༄༅།།མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ཐབས་ཇུས།
ཀླུ་རྒྱལ་དོན་གྲུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 05-27
ཀླུ་རྒྱལ་དོན་གྲུབ།
[གནད་བཏུས] དངོས་ལུགས་ནི་རྩིས་ཚན་ཚན་ཁག་ཀུན་གྱི་ཁྲོད་ཅུང་སློབ་དཀའ་ལ་གལ་ཆེ་བའི་རིག་ཚན་ཞིག་ཡིན། དངོས་ལུགས་སློབ་སྦྱོང་གི་བརྒྱུད་རིམ་དུ་བསམ་གཞིག་ནུས་པ་དང་འཚོལ་ཞིབ་བྱེད་སྟངས་དེས། དེང་རབས་གསར་སྐྲུན་ཤེས་ལྡན་མི་སྣའི་སྐྱེད་སྲིང་ཐད་དུ་དོན་སྙིང་གལ་ཆེན་བཏོན། མཐོ་འབྲིང་གི་རིམ་པ་ནི་ཏག་ཏག་དངོས་ལུགས་སྦྱང་བའི་འགག་རྩའི་དུས་ཤིག་ཡིན། དེ་བས་སྤུས་ཚད་ཅུང་མཐོ་བའི་སློབ་ཁྲིད་ཅིག་སྤེལ་ཐུབ་མིན་གྱིས། སློབ་མའི་གསར་སྐྲུན་གྱི་འདུ་ཤེས་གྲུབ་པར་ཐག་གཅོད་རང་བཞིན་གྱི་བྱེད་ནུས་ཐོན་ཡོད། འདིར་མཐོ་འབྲིང་དངོས་ལུགས་གཞིར་བྱས་ཏེ། སློབ་ཁྲིད་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་འགའ་ཆེད་དུ་བཏོན་ཡོད། གནད་དོན་དེ་དག་ལ་གཞིགས་ནས་གཙོ་བོ་དགེ་རྒན་དང་སློབ་མ། སློབ་དེབ་བཅས་ཕྱོགས་གསུམ་གྱི་ངོས་ཐད་ནས་ཐབས་ཇུས་བཏོན་ཏེ། མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་དམིགས་ཡུལ་མངོན་དུ་འགྱུར་རྒྱུ་དེ་གླེང་ཡོད།
[གནད་ཚིག] མཐོ་འབྲིང་དངོས་ལུགས། སློབ་ཁྲིད་སྤུས་ཚད། ཤུགས་རྐྱེན།
ཆ་འཕྲིན་དུས་རབས་ཅན་གྱི་འཕེལ་རྒྱས་དང་བསྟུན་ནས། མིག་སྔར་སྤྱི་ཚོགས་སྟེང་གི་ལས་གནས་ཁྱབ་ཁོངས་ཁག་སོ་སོས་བྱང་ཚད་མཐོ་བའི་གསར་གཏོད་ཅན་གྱི་ཤེས་ལྡན་མི་སྣ་འབོད་སྐུལ་གཏོང་བཞིན་ཡོད། གསར་སྐྲུན་ནི་ཧ་ལམ་དུས་རབས་འདིའི་ཚབ་མིང་ཞིག་ཏུ་གྱུར་འདུག དངོས་ལུགས་ནི་རྩིས་ཚན་གྱི་ཚབ་བྱེད་རིག་ཚན་ཞིག་ཡིན་པའི་ཆ་ནས། དེའི་ཕུན་སུམ་ཚོགས་པའི་ཤེས་བྱའམ་གཏན་ཚིགས་ཚགས་དམ་པའི་ཚན་རིག་གི་བསམ་བློ་དང་བྱེད་ཐབས་ནི། གསར་སྐྲུན་ཤེས་ལྡན་མི་སྣར་ངེས་པར་དུ་ཚང་དགོས་པའི་ཚན་རིག་བྱང་ཚད་ཅིག་ཡིན། དེའི་རྐྱེན་གྱིས་མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་ནི། སློབ་གསོ་བྱ་བའི་ཁྲོད་ཀུན་གྱིས་དོ་སྣང་དང་མཐོང་ཆེན་བྱེད་ཀྱིན་པའི་གནད་དོན་གལ་ཆེན་ཞིག་ཡིན། ཡིག་ཆ་སྣ་མང་ལས་བརྟག་དཔྱད་བྱས་ན། མཐོ་འབྲིང་གི་སློབ་མ་མང་ཆེ་བས་དངོས་ལུགས་སྦྱོང་བའི་བརྒྱུད་རིམ་དུ་རང་ཉིད་ལ་ཡིད་ཆེས་དམན་པ་དང་།ཐ་ན་སློབ་སྦྱོང་ལ་ཞེན་པ་ལོག་པའི་བསམ་ཚུལ་འབྱུང་བཞིན་ཡོད། མི་དགེ་བའི་དྲན་ཚུལ་འདིའི་རིགས་ཀྱིས་དངོས་ལུགས་སློབ་གསོའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་ངེས་རེད། སྣང་ཚུལ་འདི་ལྟ་བུ་འབྱུང་དོན་ནི་གཙོ་བོ་དགེ་རྒན་གྱི་སློབ་ཁྲིད་བྱེད་ཐབས་དང་།སློབ་མས་རང་གི་ངོས་ཐད་ནས་དངོས