ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་བརྙན་འཕྲིན་གྱི་རྒྱུ་ཆ་འདེམ་འགོད་དང་། སྒྲིག་སྦྱོར་བྱེད་སྐབས་གང་དག་ལ་མཉམ་འཇོག་དགོས་པ་དང་། བརྙན་འཕྲིན་ལ་བརྟེན་ནས་བརྡ་འཕྲིན་བསྡུ་ལེན་བྱེད་པ་དང་དེའི་བརྒྱུད་སྒྲོག་གི་ཁྱད་ཆོས་སོགས་གླེང་སྟེ། བརྙན་འཕྲིན་གྱིས་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་བར་ནུས་པ་ཆེན་པོ་ཞིག་འདོན་བཞིན་ཡོད་ཚུལ་བསྟན་ཡོད།
བརྡ་ཆད་གཙོ་བོ། བོད་ཀྱི་རིག་གནས། དར་སྤེལ། བརྙན་འཕྲིན་གྱི་ནུས་པ། རྩོམ་ཡིག་འབྱོར་ཉིན།
འགྲོ་བ་མིའི་རིགས་ཀྱི་ནུས་པ་ཆེ་ཤོས་ཤིག་ནི་རང་ཉིད་ཀྱི་བསམ་བློའི་དྲན་རྟོག་ཕྱིར་འདོན་པའི་མཚོན་བྱེད་སྣ་ཚོགས་པ་དེ་ཡིན་ལ། དེ་ཡང་གནའ་བོའི་དུས་སུ་གནས་ཡུལ་ཉེ་བ་ལ་ཕན་ཚུན་ལུས་ཀྱི་རྣམ་འགྱུར་དང་སྐད་ཆ། ཁད་ཅུང་རིང་བ་ལ་མེ་དུད་ས་འཚུབ་སོགས་ཀྱིས་བརྡ་མཚོན་པར་བྱེད་པ་དང་།① ཡུལ་དུས་ཀྱི་སྐབས་སུ་མ་བབས་པའི་ཆ་རྣམས་མཚོན་རྟགས་དང་ཡི་གེའི་གཟུགས་རིས་ཙམ་གྱི་ཐབས་ལ་བརྟེན་ནས་མཚོན་པར་བྱེད་ཅིང་། དེ་དག་གང་གིས་ཀྱང་བསྟན་བྱའི་ཡུལ་དེའི་དབྱིབས་དང་ཁ་དོག གནས་ཡུལ་དང་ཁོར་ཡུག སྟངས་སྟབས་དང་མཛེས་རིས། དབྱངས་ཀྱི་འགྱུར་ཁུགས་དང་ངག་གི་ཅ་ཅོ་སོགས་དབང་ཤེས་ཀྱི་སྤྱད་བྱ་རྣམས་མངོན་སུམ་མཐོང་སྣང་དུ་མཚོན་པར་བྱེད་མི་ནུས་པས། སྤྱི་ཚོགས་དང་ཚན་རིག་གི་འཕེལ་རྒྱས་དང་བསྟུན་ནས། རིམ་གྱིས་པར་ལེན་འཕྲུལ་ཆས་དང་། སྒྲ་སྡུད་འཕྲུལ་ཆས་སོགས་དེང་རབས་ཀྱི་འཕྲུལ་ཆས་མང་པོ་བྱུང་དང་འབྱུང་བཞིན་ཡོད་ན་ཡང་། སྒྲ་གཟུགས་གཉིས་ཀ་ཇི་བཞིན་མཚོན་པ་ལ་བརྙན་འཕྲིན②ལས་ལྷག་པའི་གཞན་གང་ཡང་མ་མཆིས་སྟབས། འདིར་བརྙན་འཕྲིན་ལ་བརྟེན་ནས་བོད་ཀྱི་རིག་གནས་དར་སྤེལ་གཏོང་བའི་སྐོར་རགས་ཙམ་གླེང་བར་བྱའོ། །
དང་པོ། བརྙན་འཕྲིན་ནི་ལྟ་ཉན་ཟུང་འབྲེལ་གྱི་སྒྱུ་རྩལ③ཞིག་སྟེ། བལྟས་ན་མིག་ལ་སྤྲོ་ཞིང་། ཉན་ན་ཡིད་ལ་འབབ་པའི་བྱེད་ནུས་ཀུན་འདུས་ཀྱི་སྒྱུ་རྩལ་ལས་རིགས་ཤིག་ཡིན་པས། བརྙན་འཕྲིན་གྱི་མཚོན་བྱའམ་བརྗོད་བྱའི་རྒྱུ་ཆ་འདེམ་འགོད་བྱེད་སྐབས་ངེས་པར་དུ་ལྟ་ཉན་ཟུང་འབྲེལ་གྱི་བསམ་གཞིག་བྱེད་སྟངས་དང་དྲན་རྒྱའི་ཡིད་དབང་འགུགས་པའི་ཁྱད་ཆོས་མཐའ་དག④ལ་དོ་སྣང་གང་ལེགས་བྱ་དགོས། བརྙན་འཕྲིན་སྒྲིག་སྦྱོར་པས་བསྟན་བྱའི་ཡུལ་ལ་འཆང་བའི་འདུན་པ་དེ་ཡུལ་དེའི་ཁྱད་ཆོས་འདེམ་འགོད་དང་སྒྲིག་སྦྱོར་བྱེད་སྟངས། འགྲེལ་བཤད་ཀྱི་ཚིག་སྦྱོར་སོགས་ལས་ཕྱིར་མངོན་ཞིང་། མཚོན་བྱའམ་བརྗོད་བྱའི་རྒྱུ་ཆ་འདེམ་འགོད་བྱས་པ་ཇི་འདྲ་ཡང་དག་ཅིང་མངོན་གསལ་དོད་པོ་དང་། གསོན་ཉམས་ལྡན་ཞིང་དུས་དང་མཐུན་པ་ཡིན།⑤ སྒྲིག་སྦྱོར་གྱི་ཚོར་འདུ་དྲག་པོ་དེས་ལྟ་མཁན་གྱི་སེམས་ཀྱི་ཀློང་ལ་དགའ་སྐྱོ་ཆགས་སྡང་གི་འགྱུར་བའི་རླབས་རིས་རབ་དང་རིམ་པ་བསྐྱེད་པར་བྱེད་པ་གདོན་མི་ཟ་སྟེ། བརྙན་འཕྲིན་སྒྱུ་རྩལ་པས་རང་གི་ལྟ་རྒྱའི་མིག་ཤེས་ལ་བརྟེན་ཏེ་བསྟན་བྱའི་ཡུལ་གྱི་ལྐོག་གྱུར་བག་ལ་ཉལ་བ་དང་ཐུན་མོང་མ་ཡིན་པའི་གྲུབ་ཆའམ་བྱུང་རིམ་ཕྲ་མོ་དག་བཙལ་ཏེ། རང་མཚན་དང་གསར་གཏོད་ཀྱི་སྒོ་ནས་འགུལ་མེད་ཀྱི་སྣང་བརྙན་དེ་གཡོ་འགུལ་གྱི་མཛེས་རིས་སུ་འཕོས་ཤིང་། དེས་ལྟ་མཁན་གྱི་མཛེས་རྟོག་གི་བསམ་པ་ངང་ངམ་ཤུགས་ཀྱིས་གཡོས་ཏེ། མིག་མདུན་གྱི་བརྙན་འཕྲིན་ལེ་ཚན་དེ་ལ་མིག་འབྲལ་མི་ཕོད་པའི་སྣང་བ་བསྐྱེད་ཅིང་རྟོག་པ་སྣ་ཚོགས་སློང་བ་ནི་བརྙན་འཕྲིན་གྱི་རྒྱུ་ཆ་འདེམ་འགོད་དང་སྒྲིག་སྦྱོར་བྱས་པ་ཅུང་ལེགས་པའི་རྟགས་ཤིག་སྟེ། ཚུལ་དེ་ལ《རྒྱ་གར་མཛེས་རིག་གི་གཞུང་ལུགས》ཞེས་པ་ལས། "གསར་གཏོད་ཀྱི་ནུས་པ་ལྡན་པའི་རྩོམ་པ་པོ་ཞིག་ཡིན་ན། རྡོ་ཆུ་ལ་འཕངས་པ་ལྟར་མིང་དང་ཐ་སྙད་དག་མི་རྣམས་ཀྱི་སེམས་ལ་སྦྱིན་ཅིང་། རྟོག་པའི་རླབས་རིས་ཡང་ཡང་ཆེར་བསྐྱེད་དེ། རང་ཉིད་ཀྱི་མྱོང་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱེད་པ་ཡིན"⑥ཞེས་གསུངས་པ་ལྟར། བརྙན་འཕྲིན་བརྒྱུད་སྒྲོག་གི་ཁྱད་ཆོས་གསུམ་སྟེ། བརྙན་རིས་དང་། སྒྲ་དབྱངས། ཡི་གེ་གསུམ⑦བརྙན་འཕྲིན་གྱི་སྒྱུ་རྩལ་ཁྱད་ཆོས་དང་མཐུན་པར་འདྲ་བཟོ་དང་སྒྲིག་སྦྱོར་བྱས་ཏེ། བསྟན་བྱའི་ཡུལ་དེ་མངོན་སུམ་དུ་མཐོང་བ་ལྟར་གཟུགས་བརྙན་གྱིས་མིག་དབང་ཕྲོགས་ཤིང་། སྒྲ་དབྱངས་རྣ་བར་སྙན་ཞིང་། བརྗོད་དོན་གྱིས་ཡིད་ཀྱི་དང་བ་དུས་གཅིག་ཏུ་འདྲེན་ཐུབ་པར་བྱ་དགོས། དེ་ལྟ་བུའི་རྨང་གཞིའི་ཐོག་ནས་མི་རིགས་ཀྱི་ཁྱད་ཆོས་ཇི་ལྟར་འཚོལ་ཞིང་མཚོན་པར་བྱ་ཞེ་ན། མི་རིགས་ཤིག་ཡིན་ན་དེ་ལ་གཞན་དང་ཐུན་མོང་མ་ཡིན་པའི་རིག་གནས་གོམས་སྲོལ་ཞིག་ངེས་པར་ཡོད་ལ་ཡོད་ཀྱང་དགོས་པའི་ཕྱིར་ན། ཐུན་མོང་མ་ཡིན་པའི་སྐད་ཆ་དང་ཡི་གེ་སྤྱོད་པའི་མི་རིགས་ཤིག་ཡིན་ཚེ། དེའི་ཁྱད་ཆོས་གཙོ་བོ་འཚོ་བའི་གོམས་སྲོལ་གྱི་ཆ་ནས་གནས་ཤིང་། དེ་ཡང་གནས་ཡུལ་གྱི་ས་གཤིས་དྲོ་གྲང་དང་། འཚོ་བའི་རྟེན་གཞི་དང་དམ་དུ་འབྲེལ་ཡོད་སྟབས། བརྙན་འཕྲིན་གྱི་རྒྱུ་ཆའང་འཚོ་བའི་ཕྱོགས་ནས་བཙལ་དགོས་པ་དང་། སྔར་ཡི་གེ་ཡོད་པ་ད་ལྟ་སྤྱོད་ཀྱིན་མེད་ནའང་ཡི་གེ་དེའི་ངོ་བོ་དང་བསྟན་དོན་ཤེས་ན། མི་རིགས་དེའི་འདས་ཟིན་པའི་ལོ་རྒྱུས་དང་བག་ལ་ཉལ་བའི་འདུ་ཤེས་སོགས་རྟོགས་པར་འགྱུར་བ་འཇང་རིགས⑧ཀྱིས་མཚོན་པ་ལྟར། མི་རིགས་ཀྱི་གོམས་སྲོལ་དང་རྒྱན་གོས། དུས་སྟོན་དང་ཁ་ཟས། བཟོ་སྐྲུན་དང་ཡོ་བྱད། ཆོས་ལུགས་དང་སྐད་ཆ་སོགས་ལས་སྐབས་བབ་ཀྱི་དགོས་མཁོར་དམིགས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བརྙན་འཕྲིན་ལེ་ཚན་གསར་བཟོ་བྱེད་རྒྱུ་ནི། མི་རིགས་ཀྱི་རིག་གནས་འདོན་སྤེལ་བྱེད་པའི་བརྒྱུད་རིམ་གལ་ཆེན་ཞིག་ཡིན་ལ། "བརྙན་འཕྲིན་ལེ་ཚན་བཟོ་བའི་བརྒྱུད་རིམ་ནི་བརྙན་འཕྲིན་གྱི་སྒྱུ་རྩལ་བཟོ་བའི་བརྒྱུད་རིམ་ཡང་ཡིན་པས།"⑨ མི་རིགས་ཀྱི་ཁྱད་ཆོས་མེད་ན་མི་རིགས་ཀྱི་བརྙན་འཕྲིན་མེད་པ་དང་། དེ་མེད་ཚེ་མི་རིགས་ཀྱི་བརྙན་འཕྲིན་སྒྱུ་རྩལ་ཞེས་པའང་གཞི་མ་གྲུབ་པས་དེ་དག་བར་གྱི་རྟེན་དང་བརྟེན་པའི་འབྲེལ་བའི་ཆ་ལ་དོ་སྣང་བྱ་དགོས།
