ཞི་ཅིན་ཕིང་གིས་དམངས་དོན་ཁྲིམས་གཞུང་སྐོར་ལ་འདི་དག་གསུངས་འདུག
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-01
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པའི་ཐོག་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས། ཁྲིམས་ལྟར་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་སྔར་ལས་ལྷག་པ་བྱེད་དགོས་པའི་ནན་སྟོན་གནང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ་5པའི་ཚེས་29ཉིན་གྱི་ཕྱི་དྲོར་དམངས་དོན་ཁྲིམས་གཞུང་ལག་བསྟར་ཏན་ཏིག་བྱ་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་ཉི་ཤུ་པ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དམངས་དོན་ཁྲིམས་གཞུང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་ནང་གནས་བབ་གལ་ཆེན་བཟུང་ཡོད་པ་དང་། རྩ་བ་སྲ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་ཡོང་བ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་རྨང་གཞིའི་རང་བཞིན་གྱི་ཁྲིམས་ལུགས་ཤིག་ཡིན་ཞིང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་གང་མགྱོགས་འཛུགས་སྐྱོང་བྱ་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་གྱི་མ་ལག་སྲ་བརྟན་དུ་གཏོང་རྒྱུ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་ཡོངས་ཀྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། མི་དམངས་ཀྱི་ཁེ་དབང་ལ་འགན་ལེན་དེ་བས་ཡག་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དམངས་དོན་བཅའ་ཁྲིམས་ཁང་གི་ཀྲུའུ་རིན། ཀྲུང་གོའི་ཁྲིམས་ལུགས་རིག་པ་ཚོགས་པའི་སྲིད་འཛིན་ཁྲིམས་ལུགས་རིག་པའི་ཞིབ་འཇུག་ཁང་གི་ཚོགས་གཙོ་གཞོན་པ་བློ་མཐུན་ཧོང་ཝེ་ཡིས་གནད་དོན་དེའི་ཐད་གསལ་འགྲེལ་གནང་ཡོད་པ་དང་། བསམ་འཆར་དང་གྲོས་འགོ་བཏོན་ཡོད།
ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་༽ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཁྲིམས་གཞུང་གི་མིང་ཐོག་ནས་བཏོན་པའི་ཁྲིམས་ལུགས་ཐོག་མ་དེ་ཡིན་ཞིང་། དེ་ནི་དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཐེངས་འདིའི་མཉམ་སྡེབ་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཡོང་རྒྱུ་དང་། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུ་དེ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རང་རྒྱལ་གྱི་གསར་བརྗེ་དང་། འཛུགས་བསྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་མཚམས་ཁག་ལ། རང་རེའི་ཏང་གིས་དམངས་དོན་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་དམངས་དོན་ཚོང་དོན་ཁྲིམས་ལུགས་འཛུགས་སྐྲུན་བྱེད་པའི་གོམས་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་། སྔ་རྗེས་སུ་དམངས་དོན་དང་ཚོང་དོན་གྱི་ཁྲིམས་ལུགས་ཁག་མང་པོ་ཞིག་གཏན་འབེབས་དང་བཟོ་བཅོས་བྱས་ནས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུར་རྨང་གཞི་བཏིངས་ཡོད་པ་དང་། ཉམས་མྱོང་གསོག་འཇོག་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ལག