་ལུགས་རིག་ཚན་འདིར་རྒྱུས་ལོན་གཏིང་ཟབ་མོ་ཞིག་བྱེད་ཐུབ་ཀྱི་མེད་པ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཡིན། དེ་བས་མཐོ་འབྲིང་དངོས་ལུགས་ཀྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་ཐབས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་པར་ཡང་རིན་ཐང་དང་དོན་སྙིང་ངེས་ཅན་ཞིག་ཡོད་ངེས་སོ། །
དང་པོ། མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་ད་ལྟའི་གནས་ཚུལ།
མཐོ་འབྲིང་སློབ་མ་དག་ལ་མཚོན་ན། དངོས་ལུགས་ནི་ཆ་རྒྱུས་མེད་པ་ཞིག་མིན་པར་དམའ་འབྲིང་སྐབས་ནས་བཟུང་སྟེ་དངོས་ལུགས་ལ་འབྲེལ་འདྲིས་བྱེད་བཞིན་ཡོད། སྣང་ཚུལ་མི་ལེགས་པ་ཞིག་ལ། ཐོག་མའི་དུས་ནས་བཟུང་སྟེ་སློབ་མ་རྣམས་ཀྱི་བློ་ངོར་དངོས་ལུགས་ནི་ཧ་ཅང་དཀའ་ཁག་ཆེ་བའི་རིག་ཚན་ཞིག་ཡིན་པའི་སེམས་ཁམས་ཤིག་གྲུབ་ཡོད། སྤྱིར་བཤད་ན་སློབ་མ་ཕན་ཚུན་བར་གྱི་ཤེས་བྱའི་དང་ལེན་ནུས་པ་དང་ཤེས་རྟོགས་ནུས་པ་ནི་སོ་སོ་མི་འདྲ་ལ། དེ་དང་ལྷན་དུ་སོ་སོའི་བསམ་པའི་གོ་རྟོགས་ཀྱང་མི་གཅིག་མོད། འོན་ཀྱང་། དངོས་ལུགས་རིག་ཚན་འདིས་ཅིའི་ཕྱིར་སློབ་མ་དག་ལ་འདི་འདྲའི་བག་ཆགས་གཅིག་པ་ཞིག་སྟེར་བ་ཡིན་ནམ་ཞེ་ན། འདིའི་ཁྲོད་དུ་དངོས་ལུགས་རང་སྟེང་གི་གནད་དོན་ཞིག་གནས་པ་ནི་སྤྱི་མཚན་ཡིན་དྲགས་པ་དང་། སློབ་མས་ཤེས་རྟོགས་དང་གོ་བ་ལེན་དཀའ་བ་དེ་ཡིན། གང་ལྟར་ཀྱང་རྒྱུ་རྐྱེན་མང་ཆེ་ཤོས་ནི་རང་ཉིད་ལ་རག་ལས་ཏེ། མཐོ་འབྲིང་དངོས་ལུགས་དགེ་རྒན་གྱིས་སློབ་མའི་དོན་དངོས་ཆུ་ཚད་ལ་རྒྱུས་ལོན་དང་བསླབ་ཚན་ཚད་གཞི། རྒྱུགས་གཞིའི་རྩ་གནད་བཅས་ཀྱི་ཐད་ལ་ཞིབ་འཇུག་བྱས་པ་མི་འདང་ཞིང་། སློབ་ཁྲིད་ཀྱི་སེམས་ཁམས་ཁོར་ཡུག་སྙོམས་སྒྲིག་ནུས་པ་ཅུང་ཞན་པ་དང་། སློབ་མའི་དགོས་མཁོ་དངོས་ལ་དབྱེ་ཞིབ་བྱས་པ་དཀོན་པའི་སྟེང་མུན་འཐོམས་ཀྱིས་སློབ་ཁྲིད་བྱེད་པ་མ་ཟད། སྣ་གཅིག་གི་སློབ་ཁྲིད་བྱེད་སྟངས་ཀྱིས་སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་སྦྱང་འདོད་ཀྱི་སྤྲོ་བ་མེད་པར་གཏོང་ཉེན་ཆེ། གཞན་མཐོ་འབྲིང་རིམ་པར་མཚོན་ན། སློབ་མའི་ལག་ལེན་ནུས་པའི་སྦྱོང་བརྡར་ནི་ཧ་ཅང་གཙོ་བོ་ཞིག་ཡིན་ལ། ཤེས་བྱ་ཉེར་སྤྱོད་བྱེད་པའི་སེམས་ཁམས་ཀྱི་རྒྱུ་རྐྱེན་གཙོ་བོ་དེའང་ལག་ལེན་ལ་རག་ལས་ཡོད། འོན་ཀྱང་དོན་དངོས་སུ་འདིའི་ཐད་ཀྱི་སློབ་སྦྱོང་ཁོར་ཡུག་དང་དངོས་བཤེར་བསླབ་ཚན་ཤིན་ཏུ་དཀོན་པས། སློབ་མ་རྣམས་ལ་རིག་གནས་ཤེས་བྱ་ཡིད་ལ་འཛིན་རྒྱུ་ལས་དོན་དངོས་འཚོ་བའི་ཁྲོད་ཉེར་སྤྱོད་བྱེད་པའི་སྣང་ཚུལ་ཤིན་ཏུ་དཀོན་པར་སྣང་། དེ་ལྟ་བུའི་སློབ་ཁྲིད་བྱེད་ཐབས་ཀྱིས་སློབ་མ་རྣམས་ཕལ་ཆེར་རིག་ཚན་རང་བཞིན་ཅན་གྱི་རྩིས་ཚན་སློབ་མར་སྐྱེད་སྲིང་བྱས་འདུག དེའི་སྔོན་གྱི་སློབ་ཁྲིད་བཅོས་སྒྱུར་ལས་ང་ཚོར་ཅུང་ལེགས་པའི་ཕན་འབྲས་ཐོབ་ཡོད་རུང་། མིག་སྔར་གྱི་མཐོ་འབྲིང་དངོས་ལུགས་ཀྱི་སློབ་ཁྲིད་ཐད་ད་དུང་མི་ལེགས་པའི་གནས་ཚུལ་རེ་འགའ་གནས་པ་ཡིན།