ཤེས་རིག་གི་འཕེལ་རིམ་ནི་ཤེས་པས་ལག་པ་དང་ལག་པས་ཤེས་པ་ལ་བསྐྱེད་པའི་ཕན་ཚུན་གྱི་ཤུགས་རྐྱེན་ལས་བྱུང⑩བའི་དཔེ་ལྟར་སྒྱུ་རྩལ་ཡང་དེ་བཞིན་ཏེ། བརྙན་འཕྲིན་གྱི་རྒྱུ་ཆར་འགྱུར་རུང་གི་ཡུལ་སྤྱི་དང་མི་རིགས་རིག་གནས་ཀྱི་གྲུབ་ཆ་སོ་སོ་ལས་དབྱིབས་དང་ཁ་དོག་མཛེས་པས་མིག་ལ་སྤྲོ་ཞིང་། སྒྲ་དང་འགྱུར་ཁུགས་སྙན་པས་རྣ་བའི་དབང་བོ་གསོ་མོད་ཀྱང་། དེ་དག་གིས་ལྟ་མཁན་གྱི་ཡིད་ཀྱི་ཚོར་འདུ་དྲག་ཏུ་སློང་བ་ལ་ད་དུང་བསྟན་བྱའི་ཡུལ་ལ་གཞོལ་ཞིང་སྡེབ་དག་པའི་འགྲེལ་བཤད་ཀྱི་ཚིག་སྦྱོར་སྤེལ་བ་ལ་རག་ལས་ཏེ། ལྷིང་འཇགས་ཀྱི་དངོས་པོ་ལ་གསལ་བཤད་ཀྱི་ཚིག་སྤེལ་བ་ནི་གཞི་དེ་ལ་སྒྱུ་རྩལ་གྱི་ཚེ་སྲོག་སྩོལ་བའི་རིམ་པ་ཡིན་ལ། མ་གཞི་སྒྱུ་རྩལ་གྱི་ཆ་ལྡན་པའི་བེམ་དངོས་དེ་ལྟ་མཁན་གྱི་རྒྱུད་ལ་སྦྱོར་བའི་ལམ་བུའང་ཡིན་པས་འགྲེལ་བཤད་བྱེད་པ་ཤིན་ཏུ་གལ་ཆེའོ། །ཡང་དེར་མ་ཟད། འགྲེལ་བཤད་གང་ཡང་མ་བྱས་ན། མི་རིགས་སོ་སོའི་མཛེས་འཛིན་གྱི་སེམས་ཁམས་དང་བསམ་བློའི་འཛིན་སྟངས་ལ་ཧེ་བག་ཆེན་པོ་ཡོད་པའི་དབང་གིས། མི་རིགས་ཀ་པར་མཛེས་པར་སྣང་བ་དེ་ཁ་པར་བཙོག་པར་འགྱུར་བ་དང་། ཀ་པས་སྒྱུ་རྩལ་གྱི་རིན་ཐང་མཐོ་བར་ངེས་པ་དེ་ཁ་པས་ཅི་མི་སྙམ་པར་སྣང་མེད་དུ་བསྐྱུར་བར་འགྱུར་བ་དཔེར་ན། བོད་པའི་གྱོན་ཆས་ལ་དེའི་རིག་གནས་ཀྱི་རིན་ཐང་རྟོགས་པའི་མི་ཞིག་གིས་བལྟས་ན། སྐ་རགས་བཅིངས་ན་ལྭ་བ་དང་། གྲོལ་ན་མལ་གོས་བྱེད་ཆོག་པའི་བཀོལ་སྤྱོད་ཀྱི་རིན་ཐང་དང་། བཟོ་ཁོད་ཡངས་པས་བསམ་པའི་གུ་ཡངས་ཤིང་བཟོད་བསྲན་ཆེ་བ། ཕུ་རུང་རིང་བས་སྦྱིན་པ་ལ་དགའ་བའི་རིག་གནས་ཀྱི་རིན་ཐང་ལྡན་པ་གསལ་ལེར་རྟོགས་མོད། གལ་ཏེ་རིག་གནས་ཀྱི་ཆུ་ཚད་དམའ་བའམ་བོད་རིགས་ཀྱི་ཁྱད་ཆོས་ཅི་ཡང་མི་ཤེས་པའི་ལྟ་མཁན་ཞིག་ལ་མཚོན་ན། འགྲེལ་བཤད་གང་ཡང་མི་བྱེད་པར་བོད་པའི་གྱོན་ཆས་ཙམ་མིག་ལ་བསྟན་པས་ཅི་ཡང་གོ་མི་ཐུབ་པས། "འདི་ནི་ཟ་མ་ཞིག་རེད། དེ་ནི་ལྭ་བ་ཞིག་རེད"ལྟ་བུའི་འགྲེལ་བཤད་ནམ་ཡང་འདོར་བར་རིགས་སོ། །
མདོར་ན། དངོས་པོ་ཞིག་ལ་བཀོལ་སྤྱོད་ཀྱི་རིན་ཐང་མ་གཏོགས་པའི་རིན་ཐང་གཞན་ཞིག་བྱུང་ན་ནི་རིག་གནས་ཀྱི་རིན་ཐང་ཡིན་ཞིང་། སྒྱུ་རྩལ་ཞེས་ཀྱང་བྱ་བས།11 དེ་ནི་བསམ་པའི་མྱོང་བྱ་ལས་དངོས་སུ་བཀོལ་དུ་མི་རུང་བས་བརྙན་འཕྲིན་གྱི་ལེ་ཚན་སྒྲིག་སྦྱོར་བྱེད་པའི་སྐབས་སུ། ཚོང་བརྡའམ་ཁྱབ་བསྒྲགས་ལྟ་བུར་མཚོན་ན་དངོས་པོའི་བཀོལ་སྤྱོད་ཀྱི་རིན་ཐང་གཙོར་འདོན་པ་དང་། རིག་གནས་སྒྱུ་རྩལ་གྱི་ལེ་ཚན་སོགས་སུ་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་། སྒྱུ་རྩལ་གྱི་རིན་ཐང་མཐོ་བའི་ཆ་འདེམ་འགོད་དང་སྒྲིག་སྦྱོར་བྱས་ཏེ། ངོ་སྤྲོད་གསལ་བོ་བྱ་དགོས་སྙམ་མོ། །