་ལེན་འཕེལ་རྒྱས་ཀྱི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ནས། དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་དེ་གལ་ཆེན་གྲོས་རིམ་ནང་བཞག་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་གཏན་འབེབས་བྱས་ཡོད་པ་དང་། དེའི་ནང་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱ་རྒྱུར་བཀོད་སྒྲིག་བྱས་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག ལོ་5ལྷག་ཙམ་གྱི་ལས་ཀ་སྤེལ་བ་བརྒྱུད། དམངས་དོན་ཁྲིམས་གཞུང་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད་པས། མི་རབས་ཁ་ཤས་ཀྱི་བསམ་འདུན་མངོན་གྱུར་བྱུང་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དམངས་དོན་ཁྲིམས་གཞུང་ནང་ཀྲུང་གོ་གསར་པས་ལོ་ངོ་70ལྷག་གི་ནང་ཡུན་རིང་ལག་བསྟར་བྱས་ནས་གྲུབ་པའི་དམངས་དོན་བཅའ་ཁྲིམས་ཚད་ལྡན་ཆད་ལུས་མེད་པར་ལེགས་སྒྲིག་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་5000ལྷག་རིང་གི་ཕུལ་བྱུང་ཁྲིམས་ལུགས་རིག་གནས་ཉིང་སྡུད་བྱས་པ། མིའི་རིགས་ཀྱི་ཁྲིམས་སྐྱོང་ཤེས་དཔལ་འཛུགས་སྐྱོང་ཁྲོད་ཀྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་འཛིན་ཡོད། དེ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་མངོན་པ་དང་། མི་དམངས་ཀྱི་ཁེ་ཕན་དང་བསམ་འདུན་དང་མཐུན་པ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་ཞིང་། དེ་ནི་ཚེ་སྲོག་བདེ་ཐང་དང་། རྒྱུ་ནོར་བདེ་འཇགས། ཉོ་ཚོང་སྟབས་བདེ། འཚོ་བ་བདེ་སྐྱིད། མི་གཞིའི་ལ་རྒྱ་སོགས་ཐད་ཀྱི་དབང་ཆ་འདྲ་མཉམ་ངང་སྲུང་སྐྱོང་བྱེད་པའི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་པ། དེ་ནི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་། ལག་ལེན་དངོས་ཀྱི་ཁྱད་ཆོས་ལྡན་པ། དུས་རབས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་དམངས་དོན་ཁྲིམས་གཞུང་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དམངས་དོན་ཁྲིམས་གཞུང་གི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱ་རྒྱུ་གསལ་པོ་བཤད་རྒྱུ་ནི་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞིང་། དེ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་ཆུ་ཚད་དང་ཕན་འབྲས་ནི། རིམ་ཁག་ཏང་སྲིད་ལས་ཁུངས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་སྒྲུབ་པའི་ཚད་གཞི་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་འགན་ནུས་བེད་སྤྱོད་བྱེད་སྐབས་ངེས་པར་དུ་རང་ངོས་ཀྱི་བྱ་སྤྱོད་དང་ལས་སྒོ་སྤེལ་བའི་ཁྱབ་ཁོངས་དང་མཚམས་ཚད་གསལ་པོར་ཤེས་དགོས། རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ལས་དོན་སྤེལ་སྐབས་དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་ལ་བསམ་གཞིགས་བྱས་ནས། མི་དམངས་མང་ཚོགས་ལ་དབང་བའི་ཁྲིམས་མཐུན་དམངས་དོན་དབང་ཆར་བཙན་གནོན་བྱེད་མི་རུང་། དེའི་ནང་མི་ལུས་དབང་ཆ་དང་རྒྱུ་ནོར་དབང་ཆ་ཚུད་ཡོད། འབྲེལ་ཡོད་སྲིད་གཞུང་གི་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱིས་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པ་དང་འགན་དབང་བེད་སྤྱོད་བྱས་ནས། དམངས་དོན་དབང་ཆར་བཙན་གནོན་མི་ཐེབས་པའི་སྲུང་སྐྱོང་བྱ་དགོས་པ་དང་། དམངས་དོན་འབྲེལ་བ་འཆམ་མཐུན་དང་གོ་རིམ་ལྡན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབྲེལ་ཡོད་རྒྱལ་ཁབ་ལས་ཁུངས་ཀྱིས་བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བླང་བྱ་དང་བསྟུན་དགོས་པ་དང་། དམངས་དོན་ཁྲིམས་གཞུང་དང་འབྲེལ་བ་ཡོད་ཅིང་ཕན་ཚུན་ཆ་འགྲིག་ཏུ་གྱུར་བའི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་ཆད་མེད་པར་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ཁྲིམས་འཛིན་འགྲེལ་བརྗོད་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་དང་རྩ་དོན་དང་གཅིག་མཐུན་མིན་པའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཙང་སེལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། བཟོ་བཅོས་རྒྱག་དགོས་པ་རྣམས་བཟོ་བཅོས་དང་མེད་པ་བཟོ་དགོས་པ་རྣམས་མེད་པ་བཟོ་དགོས། བཅའ་ཁྲིམས་གསལ་འགྲེལ་གྱི་ནུས་པ་འདོན་སྤེལ་བྱས་ནས། དུས་ཐོག་ཏུ་བཅའ་ཁྲིམས་གཏན་འབེབས་ཀྱི་གོ་དོན་དང་བཅའ་ཁྲིམས་བེད་སྤྱོད་ཀྱི་གཞི་འཛིན་ས་ཁ་གསལ་བཟོས་ནས། དམངས་དོན་ཁྲིམས་གཞུང་གི་བརྟན་ལྷིང་རང་བཞིན་དང་མཐུན་འཕྲོད་རང་བཞིན་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱ་དགོས། དཔལ་འབྱོར་དང་སྤྱི་ཚོགས་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་ཁེ་ཕན་གྱི་འབྲེལ་བ་སྣ་ཚོགས་ལ་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཁ་ཤས་འཕྲད་ངེས་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལག་རྩལ་འཕེལ་རྒྱས་དང་ཡར་ཐོན་གྱི་དགོས་མཁོ་གསར་པ་དང་འཚམ་པ་བྱས་ཏེ། ལག་ལེན་གསར་པའི་རྨང་གཞིའི་ཐོག་དམངས་དོན་ཁྲིམས་གཞུང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། གཞུང་དྲང་ཤེས་དཔལ་གྱི་ཁྲིམས་འཛིན་ཚད་ལྡན་ནན་པོ་བཟོ་བ་དང་། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་ཐོབ་ཚད་མཐོ་རུ་གཏོང་རྒྱུ་ནི་དམངས་དོན་ཁྲིམས་གཞུང་གི་དབང་གྲགས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། རིམ་ཁག་སྲིད་གཞུང་གིས་དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་བྱ་རྒྱུ་དེ་དམ་འཛིན་བྱེད་ས་གལ་ཆེན་དུ་བརྩིས་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། དམངས་དོན་ཁྲིམས་གཞུང་དེ་སྲིད་འཛིན་ཇུས་གཅོད་དང་། སྲིད་འཛིན་དོ་དམ། སྲིད་འཛིན་ལྟ་སྐུལ་བཅས་ཀྱི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས། བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་ནས་སྤྱི་དམངས་དང་། ཁྲིམས་མི། དེ་བཞིན་རྩ་འཛུགས་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའམ་དེའི་འོས་འགན་མང་དུ་གཏོང་བའི་གཏན་འབེབས་གང་བྱུང་བྱེད་མི་ཆོག སྲིད་འཛིན་ཆོག་འཐུས་དང་། སྲིད་འཛིན་ཆད་གཅོད། སྲིད་འཛིན་བཙན་ཐབས། སྲིད་འཛིན་བསྡུ་ལེན། སྲིད་འཛིན་གྲོན་བསྡུ། སྲིད་འཛིན་ཞིབ་བཤེར། སྲིད་འཛིན་ཁྲུན་གཅོད་སོགས་ཀྱི་བྱེད་སྒོ་ཚད་ལྡན་དུ་བཏང་ནས། ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་དང་མི་སྣ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་དགོས། དམངས་དོན་གྱོད་གཞི་དང་མི་དམངས་མང་ཚོགས་ཀྱི་ཁེ་དབང་བར་ཆེས་ཐད་ཀར་གྱི་འབྲེལ་བ་ཡོད་ཅིང་འབྲེལ་བ་ཟབ་ཤོས་ཀྱང་ཡིན། རིམ་ཁག་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དམངས་དོན་གྱོད་གཞིའི་འདྲི་གཅོད་ཆུ་ཚད་དང་ལས་ཕྱོད་ཆེ་རུ་གཏོང་དགོས། དམངས་དོན་ཁྲིམས་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས། གྱོད་གཞི་སྒྲུབ་གཉེར་གྱི་སྤུས་ཚད་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས། འབྲེལ་ཡོད་དམངས་དོན་ཁྲིམས་འཛིན་གྱི་འགྲེལ་བཤད་དུས་ཐོག་ཏུ་འཐུས་ཚང་དུ་བཏང་སྟེ། དམངས་དོན་ཁྲིམས་གཞུང་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་དགོངས་དོན་དང་གཅིག་མཐུན་ཡོང་བ་བྱེད་དགོས་པ། དམངས་དོན་བཅའ་ཁྲིམས་སྤྱད་འཐུས་ཀྱི་ཚད་གཞི་གཅིག་གྱུར་ཡོང་བ་བྱ་དགོས། རྒྱུ་ནོར་བདག་དབང་སྲུང་སྐྱོང་དང་། མི་གཤིས་དབང་ཆ་སྲུང་སྐྱོང་། ཤེས་བྱའི་བདག་དབང་སྲུང་སྐྱོང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དམངས་དོན་འདྲི་གཅོད་ལས་ཀ་དང་ལྟ་སྐུལ་སློབ་སྟོན་ལས་ཀར་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་སར་དུས་ཐོག་ཏུ་ལན་ཆ་བྱེད་དགོས། དམངས་དོན་ཞིབ་དཔྱོད་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་། ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་རྒུད་སྐྱོབ་ཀྱི་ཐབས་ལམ་ཤར་བགྲོད་ཐུབ་པ་བཅས་བྱས་ཐོག སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས། ཉེས་དོན་གྱོད་གཞིའི་མིང་ཐོག་ནས་དམངས་དོན་རྩོད་གཞི་དང་དཔལ་འབྱོར་རྩོད་གཞིར་ཐེ་ཇུས་བྱེད་རིགས་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། ཁྲིམས་རྩོད་པའི་ལས་གཉེར་ཁང་དང་ཁྲིམས་རྩོད་་པ་སོགས་བཅའ་ཁྲིམས་ཆེད་ལས་ཚན་པ་དང་ཆེད་ལས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མང་ཚོགས་ལ་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་མངོན་འགྱུར་དང་སྲུང་སྐྱོང་བྱེད་རོགས་བྱ་དགོས། དེ་དང་དུས་མཚུངས་མི་དམངས་འདུམ་འགྲིག་དང་ཚོང་དོན་འདུམ་གཅོད་སོགས་སྣ་མང་ཅན་གྱི་རྩོད་གཞི་ཐག་གཅོད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས། བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོབ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་གཞི་རིམ་རྩ་འཛུགས་བརྒྱུད་ དམངས་དོན་རྩོད་གཞི་ཐག་གཅོད་ཏན་ཏིག་བྱས་ཏེ། ཕྱོགས་མང་པོའི་ཐད་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། དམངས་དོན་ཁྲིམས་གཞུང་ལག་བསྟར་ཡག་པོ་བྱེད་དགོས་ན་ངེས་པར་དུ་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་འགྲམ་དུ་སླེབས་པ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པ་བྱེད་དགོས། དམངས་དོན་ཁྲིམས་གཞུང་གི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ཏུ་སྤེལ་ནས། དེ་ཉིད་“