གཉིས་པ། མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐོན་པའི་རྒྱུ་རྐྱེན།
1.དགེ་རྒན་གྱི་སློབ་ཁྲིད་ནུས་པ་ཞན་པ་དང་སྣ་རྐྱང་རང་བཞིན་གྱི་སློབ་ཁྲིད་བྱེད་སྟངས།
དགེ་རྒན་གྱིས་ངེས་པར་དུ་རང་ཉིད་ཀྱི་ཤེས་བྱ་དུས་ལྟར་དུ་གསར་སྒྱུར་དང་། དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་སློབ་མའི་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་དགོས་ལ། དངོས་ལུགས་ཤེས་བྱའི་ནུས་རྩལ་ཁོང་དུ་ཆུད་པར་བྱེད་པ་ནི། སློབ་ཁྲིད་བྱ་འགུལ་ཁྲོད་ཀྱི་གནད་གཙོ་བོ་ཞིག་ཡིན་པ་མ་ཟད། སློབ་ཁྲིད་ནུས་པ་ཤུགས་ཆེར་གཏོང་བའི་བརྒྱུད་རིམ་ཞིག་ཀྱང་ཡིན།①དེ་འདྲ་ཡིན་ཡང་། མཐོ་འབྲིང་དངོས་ལུགས་སློབ་ཁྲིད་དུ། དགེ་རྒན་ཁ་ཤས་ཀྱིས་སློབ་མས་བཏོན་པའི་གནད་དོན་དང་བསམ་གཞིག་གི་འབྲས་བུ་ལ་དབྱེ་ཞིབ་བྱེད་དུས། རྟག་ཏུ་རིག་ལམ་མག་མོག་ཡིན་པའི་སྣང་ཚུལ་འབྱུང་བཞིན་ཡོད། ཁོ་ཚོས་མང་ཤོས་སུ་གཞུང་ལུགས་རྐྱང་རྐྱང་སྟེང་གསལ་བཤད་བྱེད་པ་དང་། སྐབས་རེར་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དུས་ཚོད་ཧྲིལ་བོའི་ནང་ཤེས་བྱའི་གནད་གཅིག་ཐག་གཅོད་བྱེད་ཐུབ་མིན་གྱི་སྣང་ཚུལ་ཡང་ཡོད། དེས་དགེ་རྒན་ལ་སློབ་ཁྲིད་གྲ་སྒྲིག་མི་འདང་བ་དང་ཆེད་ལས་སྐོར་གྱི་ཤེས་བྱ་ཅུང་ཆད་ལྷག་བྱུང་ཡོད་པ་མཚོན་ཐུབ། འདི་ལྟ་བུའི་ཁྲིད་ཐབས་ཀྱིས་རིམ་བཞིན་སློབ་མར་སྦྱང་འདོད་ཀྱི་སྤྲོ་བ་མེད་པ་དང་སློབ་ཁྲིད་ལ་ཞེན་པ་ལོག་པའི་ཚོར་བ་བསྐྱེད་སྲིད། གཞན་སྔར་བཞིན་སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་སྟངས་རྒྱུན་སྲུང་བྱེད་བཞིན་པའི་དགེ་རྒན་ཡང་རེ་འགའ་ཡོད་དེ། སྤྱིར་བཤད་ན་འདི་ལྟ་བུའི་སློབ་ཁྲིད་ཐབས་ལམ་ནི་བསྡུས་ཤིང་རྙིང་དྲགས་པ་ཡིན། དཔེར་ན། སློབ་ཁྲིད་ལྟེ་བར་འཛིན་པའི་ཁྲིད་སྟངས་ལྟ་བུ། འདི་འདྲའི་ངེས་གཏན་གྱི་སློབ་ཁྲིད་བྱེད་སྟངས་སྤྱད་ན། གོ་ལོག་འདི་ལྟ་བུ་ཞིག་འབྱུང་སྲིད་དེ། དགེ་རྒན་རྣམས་ཀྱིས་མཐའ་གཅིག་ཏུ་སློབ་མར་སློབ་ཁྲིད་ཀྱི་ནང་དོན་ཁོ་ན་རྟོགས་སུ་བཅུག་པ་ཙམ་གྱིས་སྦྱངས་འབྲས་ལེགས་པོ་མངོན་ཐུབ་པར་བསམ།②འོན་ཀྱང་ཞིབ་འཇུག་འབོར་ཆེན་ལས་འདི་ལྟར་སྐྱེད་སྲིང་བྱས་པའི་སློབ་མ་མང་ཆེ་ཤོས་ནི“དཔེ་ཆ་པ་གླེན་པ”ཡིན་པ་དང་། ཤེས་བྱའི་ལག་ལེན་ནུས་པ་ཤིན་ཏུ་ཞན་པ་གསལ་བཤད་བྱས། དེ་ལྟ་བུའི་དངོས་ལུགས་སློབ་ཁྲིད་ལ་སྤྱིར་བཏང་དུ་དོན་སྙིང་ཆེན་པོ་ཞིག་ཡོད་མི་སྲིད་ལ། སློབ་ཁྲིད་ཀྱི་སྤུས་ཚད་ཀྱང་མཐོར་འདེགས་མི་ཡོང་བ་སྨོས་མ་དགོས་པ་ཡིན།