གཉིས་པ། རིག་གནས་ལ་མི་རིགས་དང་ས་གནས་ཀྱི་ཚད་བཀག་མེད་ཅིང་། གནས་ཡུལ་དང་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དེའང་གཙོ་བོ་མི་རིགས་ཀྱི་རིག་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་ཕྱོགས་ན་མཆིས་པ་དང་། དེ་ཡང་གཙོ་བོ་བསམ་བློའི་རིག་གནས་ཏེ། རྩོམ་རིག་དང་སྙན་ངག གླུ་བྲོ་དང་གཞས་གར། ཆོས་ལུགས་དང་སྐད་ཆ། འདུ་ཤེས་དང་གོམས་སྲོལ་བཅས་ཀྱི་ཆ་ན་ཡོད་པ་དང་། གསར་སྐྲུན་ཐམས་ཅད་མིའི་དབང་བོའི་ནུས་པ་ཇི་ལྟར་ཆེར་སྐྱེད་པའི་ཐབས་ལས་བྱུང་ཞིང་། སྒྱུ་རྩལ་གྱི་བྱེ་བྲག་གང་ཡིན་ཡང་ཡོད་ཚད་མི་ལ་བརྟེན་ནས་བྱུང་ཞིང་། སྒྱུ་རྩལ་གྱི་ལྟེ་བ་མི་ཡིན་པས། བརྙན་འཕྲིན་སྒྱུ་རྩལ་གྱིས་ཀྱང་མི་ལ་བསྟུན་དགོས་ཤིང་མི་མཚོན་དགོས་པ་སྨོས་མ་དགོས་ལ། བརྙན་འཕྲིན་དུ་བཀོད་པའི་ཡུལ་ལྗོངས་དང་གནས་བཤད། གཏམ་རྗོད་དང་བྱ་བྱེད་སོགས་ཀྱང་ངེས་པར་མི་སྣའི་སེམས་ཀྱི་འདུ་འགོད་ཀྱི་འཕེལ་རིམ་དང་མཐུན་དགོས། བརྙན་འཕྲིན་རྩོམ་རིག་ཅིག་ལ་མཚོན་ན། རྩོམ་རིག་སྤྱི་དང་འདྲ་བར་དོན་གྱི་བྱུང་རིམ་དང་ཡུལ་ལྗོངས་འཁྲབ་ཆས་ཀྱིས་མི་སྣའི་སྣང་བརྙན་གསར་བཞེངས་བྱེད་པ་ལ་ཕན་བསྐྱེད་དགོས་པར་མ་ཟད། ངེས་པར་དུ་མི་སྣ་དེ་ལ་སྐད་ཆ་བཤད་དུ་འཇུག་དགོས། རྒྱུ་མཚན་ནི་སྐད་ཆས་མི་སྣ་དེའི་ནང་སེམས་ཀྱི་འགྱུར་བ་མཚོན་པའི་དུས་མཚུངས་སུ་མི་སྣ་དེའམ་མི་རིགས་དེའི་རིག་གནས་གོམས་སྲོལ་ཡང་མངོན་པར་མཚོན་གྱིན་ཡོད་པའི་ཕྱིར་རོ། །
བརྙན་འཕྲིན་དུ་ཆེད་དུ་བཀོད་པའི་བྱུང་རིམ་གང་ཡིན་ཡང་མི་སྣ་དེ་ཉིད་གང་དུ་གཏོགས་པའི་མི་རིགས་དེའི་འཚོ་བའི་གོམས་སྲོལ་དང་། བསམ་བློའི་འཁྱེར་སོ་དང་ངེས་པར་མཐུན་དགོས་ཏེ། 《པཎ་ཆེན་རིན་པོ་ཆེ་ཤར་དུ་སྐྱོད་པ》)12 ཞེས་པར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཤར་ཕྱོགས་རྒྱལ་པོའི་ཕོ་བྲང་དུ་ཕེབས་པའི་ལམ་བར་ཞིག་ཏུ་ན་བཟའ་སྐུ་ལ་བཞེས་པའི་སྐབས་སུ་སྣམ་སྦྱར་རྐང་ནས་གྱེན་དུ་གསོལ་བའི་བྱུང་རིམ་ཞིག་བཀོད་པར་འདུལ་བའི་གཞུང་དང་ཀུན་ནས་མི་མཐུན་པ་དང་། 《སྒོར་མོ་འཚོལ་བའི་མི》13 ཞེས་པའི་བརྙན་འཕྲིན་ཟློས་གར་ཞིག་གི་ནང་དུ་ཁ་ཆེ་པ་ཞིག་ལ་འཕྱི་བའི་ཤ་ཟ་བའི་བྱུང་རིམ་བཀོད་པ་མི་རིགས་དེའི་འཚོ་བའི་གོམས་སྲོལ་དང་གཏན་ནས་མི་མཐུན་ཏེ། དཔེར་ན། ཡོ་རོབ་གླིང་དུ་སྡོད་པའི་ཆོས་ལུགས་མི་འདྲ་བའི་མི་རིགས་སྤྱིའི་གོམས་སྲོལ་ལ་སུག་པ་གཉིས་དང་གཤོག་པ་ཅན་ནམ་མཁར་འཕུར་བའི་འདབ་ཆགས་དང་། རྐང་ལག་མེད་ཅིང་གཤོག་པ་ཅན་ཆུ་ན་གནས་པའི་ཉའི་རིགས་དང་། རྐང་ལག་བཞི་རྨིག་པ་ཁ་ཕྱེ་ཞིང་སྐྱུག་ལྡད་བྱེད་པའི་སྲོག་ཆགས་ནོར་ལུག་ར་མ་སོགས་ཀྱི་ཤ་ཟ་ཡང་། རྐང་ལག་བཞི་ཅན་གཤོག་པས་མཁའ་ལ་རྒྱུ་བ་ཕ་ཝང་ལྟ་བུ་དང་། རྐང་ལག་ལ་སྡེར་མོ་ཅན་འཕྱི་བ་ལྟ་བུ་དང་། རྐང་ལག་བཞི་གའི་རྨིག་པ་ཁ་ཕྱེ་ཡང་སྐྱུག་ལྡད་མི་བྱེད་པའི་ཕག་པ་ལྟ་བུའི་ཤ་སྤྱིར་བཏང་དུ་མི་ཟ་བ14 