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་”རིང་གི་ཁྲིམས་ལུགས་ཁྱབ་གདལ་ལས་ཀའི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཏེ། མང་ཚོགས་ནས་དམངས་དོན་ཁྲིམས་གཞུང་དེ་ནི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་གཞུང་ཞིག་ཡིན་ལ་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་ཚད་གཞི་ཞིག་ཀྱང་ཡིན་པའི་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། རང་རྟོགས་ཀྱིས་ཁྲིམས་སྲུང་བའི་འདུ་ཤེས་ཆགས་པ་དང་། དོན་དག་བྱུང་ཚེ་བཅའ་ཁྲིམས་འཚོལ་བའི་གོམས་གཤིས་ཆགས་པ། གནད་དོན་ཐག་གཅོད་བྱེད་སྐབས་བཅའ་ཁྲིམས་ལ་བརྟེན་པའི་འདུ་ཤེས་དང་ནུས་པ་གསོ་སྐྱོང་བཅས་བྱ་དགོས། དམངས་དོན་ཁྲིམས་གཞུང་དེ་ཉིད་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཅུག་ནས། གཞོན་ནུ་ལོ་ཆུང་གི་དམངས་དོན་ཁྲིམས་གཞུང་སློབ་གསོར་ཤུགས་སྣོན་རྒྱག་དགོས། དམངས་དོན་ཁྲིམས་གཞུང་གི་སྤྱིའི་སྤྱི་ཆིངས་ཀྱི་རྩོམ་སྒྲིག་དང་དོན་ཚན་རྩོམ་སྒྲིག་བྱེད་སྐབས་ནང་དོན་གཙོ་བོ་དང་གནད་དོན་གཙོ་བོར་དམ་འཛིན་བྱ་རྒྱུར་དོ་སྣང་བྱས་ཏེ། དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་དམངས་དོན་བྱེད་སྒོ་འདྲ་མཉམ་དང་། རང་མོས། གཞུང་དྲང་། ཡིད་རྟོན་སོགས་ཀྱི་གཞི་རྩའི་རྩ་དོན་རྒྱས་བཤད་ཡག་པོ་བྱེད་པ་དང་། དམངས་དོན་ཁྲིམས་གཞུང་གི་གཙོ་གཟུགས་འདྲ་མཉམ་རྒྱུན་འཁྱོངས་དང་། རྒྱུ་ནོར་ཁེ་དབང་སྲུང་སྐྱོང་། ཉོ་ཚོང་འཁོར་སྒྱུར་ལ་སྟབས་བདེ་བསྐྲུན་པ། མི་གཤིས་དང་ལ་རྒྱར་སྲུང་སྐྱོང་། ཁྱིམ་ཚང་འཆམ་མཐུན་ལ་སྐུལ་འདེད། ཁེ་དབང་ལ་བཙན་གནོད་བྱེད་པའི་འགན་འཁྲི་རྩད་གཅོད་སོགས་སྐོར་གྱི་གཞི་རྩའི་བླང་བྱ་གསལ་འགྲེལ་ཡག་པོ་བྱེད་པ། དམངས་དོན་ཁྲིམས་གཞུང་གི་གཏན་འབེབས་གསར་པ་དང་གོ་དོན་གསར་པ། དགོངས་དོན་གསར་པ་བཅས་རབ་དང་རིམ་པ་རྒྱས་བཤད་ཡག་པོ་བྱེད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་རྒྱལ་ཚུལ་དང་དོན་དངོས་ལ་གཞིགས་ནས། དམངས་དོན་བཅའ་ཁྲིམས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ཐོག རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ངོ་བོ་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་། ལག་ལེན་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པའི་དམངས་ཁྲིམས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྐད་ཆའི་མ་ལག་གང་མགྱོགས་བཙུགས་ཏེ། དམངས་དོན་ཁྲིམས་གཞུང་ལག་བསྟར་ནུས་ལྡན་བྱེད་པ་དང་རང་རྒྱལ་གྱི་དམངས་དོན་བཅའ་ཁྲིམས་ལམ་ལུགས་གོང་འཕེལ་གཏོང་ཆེད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུ་དྲིལ་བསྒྲགས་དང་། སྐུལ་འདེད། འགན་སྲུང་བཅས་བྱེད་པ་དང་། ཞིབ་བཤེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། དམངས་དོན་ཁྲིམས་གཞུང་ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པར་མིག་དཔེ་འདོན་པ་དང་། དམངས་དོན་ཁྲིམས་གཞུང་སྤྱད་དེ་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་། འགལ་བ་དང་རྩོད་གཞི་སེལ་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་གནང་ཡོད། །