2.སློབ་མར་སློབ་ཁྲིད་ལ་སྤྲོ་བ་མེད་པ་དང་ཞེན་པ་ལོག་པའི་བསམ་ཚུལ་འབྱུང་བ།
སྤྲོ་བ་ནི་མིས་བྱ་དངོས་ཤིག་ཤེས་རྟོགས་བྱེད་པའམ། བྱ་འགུལ་ག་གེ་མོ་ཞིག་བསྒྲུབ་པའི་སེམས་ཀྱི་ཕྱོགས་ལྷུང་ཡིན་ལ། དེ་ནི་ཕྱི་རོལ་གྱི་བྱ་དངོས་འཚོལ་ཞིབ་དང་ཤེས་རྟོགས་བྱེད་པའི་དགོས་མཁོའི་རྨང་གཞི་བྱས་ཏེ། མིས་བྱ་དངོས་ཤེས་རྟོགས་དང་བདེན་ལུགས་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བའི་ཀུན་སློང་གལ་ཆེན་ཞིག་ཡིན།③སྤྲོ་བ་སྐུལ་སྤེལ་བྱེད་པ་ནི་སློབ་མས་སློབ་ཁྲིད་སྐབས་ཤེས་བྱ་ཁོང་དུ་ཆུད་པའམ། ཉེར་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་རྨང་གཞིའི་ཁག་དེ་ཡིན། ཡང་གཅིག་བཤད་ན། སྤྲོ་བ་ནི་སློབ་མའི་ཆེས་བཟང་བའི་དགེ་རྒན་དེ་ཡིན་ངེས། ཡིན་ཡང་མཐོ་འབྲིང་དངོས་ལུགས་སློབ་ཁྲིད་དུ་དགེ་རྒན་གྱི་སློབ་ཁྲིད་བྱེད་སྟངས་གཞུང་ལུགས་ཅན་དང་དངོས་ལུགས་མ་གཞིའི་སྤྱི་མཚན་རང་བཞིན། དེ་མིན་སློབ་ཁྲིད་བྱེད་ཐབས་ཀྱང་མཛུབ་རྩིས་བརྒྱབ་ཆོག་པ་ཙམ་ལས་མེད་པའི་སྟེང་། སློབ་མ་ཚོས་དངོས་ལུགས་བསླབ་ཚན་འདིར་གོ་བ་ལོག་འཛིན་བྱས་ཡོད་པས། སློབ་ཁྲིད་ལ་ཞེན་པ་ལོག་པའི་དྲན་ཚུལ་བྱུང་། དེ་ལས་གནད་དོན་གཙོ་བོ་ཞིག་ཡོད་པ་ནི། དགེ་རྒན་གྱིས་རྟག་ཏུ་སློབ་མའི་སྤྲོ་བའི་ཕྱོགས་ལྷུང་སྣང་མེད་དུ་བཏང་སྟེ། རང་ཉིད་ལོབས་འདུག་པའི་ཁྲིད་ཐབས་ལྟར་དུ་སློབ་ཁྲིད་བྱེད་པ་ཡིན།
3.སློབ་དེབ་ཀྱི་ནང་དོན་གཙོ་བོར་བཟུང་དྲགས་ཏེ་ཤེས་བྱར་བཀག་རྒྱ་ཐེབས་པ།
མཐོ་འབྲིང་དངོས་ལུགས་སློབ་ཁྲིད་སྟེང་དགེ་རྒན་གྱིས། སློབ་དེབ་ཀྱི་ནང་དོན་ཁོ་ན་ཏག་ཏག་དམིགས་སུ་བཟུང་སྟེ་སློབ་ཁྲིད་བྱེད་པས་སློབ་མའི་ཤེས་བྱར་ཚོད་འཛིན་ཐེབས་ལ། སློབ་མ་ཚོས་སློབ་དེབ་ལས་བརྒལ་བའི་ཤེས་བྱའི་སྐོར་ལ་འབྲེལ་འདྲིས་བྱེད་ཐུབ་ཀྱི་མེད། སྣང་ཚུལ་དེས་ཚད་ངེས་ཅན་གྱི་སྟེང་སློབ་མའི་མཐོང་རྒྱ་དོག་ཅིང་བསམ་གཞིག་རྒྱ་བསྐྱེད་མི་ཐུབ་པའི་གནས་ཚུལ་བསླངས། སློབ་དེབ་ནི་སློབ་ཁྲིད་ཀྱི་རྨང་གཞི་དང་ཤེས་བྱའི་ཐེག་གཟུགས་ཡིན་པ་བདེན་ཡང་། དགེ་རྒན་གྱིས་སློབ་དེབ་ཀྱི་ནང་དོན་སློབ་ཁྲིད་བྱེད་པའི་ལྷན་དུ། འོས་འཚམ་སྒོས་སློབ་མའི་ཤེས་རྒྱ་བསྐྱེད་ཅི་ནུས་བྱ་དགོས་ལ། སློབ་མའི་ཤེས་བྱའི་ལག་ལེན་ནུས་པ་དེ་སློབ་ཁྲིད་ཀྱི་དམིགས་ཚད་དུ་བཟུང་སྟེ། ངོ་མཚར་བའི་དངོས་ལུགས་འཇིག་རྟེན་ལ་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དང་ཁ་ཕྱོགས་ཀྱི་སྣེ་ལེགས་པོ་ཞིག་ཁྲིད་དགོས།④
གསུམ་པ། མཐོ་འབྲིང་དངོས་ལུགས་ཀྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བའི་ཐབས་ཇུས།