དེ་དང་དེ་འདྲའི་བརྙན་འཕྲིན་ལེ་ཚན་གྱིས་མི་རིགས་དང་མི་རིགས་བར་ལ་འགལ་བ་ཆེན་པོ་བཟོ་ཞིང་ཕན་ལས་གནོད་སློང་ངེས། གཞན་ཡང། དོན་དངོས་སུ་དེ་འདྲ་ཡིན་སྲིད་ཀྱང་མི་རིགས་ཀྱི་བརྩེ་དུང་ལ་གནོད་པ《བོད་ལྗོངས་ཀྱི་འཕོ་འགྱུར》ཞེས་པར་ཆེད་དུ་བསྒྲིགས་པའི་དཀྲུགས་ཇ་འཐུངས་པས་དམག་མི་མང་པོ་སྐྱུག་པའི་རྣམ་པ་དེ་འདྲའང་མི་རིགས་བརྙན་འཕྲིན་གྱི་ནང་དུ་ངེས་པར་འདོར་དགོས་པར་སྙམ་མོ། །
བརྙན་འཕྲིན་སྒྱུ་རྩལ་ནི་གཙོ་བོ་བརྙན་ཤེལ་གྱི་སྣང་བརྙན་ལས་གྲུབ་ཀྱང་། བརྙན་འཕྲིན་སྒྱུ་རྩལ་གསར་བཟོ་བྱེད་པའི་གོ་རིམ་ནང་དུ་རྩོམ་རིག་གི་མཚོན་ཐབས་དང་། རྩོམ་རིག་གི་སྐད་ཆ་ཕྱོགས་སུ་དོར་ཏེ། སྣང་བརྙན་ཁོ་ནར་བརྟེན་པའི་བརྙན་འཕྲིན་གྱི་སྒྱུ་རྩལ་རང་རྐྱ་འཕེར་བ་ཞིག་བཟོ་བ་མ་ཡིན་པར། རྩོམ་རིག་སྤྱིའི་མཚོན་ཐབས་ལེགས་པར་འདོན་སྤེལ་བྱེད་པའི་རྨང་གཞིའི་ཐོག སྣང་བརྙན་རེ་རེར་མཚོན་དོན་ཟབ་མོ་དང་། སྒྲ་དབྱངས་རེ་རེར་ཚོར་བས་ཕྱུག་པར་བྱས་ཚེ། ད་གཟོད་སྣང་བརྙན་དེ་ལ་རྣམ་པར་ཤེས་པའི་དཔལ་ཐོབ་ཅིང་། གཟུགས་ལ་སྲོག་ལྡན་པ་དང་། སྒྲ་ལ་དོན་ལྡན་པས། བརྙན་འཕྲིན་སྒྱུ་རྩལ་དེ་སྐད་ཆའི་སྒྱུ་རྩལ་ཁོ་ན་ལས་ཐོལ་གྱིས་བརྒལ་ཏེ། སྒྲ་རིས་མཉམ་འབྲེལ་གྱི་སྒྱུ་རྩལ་གྱི་རིམ་པ་མཐོ་ཤོས་ཤིག་ཏུ་འཕོ་ཞིང་། སྒྲ་དང་གཟུགས་དེའི་འབྱུང་རྒྱུར་གྱུར་པའི་མི་རིགས་ཆེ་གེ་མོའི་རིག་གནས་ཀྱི་བྲོ་བག་ཟབ་མོ་བརྙན་རིས་ཀྱི་འགུལ་སྐྱོད་དང་བསྟུན་ཏེ། རིག་གནས་དེ་ལ་སྔོན་ཆད་རྒྱུས་ཡོད་མེད་གང་རུང་གི་ལྟ་མཁན་མཆོག་དམན་བར་མའི་རྒྱུད་ལ་རང་རང་གི་བློ་སྟོབས་དང་མཐུན་པའི་མྱོང་བ་ཞིག་བསྐྱེད་ཐུབ་ན་ནི། བརྙན་འཕྲིན་གྱི་ནུས་པ་ཀུན་ནས་འགྲུབ་པར་བལྟ་འོས་པས། བརྙན་འཕྲིན་གྱི་ལས་ཀ་གཉེར་བའི་གསར་འགོད་པ་དང་། སྒྲིག་སྦྱོར་བ། ལྟ་སྐུལ་བ་བཅས་ལ་བརྙན་འཕྲིན་གྱི་ཤེས་བྱ་དང་། རྩོམ་རིག་མཛེས་རིག དམངས་སྲོལ། སེམས་ཁམས་རིག་པ་སོགས་ཀྱི་ཡོན་ཚད་ངེས་ཅན་ལྡན་དགོས་སྙམ།
དེ་ལྟར་མི་རིགས་བརྙན་འཕྲིན་གྱི་རྒྱུ་ཆ་འདེམ་འགོད་དང་། མི་རིགས་ཀྱི་ཁྱད་ཆོས་ཇི་ལྟར་འདོན་སྤེལ་བྱེད་པ་རགས་ཙམ་བསྟན་ནས། ད་ནི་བརྙན་འཕྲིན་གྱིས་བོད་ཀྱི་རིག་གནས15 ཇི་ལྟར་སྤེལ་ཚུལ་བཤད་པ་ལ་གཉིས་ཏེ། བརྙན་འཕྲིན་ལ་བརྟེན་ནས་བརྡ་འཕྲིན་བསྡུ་ལེན་བྱེད་པ་དང་། བརྙན་འཕྲིན་གྱིས་བོད་ཀྱི་རིག་གནས་དར་སྤེལ་དུ་གཏོང་བའོ། །
