན་པས་ལྷ་ཁང་། ལྷ་ཁང་གིས་མི་སེར་མངའ་འོག་ཏུ་ཚུད་པའི་ལོ་རྒྱུས་ནི་རྙོག་འཛིང་ཆེ་བ་ལྟར་དུ་སྣང་མོད། ལོ་རྒྱུས་ཀྱི་ཁོང་གསེང་ལས་ས་ཚགས་ཀྱིས་ས་རྡོ་བཙགས་པ་ལྟར་བློ་ཞིབ་མོས་བརྟག་ཅིང་དཔྱད་ན་ད་ལྟའི་འགྲོ་འདུག་དང་འབྱུང་འགྱུར་གྱི་ཐར་ལམ་ལ་ཕན་པའི་དོན་གྱི་སྙིང་པོ་རྡོག་རྡོག་ཅིག་ལོན་ངེས་སོ།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1