1.དགེ་རྒན་གྱི་སློབ་ཁྲིད་ནུས་པར་ཤུགས་སྣོན་དང་སློབ་ཁྲིད་བྱེད་སྟངས་སྣ་མང་ཅན་གསར་སྤེལ་བྱེད་པ།
དགེ་རྒན་གསོ་སྦྱོང་ནི་དགེ་རྒན་གྱི་ཕྱོགས་གང་ཐད་སྦྱོང་བརྡར་དང་འཕེལ་རྒྱས་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། ཚེ་གང་བོར་རང་ཉིད་ལ་ཕན་ཐོགས་ཐུབ་ངེས། གསོ་སྦྱོང་བརྒྱུད་དེ་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་རྣམ་པ་ལེགས་སྒྱུར་བྱེད་ཐུབ་པ་མ་ཟད། དེང་རབས་ཀྱི་སློབ་གསོའི་འདུ་ཤེས་དང་སྔོན་ཐོན་གྱི་སློབ་གསོའི་བསམ་བློ་འཛུགས་ཐུབ་ལ། ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་ཐབས་ཁོང་དུ་ཆུད་པར་ཕན་ཐོགས་ཐུབ། དེ་དང་ལྷན་དུ། དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་སྐྱེད་སྲིང་བྱེད་པའི་ཕྱོགས་སུ་ཡང་ནུས་པ་མི་དམན་པ་ཞིག་ཐོན་པས། ཀུན་སྤྱོད་གཙང་ལ་ལས་སྒོ་བྱང་ཆུབ་པའི་དུས་རབས་གསར་པའི་དགེ་རྒན་ཞིག་བྱེད་པར་རམ་འདེགས་ལེགས་པོ་ཞིག་བྱེད་ཐུབ་ངེས། ཡིད་འཇོག་བྱེད་དགོས་པ་ཞིག་ལ། གསོ་སྦྱོང་གི་བརྒྱུད་རིམ་དུ་དགེ་རྒན་གྱི་སློབ་ཁྲིད་བཀོལ་སྤྱོད་ཀྱི་ནུས་པ་སྐྱེད་སྲིང་བྱེད་པ་དེ་དམིགས་སུ་འཛིན་དགོས། དེ་ནི་དགེ་རྒན་གྱི་སློབ་ཁྲིད་ནུས་པའི་གཅིག་བསྡུས་ཀྱི་མཚོན་རྟགས་ཡིན་ཞིང་། དེའི་ནང་དོན་དངོས་ལ་སློབ་མས་ཇི་ལྟར་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། སློབ་མའི་བསམ་གཞིག་བྱེད་སྟངས། གནད་དོན་ཐག་གཅོད་བྱེད་ཐབས་བཅས་ཕྱོགས་འགའི་ནང་དོན་འདུས་པ་མ་ཟད། སློབ་ཁྲིད་བརྒྱུད་རིམ་དུ་དགེ་རྒན་གྱི་རང་ཉིད་བསམ་ཞིབ་ཀྱིས་ཀྱང་སློབ་ཁྲིད་སྤུས་ཚད་ཀྱི་མཐོར་འདེགས་དང་རང་སྟེང་གི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཐུབ། བསམ་ཞིབ་ནི་མདོར་བསྡུས་ན། སློབ་ཁྲིད་བརྒྱུད་རིམ་གཞིར་བཟུང་སྟེ་རང་ཉིད་ཀྱིས་སྒྲུབ་པའི་བྱ་སྤྱོད་ག་གེ་མོ་དང་ཐབས་ཇུས། ཡང་ན་དེ་ལས་བྱུང་བའི་མཇུག་འབྲས་ལ་དབྱེ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ། བསམ་ཞིབ་བྱེད་མཁན་གྱིས་རང་ཉིད་ཀྱི་དོན་དངོས་ཆུ་ཚད་མཐོར་འདེགས་བཏང་བ་བརྒྱུད་དེ་སློབ་ཁྲིད་ནུས་པ་འཕེལ་རྒྱས་སུ་གཏོང་བའི་ཐབས་ཤེས་ཤིག་ཡིན།⑤བསམ་ཞིབ་བརྒྱུད་དེ་ང་ཚོས་ལས་སླ་མོའི་ངང་རང་ཉིད་ཀྱི་ཤེས་བྱའི་ཆགས་གཞི་དང་བསམ་པའི་འདུ་ཤེས་སྟེང་གི་བཟང་ཆ་དང་མི་འདང་བའི་ཁག་དེ་ཚོར་ཐུབ་ངེས། འདིའི་ཐད་དུ་ང་ཚོས་ཆེས་སྟབས་བདེ་ཅན་གྱི་བསམ་ཞིབ་ཉིན་ཐོའི་བྱེད་ཐབས་སྤྱད་དེ་རང་ཉིད་ལ་བསམ་ཞིབ་བྱས་ཆོག