དེ་ལས་དང་པོ་ནི། ཇི་སྐད་དུ། སྐད་ཆ་ཡང་རིག་གནས་དང་འདྲ་བར་རང་ཁ་རང་གསོ་བྱེད་ཐུབ་པ་ཧ་ཅང་ཉུང16 ཞེས་པ་ལྟར། མི་རིགས་གང་དང་གང་ཡིན་ཡང་རང་ཉིད་ཀྱི་རིག་གནས་ཁོ་ན་མཁྲེགས་འཛིན་བྱས་ཏེ། མི་རིགས་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་རིག་གནས་ནང་འདྲེན་ཅི་ཡང་མ་བྱས་ཚེ། མི་རིགས་དེ་ཉིད་སའི་གོ་ལ་འདིར་གནས་ཐབས་མེད་ལ། དེ་འདྲ་ཞིག་ལོ་རྒྱུས་ཀྱི་དུས་སྐབས་གང་དུ་ཡང་མ་བྱུང་བས། གཞན་གྱི་རིག་གནས་ཀྱིས་རང་ཉིད་ཀྱི་ལུས་ཟུངས17 གསོ་དགོས་པ་ནི། རྩམ་པ་ཁོ་ན་མ་གཏོགས་ཟས་བཅུད་གཞན་འོས་འཚམ་གྱིས་བསྟེན་ཏེ་རང་ལུས་གསོ་བར་བྱེད་པ་དང་ཀུན་ནས་མཚུངས་ཤིང་། བརྙན་འཕྲིན་ལ་ཚགས་པར་དང་རླུང་འཕྲིན་སོགས་དང་ཐུན་མོང་བའི་གསར་འགྱུར་དང་བགྲོ་གླེང་། རྩེད་འཇོ་དང་སྤྱི་ཚོགས་སློབ་གསོ། ཤེས་བྱ་ཁྱབ་སྤེལ་དང་སྤྱི་ཚོགས་ཞབས་ཞུའི་ནུས་པ་དང་འགན་འཁྲི་ལྡན་པར་མ་ཟད། བགྲོ་རིམ་གསར་འཛུགས་ཀྱི་ནུས་པ་སྟེ། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྟུད་མར་ནང་དོན་ག་གེ་མོ་ཞིག་གཙོ་གནད་དུ་བཟུང་ནས། ལྟ་མཁན་རྣམ་པའི་མིག་དབང་དོན་གནད་གཅིག་གི་སྟེང་ལ་སྡུད་པ་དང་གཅིག རིག་གནས་སྒྲིག་སྲོལ་གསོ་བའི་ནུས་པ་སྟེ། བོད་ཀྱི་སྔོན་ཐོན་གྱི་ཤུལ་བཞག་རིག་གནས་དང་། མི་ཆོས་འདུ་ཤེས། ཐ་ན་སྤྱི་ཚོགས་འཕེལ་རྒྱས་ལས་ཐོན་པའི་རིག་གནས་གསར་བའི་སྒྲིག་སྲོལ་དང་བཅས་པ་བརྙན་འཕྲིན་བརྒྱུད་དེ་ཀུན་གྱི་ཡིད་ལ་འཇགས་སུ་འཇུག་པ་དང་གཉིས། མི་མང་པོ་བརྡ་འཕྲིན་བེད་སྤྱོད་བྱེད་པར་ཞུགས་པའི་གོ་སྐབས་ཡངས་པ་སྟེ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མི་མང་པོ་ཞིག་བརྙན་འཕྲིན་བརྡ་འཕྲིན་བེད་སྤྱོད་བྱེད་པའི་ལས་ཀ་དངོས་ལ་ཞུགས་པའི་གོ་སྐབས་བརྡ་འཕྲིན་གཞན་ལས་ལྷག་པར་མང་བ་དང་གསུམ། ཟླ་གཅིག་སྣོད་བརྒྱར་ཅིག་ཅར་འཆར་བའི་ནུས་པ་སྟེ། སྤྱི་ཚོགས་འཚོ་བ་དངོས་ལས་མིའམ་དོན་དག་ཅིག་བརྙན་འཕྲིན་བརྒྱུད་དེ་ཀུན་ལ་བསྟན་ཅིང་བསྒྲགས་པ་ན། ལྟ་མཁན་ཀུན་གྱི་ཡིད་ཀྱི་མེ་ལོང་དུ་སྣང་བརྙན་དེ་གསལ་ལེར་འཆར་ཞིང་། དངོས་སུ་མཇལ་བ་ལྟར་གྱི་དྲན་པ་བརྟན་པོ་བསྐྱེད་ཅིང་ཁྱབ་རྒྱ་ཆེ་བ་དང་བཞི། འབྲེལ་འདྲིས་བགྲོ་གླེང་གི་ནུས་པ་སྟེ། བརྙན་འཕྲིན་གྱི་ཁྱབ་ཡུལ་ཆེ་བའི་དབང་གིས། ས་ཆ་ག་གེ་མོ་ཞིག་གི་མཛེས་ལྗོངས་དང་ལྟད་མོ་ཅི་རིགས་ཡུལ་གཞན་ན་སྡོད་པའི་མི་གཞན་གྱིས་ཀྱང་མྱོང་བར་འགྱུར་བ་བཅས་ནུས་པ་ལྔ་ལྡན་ཞིང་། སུ་ཞིག་གིས་བརྙན་འཕྲིན་ལས་ཐོན་པའི་བརྡ་འཕྲིན་དེ་དག་བེད་སྤྱད་དེ། རང་ཉིད་ཀྱི་མི་རིགས་དེའི་སྔར་ཡོད་ཀྱི་རིག་གནས་རྣམས་གོ་རིམ་ཅན་དང་། གཏན་ཚིགས་ཅན། བརྡ་འཕྲིན་ཅན་དུ་བསྒྱུར་རྒྱུ་ནི་བོད་ཀྱི་རིག་གནས་ཀྱི་ཚོང་ཟོང་བྲིན་པའི་ཐོག་མའི་ལས་སུ་འཁུམས་ཤིང་། བོད་ཀྱི་རིག་གནས་དེང་རབས་ཅན་དུ་འགྱུར་བའི་སྟ་གོན་དུའང་ངེས་ཏེ། བོད་ཀྱི་རིག་གནས་ཀྱི་དྭངས་མ་རྣམས་དེང་རབས་ཀྱི་ཚོང་རྫས་སུ་བསྒྱུར་བ་ལ། དེང་རབས་ཀྱི་ཚོང་རྫས་ལ་ཁྱད་ཆོས་གང་དག་མཆིས་པ་དང་། གང་ལ་བྲིན་པའི་མི་རིགས་སོ་སོའི་འདུ་ཤེས་དང་ཟས་བཅུད་བསྟེན་ལུགས་དང་། ཡུལ་དེའི་ཚོང་རའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་རྙེད་དགོས་ཤིང་། དེ་འཚོལ་བའི་ཐབས་ཤིག་ནི་བརྙན་འཕྲིན་གྱི་བརྡ་འཕྲིན་བསྡུ་ལེན་བྱེད་པ་དེ་ཡིན་པས། རང་ཉིད་ཀྱི་རིག་གནས་ཡར་སྤེལ་བ་ལ། ཐོག་མར་གཞན་གྱིས་ཇི་ལྟར་བྱེད་པའི་ཐབས་ཤེས་དགོས་པ་གནད་དམ་པར་མངོན་ནོ། །
གཉིས་པ་ནི། བོད་ཀྱི་རིག་གནས་གཞན་ལ་བསྒྲགས་པའི་དམིགས་ཡུལ་མཐར་གཏུགས་ན། གཞན་གྱི་ལོག་རྟོག་བཟློག་པ་དང་། ཡང་དག་པར་ཤེས་སུ་འཇུག་པ་གཉིས་ལས་མི་འདའ་ཞིང་། དེ་ཡང་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ལྟར། གཞན་ལས་རང་ཉིད་རང་གི་མི་རིགས་དེ་ལ་འདྲིས་ཆ་ཆེ་ཕྱིར། མི་རིགས་བརྙན་འཕྲིན་གྱི་ལས་ཀ་མི་རིགས་རང་ཉིད་ཀྱིས་བྱ་དགོས་པ་གཞིར་བྱས་པའི་ཐོག བརྙན་འཕྲིན་གྱིས་བརྡ་འཕྲིན་སྐྱེལ་ཐབས་དང་དེའི་བརྒྱུད་རིམ་ཁྱད་ཆོས་དང་བཅས་པ་ལ་བློ་འབྱོངས་པར་བྱ་དགོས། དེ་ཡང་བསྡུས་ན་གཤམ་གྱི་དོན་ཚན་འགར་འདུས་ཏེ།
(1)དངོས་ཡུལ་དངོས་སྐྱེལ་གྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱེད་པ། བརྡ་ཐབས་གཞན་ལས་ལྷག་པའི་བརྙན་འཕྲིན་གྱི་ཁྱད་རྟགས་ཤིག་ནི། དངོས་ཡུལ་དངོས་སུ་ལེན་གཏོང་དང་བརྒྱུད་སྒྲོག་བྱེད་པ་དེ་ཡིན་ཏེ། བརྙན་འཕྲིན་གྱིས་ཡུལ་དུས་ངེས་ཅན་ཞིག་ལ་དམིགས་ཏེ། མི་དང་དོན། ཡུལ་དང་ཆོས་གང་རུང་གི་གཟུགས་ཀྱི་སྣང་ཚུལ་དང་། དངོས་ཡུལ་གྱི་རྣམ་པ། མི་དང་མིའི་ལབ་གླེང་དང་བཅས་པ་ཇི་བཞིན་མཚོན་པར་བྱེད་སྟབས། མིའི་ཤེས་རྒྱའམ་བསམ་བློའི་མཐོ་དམན་གྱི་ཁྱད་པར་གྱིས་དཔྱད་གཞིའི་ཡི་གེ་ཁོ་ན་ལས་བྱུང་བའི་འཆར་རྟོག་གི་རྒྱ་ཡན་རང་བཞིན་ཡོངས་སུ་སྤོང་ཞིང་། མིག་རྣ་ཡིད་གསུམ་མཉམ་འབྲེལ་གྱིས་བསྟན་བྱའི་ཡུལ་དེའི་ཆ་ཐམས་ཅད་ལ་ངེས་ཤེས་གསལ་ལ་དོན་དངོས་དང་མཐུན་པ་ཞིག་བསྐྱེད་པས། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་གསལ་བོར་གཞན་ལ་སྟོན་ཐུབ་བོ། །
(2)བརྙན་ཡོལ་གྱི་མི་སྣའི་ལབ་གླེང་ལ་དོ་སྣང་བྱེད་པ། སྐད་ཆ་ནི་མིའི་བསམ་བློ་བརྗེ་རེས་བྱེད་སྤྱད་ཀྱི་ཡོ་བྱད་དང་། བསམ་གཞིགས་ཀྱི་རྟེན་གཞི་ཉག་གཅིག་ཏུ་གྲུབ་པས། མིས་སྐད་ཆ་བཤད་པའི་བརྒྱུད་རིམ་ནི་བསམ་བློའི་གནས་སྐབས་ཕྱིར་མངོན་པའི་བརྒྱུད་རིམ་ཡིན་ལ། མི་སྣ་དེ་གང་ལ་གཏོགས་པའི་མི་རིགས་དེའི་རིག་གནས་ཁྱད་ཆོས་གཞན་ལ་སྟོན་པའི་བརྒྱུད་རིམ་ཡང་ཡིན་པས། མི་སྣ་དེས་སྐད་ཆ་གང་ལྟ་བུ་ཞིག་བཤད་པ་དང་། ཇི་ལྟར་བཤད་པ་ལ་དོ་སྣང་བྱ་དགོས་པར་མ་ཟད། སྐད་ཆའི་བརྗོད་ལུགས་དང་། ལུས་ཀྱི་ཉམས་འགྱུར་དང་བཅས་པ་མི་རིགས་དེའི་རིག་གནས་གོམས་སྲོལ་དང་མཐུན་དུ་འཇུག་དགོས་ལ། འཆད་མཁན་མི་སྣར་བརྩི་འཇོག་བྱེད་པ་བརྒྱུད་དེ། དེའི་བསམ་དོན་ངོ་མ་ལྷུག་སྩོལ་ཡོང་བའི་ཐད་ལ་འབད་པའང་བྱ་དགོས།