སྣ་གཅིག་སློབ་ཁྲིད་བྱེད་སྟངས་ཐད། ཐོག་མར་དགེ་རྒན་གྱིས་སློབ་མའི་སེམས་ཁམས་སྒུལ་ཤུགས་ཀྱི་རྒྱུ་རྐྱེན་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་དགོས་ཏེ། དཔེར་ན། སློབ་མས་ཤེས་བྱར་བཟུང་བའི་སེམས་ཀྱི་མཚར་སྣང་དང་འདོད་ཡོན། དེ་དག་ལ་རྒྱུས་ལོན་བྱས་པའི་རྨང་གཞིའི་སྟེང་སློབ་མའི་བསམ་གཞིག་དང་འཕྲོད་པའི་སློབ་ཁྲིད་ཀྱི་མཁའ་དབུགས་གསར་འཛུགས་བྱེད་ཐུབ་དགོས་པ་དང་། སློབ་ཁྲིད་བྱེད་སྟངས་སྣ་མང་ཞིག་སྤྱོད་ཤེས་དགོས། དཔེར་ན། སློབ་ཁྲིད་ལག་སྟོན⑥ཐབས། བརྙན་མང་གཟུགས་ལག་རྩལ་གྱི་ཁྲིད་ཐབས།PBL(Problem-based learning)སློབ་ཁྲིད་བྱེད་ཐབས།⑦དངོས་བཤེར་དང་ཚོ་ཆུང་གྲོས་བསྡུར་སོགས་རྣམ་པ་མི་འདྲ་བའི་སྒོ་ནས་སློབ་ཁྲིད་བྱེད་ཤེས་དགོས། ད་དུང་འཕྲེད་བརྟོལ་ནུས་པའི⑧སྐྱེད་སྲིང་དེ་དམིགས་ཚད་དུ་བཟུང་སྟེ་སློབ་ཁྲིད་བྱས་ན། སློབ་མ་ཚོས་རིག་ཚན་སོ་སོའི་བར་གྱི་གཏན་ཚིགས་ཀྱི་འབྲེལ་བ་རྟོགས་ཐུབ་པ་མ་ཟད། དེ་ལས་ཀྱང་ཕན་འབྲས་གཙོ་བོ་ཞིག་ཡོད་པ་ནི། སློབ་མའི་བསམ་བློ་དེ་དངོས་ལུགས་ཁོ་ནའི་ཁྱབ་ཁོངས་སུ་བཀག་རྒྱ་ཐེབས་པ་ལྟར་སྤྲོ་བ་ཡལ་བའི་སྣང་ཚུལ་མི་འབྱུང་བ་ཡིན།
2.སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་ལེགས་སྒྱུར་དང་སྤྲོ་བ་སྐུལ་སྤེལ་བྱེད་པ།
མཐོ་འབྲིང་སློབ་མས་དངོས་ལུགས་སྦྱང་སྐབས་ཅིའི་ཕྱིར་འདི་འདྲའི་སུན་སྣང་དང་སྐྲག་སྣང་གི་བསམ་ཚུལ་ཞིག་བྱུང་བ་ཡིན་ཞེ་ན། འདི་ཚད་ངེས་ཅན་ཞིག་གི་སྟེང་སློབ་མ་རང་ཉིད་ཀྱི་སེམས་ཁམས་ལ་རག་ལས་པ་ཡིན། སློབ་མ་མང་ཆེ་བས་གཞན་པའི་ཉམས་མྱོང་ལས་རང་ཉིད་ལ་སྡོམ་ཚིག་འགོད་པ་ཡིན། ཁོ་ཚོས་དངོས་ལུགས་ལ་འབྲེལ་འདྲིས་མ་བྱས་པའི་ཡར་སྔོན་ནས་བཟུང་སྟེ། རིམ་པ་མཐོ་བའི་སློབ་མས་དངོས་ལུགས་ལ་བཟུང་བའི་རྣམ་འགྱུར་ལས་སྐྲག་སྣང་གི་སེམས་ཁམས་ཤིག་གྲུབ་འདུག འདི་ལྟ་བུའི་སེམས་ཁམས་མི་ལེགས་པའི་རྒྱུ་རྐྱེན་གྱིས་སྔ་མོ་ནས་སློབ་མའི་དངོས་ལུགས་སློབ་སྦྱོང་གི་དཔའ་ཞུམ་པར་བཏང་བ་མ་ཟད། དགེ་རྒན་གྱིས་གསར་འཛུགས་བྱས་པའི་སློབ་ཁྲིད་ཀྱི་གནས་ཚུལ་ལའང་འབྲེལ་བ་ཡོད། རྣམ་པ་མི་འདྲ་བའི་དགེ་རྒན་ལས་གསར་འཛུགས་བྱས་པའི་སློབ་ཁྲིད་ཀྱི་སེམས་ཁམས་མཁའ་དབུགས་ནི་མི་འདྲ་སྟེ། དཔེར་ན། དམངས་གཙོ་རྣམ་པའི་དགེ་རྒན་ལས་འཆམ་མཐུན་ཡར་སྐུལ་གྱི་སློབ་ཁྲིད་མཁའ་དབུགས་དང་། རྒྱ་ཡན་རྣམ་པའི་དགེ་རྒན་ལས་ཐར་ཐོར་མཉམ་འབྲེལ་དབེན་པའི་སློབ་ཁྲིད་མཁའ་དབུགས་གྲུབ་པ་ལྟ་བུ།⑨དེ་བས་དགེ་རྒན་གྱིས་ཐོག་མར་ཟུར་ཚད་མི་འདྲ་བ་ནས་བསམ་གཞིག་བྱས་ཏེ། སློབ་མས་དངོས་ལུགས་རིག་པར་བཟུང་བའི་མི་ལེགས་པའི་ལྟ་ཚུལ་ལེགས་སྒྱུར་དང་། སློབ་མ་ཚོར་ཁ་གཏད་དེ་འཚོ་བའི་ཁྲོད་ཀྱི་དངོས་ལུགས་ཤེས་བྱ་དང་འབྲེལ་བའི་སྤྲོ་སྣང་ལྡན་པའི་དངོས་དཔེ་མང་པོ་ངོ་སྤྲོད་བྱེད་དགོས་ལ། རང་ནུས་ཅི་ལྕོགས་ཀྱིས་སློབ་མ་ཚོའི་དམའ་འབྲིང་སྐབས་ནས་བཟུང་། དངོས་ལུགས་ལ་བཅངས་པའི་ལྡོག་ཕྱོགས་བསམ་ཚུལ་དེ་མེད་པར་གཏོང་བའི་རྨང་གཞིའི་སྟེང་། སློབ་མའི་བློ་ངོར་ཡར་སྐུལ་རང་བཞིན་ལྡན་པའི་དངོས་ལུགས་ཀྱི་མཚན་ཉིད་གསར་པ་ཞིག་གྲུབ་པར་བྱེད་དགོས། དེ་ལྟར་བྱས་ན་ཁོ་ཚོའི་དངོས་ལུགས་སྦྱང་བའི་སྤྲོ་བ་དང་ཤེས་འདོད་ཀྱི་འདུན་པ་སྐུལ་སྤེལ་བྱེད་ཐུབ། གཞན་དགེ་རྒན་གྱིས་དངོས་ཡོད་འཚོ་བར་མཉམ་འབྲེལ་དང་སྦྱང་བ་གོ་ཆོད་པར་གཏོང་བ་གཙིགས་ཆེན་དུ་བཟུང་སྟེ། སློབ་མས་སྦྱངས་པའི་ཤེས་བྱ་དེ་རིགས་རྒྱུན་ལྡན་འཚོ་བའི་ཁྲོད་གོ་ཆོད་མིན་ལ་ཆེད་དུ་སྟབས་བདེའི་དཔྱད་འཇོག་གཏོང་དགོས། ད་དུང་སློབ་སྦྱོང་གི་ལས་ཆོད་དེ་དམིགས་ཚད་དུ་བཟུང་སྟེ་དངོས་བཤེར་བསླབ་ཚན་ཅུང་མང་པོ་བཀོད་སྒྲིག་བྱེད་དགོས་པ་དང་། གྲོས་བསྡུར་ཐབས་དྲངས་ཏེ་སློབ་མར་བག་ཡངས་སྒོས་དངོས་ལུགས་སྦྱོང་བའི་ཚོར་བ་མྱོང་ཐུབ་པར་གཏོང་དགོས། སློབ་མའི་སྤྲོ་བ་སྐུལ་སྤེལ་གཏོང་བར་དངོས་ལུགས་ལོ་རྒྱུས་དང་འཚོ་བའི་དངོས་དཔེ་སོགས་ངོ་སྤྲོད་བརྒྱུད་དེ་མངོན་འགྱུར་བྱེད་ཐུབ་ཅིང་། དེའི་ཐད་དུ་གཞན་གདེང་འཇོག་གིས་ནུས་པ་གལ་ཆེན་ཞིག་ཐོན་ཡོད། དཔེར་ན། སློབ་མས་དོན་སྤྱིའི་གོ་བ་ལེན་སྟངས་དང་། རྩིས་འགྲེལ་གྱི་བསམ་ཕྱོགས། ཤེས་བྱ་ཉེར་སྤྱོད་ཀྱི་ཐབས་ཤེས། ཤེས་བྱ་ཕྱོགས་བསྡུས་དང་གནད་དོན་བསམ་གཞིག་སོགས་ཀྱི་ཕྱོགས་སུ་དགེ་རྒན་གྱིས་དུས་ཐོག་ཏུ་གདེང་འཇོག་བྱེད་དགོས། སྐབས་རེར་རྩིས་འགྲེལ་བསམ་ཕྱོགས་ལ་ལ་ཞིག་དགེ་རྒན་གྱིས་ཡིད་ལ་མི་ཚོར་བ་མ་ཟད། ཧ་ཅང་སྤྱོད་བདེ་བ་ཞིག་ཡིན་ཚེ། དགེ་རྒན་གྱིས་སློབ་མའི་གསེར་ལས་ལྷག་པའི་བསམ་ཕྱོགས་འདི་ལྟ་བུ་ཆེད་དུ་ནན་བཤད་དང་ཁྱབ་གདལ་དུ་གཏོང་དགོས་ལ། སློབ་མ་སོ་སོར་བབ་མཐུན་གྱི་གདེང་འཇོག་དང་རེ་བ་འདོན་པ་འདིས། དགེ་རྒན་གྱི་སློབ་ཁྲིད་རྣམ་འགྱུར་ལེགས་མིན་མཚོན་ཐུབ་པ་མ་ཟད། ཚད་ངེས་ཅན་ཞིག་གི་ཐད་ནས་དགེ་སློབ་བར་གྱི་འབྲེལ་བ་དང་ཕན་ཚུན་བར་གྱི་ཡིད་ཆེས་ལ་རྨང་གཞི་བརྟན་པོ་ཞིག་འཇོག་ཐུབ། དེ་ལྟར་སློབ་མའང་སྤྲོ་སེམས་ཀྱིས་ཁེངས་ཏེ་སློབ་ཁྲིད་དུ་ཞུགས་ངེས་ཡིན། འདི་ཡང་སློབ་ཁྲིད་སྤུས་ཚད་ཀྱི་མཐོར་འདེགས་ལ་མཚོན་ན་ཐབས་ཤེས་གལ་ཆེན་ཞིག་ཡིན།
3.རིག་ཚན་རྒྱ་བསྐྱེད་ལ་ཤུགས་སྣོན་དང་སློབ་མའི་ཤེས་བྱའི་གསོག་འཇོག་ཕུན་སུམ་ཚོགས་པར་གཏོང་བ།