(3)བརྩེ་དུང་གིས་ཡིད་སེམས་འགུགས་པ། ལྟ་མཁན་གྱི་ཡིད་འགུལ་དུ་འཇུག་ཐུབ་མིན་ནི། བརྙན་འཕྲིན་དེ་ལེགས་འགྲུབ་བྱུང་མ་བྱུང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། དེ་ནི་རྒྱུ་ཆ་འདེམ་འགོད་དང་སྒྲིག་སྦྱོར། འགོ་འཛིན་པའི་གཏམ་སྦྱོར་དང་བརྗོད་ལུགས། སྒྲ་དབྱངས་ཀྱི་སྦྱོར་སྡེབ་སོགས་ཀྱི་ཆ་ཐམས་ཅད་ལ་རག་ལས་ཤིང་། དོན་གྱི་བྱུང་རིམ་གྱིས་ཡིད་ཀྱི་འགྱུར་བ་སློང་བ་དང་། ཡིད་འགྱུར་གྱི་འདུ་འགོད་ནི་བརྙན་འཕྲིན་གྱི་སྒྱུ་རྩལ་དང་མི་རིགས་ཀྱི་ཁྱད་ཆོས་མཚོན་ཐབས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་ན། དངོས་དོན་གྱིས་བདེན་པ་བརྡར་ཞིང་། བྱུང་རིམ་རེ་རེས་ལྟ་མཁན་གྱི་ཡིད་ལ་ངེས་འབྱུང་གཡོ་བའི་ཆོས་ཉིད་རྩལ་ཏུ་འདོན་དགོས།
(4)བརྙན་འཕྲིན་བརྒྱུད་སྒྲོག་གི་སྐུད་བརྒྱུད་སྐྱོན་ཆ་སེལ་དགོས་པ། བརྙན་འཕྲིན་མེ་ལོང་དུ་གཟུགས་བརྙན་འཆར་བ་ལྟར། གཟུགས་མ་བསྒྱུར་ན་མེ་ལོང་གི་གཟུགས་བརྙན་ལ་འགྱུར་བ་མེད་པ་ལྟ་བུ་ཞིག་མ་ཡིན་པར། དོན་རྐྱེན་གཅིག་གི་སྣེར་གཅིག་མཐུད་དེ། སྐད་ཅིག་ཉིད་ལ་མིག་ལམ་དུ་ཡལ་ནས་འགྲོ་ཞིང་། གཟུགས་བརྙན་དང་སྐད་ཆ་ངེས་པར་དུ་འབྲེལ་ཆགས་དགོས་པར་མ་ཟད། འགྲེལ་བཤད་བྱེད་པའང་ལབ་གླེང་དང་ཡིག་ཆ་ཀློག་འདོན་བྱེད་པ་དང་ཀུན་ནས་མི་མཚུངས་པས། བརྙན་འཕྲིན་སྒྲིག་སྦྱོར་གྱི་གོ་རིམ་ནང་དུ་དོན་སྔ་མ་སླར་མི་འཆར་བའི་སྐུད་བརྒྱུད་ཀྱི་རང་བཞིན་ལ་དོ་སྣང་བྱས་ཏེ། གཟུགས་མཐོང་ཚེ་སྒྲ་ཐོས་པ་དང་། སྒྲ་གོ་ན་དོན་རྟོགས་པའི་མིའི་ཡིད་འཛིན་གྱི་ནུས་པ་མཐུད་སྦྱོར་བྱ་དགོས།
གོང་དུ་བཤད་ཟིན་པ་ལྟར། བརྙན་འཕྲིན་སྒྲིག་སྦྱོར་བྱེད་པ་ལ་བརྙན་འཕྲིན་བརྡ་འཕྲིན་གྱི་ཆོས་ཉིད་དང་བསྟུན་དགོས་པ་མ་ཟད། བརྙན་འཕྲིན་གྱི་མཚོན་བྱའི་ཡུལ་གཉིས་ཏེ། དངོས་དོན་དངོས་ཡུལ་བརྒྱུད་སྒྲོག་བྱེད་པ་དང་། ཆེད་སྒྲིག་ཆེད་བཟོའི་བསྐྱར་བཞེངས་ཀྱི་ཡུལ་གང་ལའང་བརྙན་འཕྲིན་སྒྲིག་སྦྱོར་པ་རང་ཉིད་ཀྱི་འདུ་ཤེས་དང་། དེང་རབས་ཀྱི་ལྟ་བས་ཅུང་ཟད་ཀྱང་མ་བསླད་པར། དངོས་ཐོག་བདེན་འཚོལ་དང་། མཐུན་སྒྲིལ་ཡར་སྐུལ་གྱི་ཀུན་ནས་བསླངས་ཏེ། ཡུལ་དུས་གནས་བབ་གང་འདྲ་ཞིག་ཏུ་རིག་གནས་དེ་ལ་ནུས་པ་དང་རིན་ཐང་གང་དག་ལྡན་པ་དྲང་བོར་མཚོན་དགོས་ཏེ། རིག་གནས་གང་ཡིན་ཡང་ད་ལྟའི་བར་ཏུ་གནས་ཤིང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཡོད་ན། དེ་ལ་རིན་ཐང་ངེས་ཅན་ཡོད་པ་སྨོས་མ་དགོས་པའི་ཁར། དེང་རབས་ཀྱི་འདུ་ཤེས་ཀྱིས་བོད་ཀྱི་རིག་གནས་ལ་དབྱེ་ཞིབ་བྱས་ཏེ། མཆོག་དམན་གྱི་ཁྱད་པར་འབྱེད་པ་ནི་ཆེས་སླ་བའི་ཐབས་ཤིག་ཡིན་ལ། ཆེས་འགན་མི་འཁུར་བའི་ཐབས་ཤིག་ཀྱང་ཡིན་པའི་ཕྱིར་རོ། །