དངོས་ལུགས་ནི་ང་ཚོའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ལ། དངོས་ལུགས་སློབ་པ་བརྒྱུད་དེ་ང་ཚོས་དངོས་གཟུགས་ཀྱི་རྩ་བའི་ངོ་བོར་བརྟག་དཔྱད་ཞིབ་ཕྲ་ལྡན་པ་ཞིག་བྱེད་ཐུབ་པ་དང་ཆབས་ཅིག་འཇིག་རྟེན་ཡོངས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་ཐུབ། ཡིན་ཡང་དངོས་ལུགས་ལེགས་པོ་ཞིག་སྦྱང་བར་སློབ་ཁྲིད་ཀྱི་དུས་ཚོད་ཐུང་ངུ་དེ་ཙམ་གྱིས་གཏན་ནས་མི་འདང་བ་ཡིན། དེའི་རྒྱུ་མཚན་ནི་སློབ་ཁྲིད་ཀྱི་དུས་ཚོད་ལ་ཚད་བཀག་ཡོད་པ་དང་། སློབ་དེབ་ཀྱི་ནང་དོན་ཁོ་ནས་ང་ཚོས་འཇིག་རྟེན་འདིར་རྒྱུས་ལོན་དང་འཚོལ་ཞིབ་བྱེད་པའི་དགོས་མཁོ་སྐོང་མི་ཐུབ། དེ་བས་སློབ་མ་རྣམས་ཀྱིས་རང་འགུལ་གྱིས། དངོས་ལུགས་ཤེས་བྱ་དང་འབྲེལ་བ་ཡོད་པའི་སློབ་ཕྱིའི་བྱ་འགུལ་མང་པོར་ཞུགས་དགོས་ལ། སློབ་གསེང་དུས་ཚོད་བེད་སྤྱད་དེ་སྤེལ་རེས་བྱེད་སྒོ་རྩ་འཛུགས་བྱེད་པ་དང་། སློབ་མ་ཚོར་ཁེར་ཚུགས་ཀྱིས་རང་ཉིད་སྤྲོ་བ་ཡོད་པའི་དངོས་ལུགས་དཔྱད་གཞི་ལ་འཚོལ་ཞིབ་བྱེད་དུ་བཅུག་སྟེ། ཕན་ཚུན་གྲོས་བསྡུར་དང་བསམ་བློ་བརྗེ་རེས་བྱེད་དགོས། དེ་ལས་གཞན་རང་ཉིད་དགའ་སའི་ཚན་རྩལ་ཁྱབ་སྤེལ་སྐོར་གྱི་ཡིག་ཆ་དང་དཔེ་དེབ་བཀླག་སྟེ། ཤེས་བྱ་རྒྱ་བསྐྱེད་དང་མཐོང་རྒྱ་ཇེ་ཆེར་བཏང་ཆོག རིམ་བཞིན་ཉམས་མྱོང་གི་འཚོལ་སྡུད་དང་ཤེས་བྱ་གསོག་འཇོག་བརྒྱུད་ན། སློབ་མའི་ཤེས་བྱའང་ཕུན་སུམ་ཚོགས་པར་འགྲོ་བ་ཡིན།
མཇུག་སྡོམ།
མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་ནི། རྒྱུན་རིང་བ་དང་རྒྱུད་ཁོངས་ལྡན་པ་ཞིག་ཡིན་ལ། མ་ལག་ཆ་ཚང་ཅན་དུ་འགྱུར་བའི་བརྒྱུད་རིམ་ཞིག་ཀྱང་ཡིན། དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ། མཐོ་འབྲིང་སློབ་མའི་བྱ་དངོས་ཀྱི་ངོས་འཛིན་ཐབས་དང་རྒྱུས་ལོན་ཚད་དེ་སྔོན་ལས་ཆེས་ཆེར་བརྒལ་འདུག འདི་ལྟ་བུའི་གནས་ཚུལ་འོག་དགེ་རྒན་གྱིས་སློབ་མའི་རང་སྟེང་གི་འཕེལ་རྒྱས་གཙིགས་སུ་འཛིན་དགོས་ལ། དུས་རྟག་ཏུ་སློབ་ཁྲིད་ཀྱི་རྣམ་པ་དང་བྱེད་ཐབས་ལེགས་བཅོས། སློབ་མའི་སྤྲོ་བ་སྐུལ་སྤེལ་སོགས་ཀྱི་ཐབས་ལམ་གང་མང་སྤྱད་དེ། མཐོ་འབྲིང་དངོས་ལུགས་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་བ་བྱེད་དགོས་སོ། །
① 李新乡 张军朋 物理教学论[M]科学出版社,2009.
② 郝大为 浅谈如何提高高中物理课堂教学质量[J]科学·自然 2018(37)
③ 陈琦 刘儒德 当代教育学原理[M]北京师范大学出版社 2007.
④ 王淑萍 浅谈新课程下如何提高高中物理课堂教学质量[J]社会科学Ⅱ2012(10)
⑤ 陈琦 刘儒德 当代教育学原理[M].北京师范大学出版社 2007.
⑥ སློབ་ཁྲིད་ལག་སྟོན། ལག་ལེན་གྱི་ཐད་ནས་དངོས་བཤེར་དང་ཚོད་ལྟ་སློབ་མར་སྟོན་པ།
⑦ PBL སློབ་ཁྲིད་ཐབས། ཁ་ན་ཏའི་གསོ་རིག་སློབ་གསོའི་ཁྱབ་ཁོངས་སུ་དར་ཁྱབ་བྱུང་བའི་གནད་དོན་སྙིང་བོར་བཟུང་བའི་སློབ་ཁྲིད་བྱེད་ཐབས་ཤིག་ཡིན།
⑧ འཕྲེད་བརྟོལ་ནུས་པ། ཆེད་ལས་ཀྱི་ཤེས་བྱ་བེད་སྤྱད་དེ་ཆེད་ལས་གཞན་པའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ།
⑨ 李新乡 张军朋 物理教学论[M] 科学出版社 2009.
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1