ཀྲུང་གོའི་གསར་འགྱུར་ཁང་གི་སྤེལ་བའི་གསར་འགྱུར། “འབྲུ་རིགས་སྣ་ལྔའི་རི་མོ”ནི་གང་འདྲ་ཞིག་ཡིན་ནམ།
“ང་ཚོའི་ཕ་ཡུལ་ལ་ལོ་ལེགས་འབྱུང་ཆེད་ཞིང་པས་འབྲུ་རིགས་སྣ་ལྔ་སྟར་བསྒྲིགས་ནས་ཚོན་མདོག་སྣ་ལྔའི་རི་མོ་བཟོས་ཏེ་མཆོད་པ་འབུལ་སྲོལ་ཡོད།
གྲོ་ནས་སྐེ་ཚེ་སོགས་འབྲུ་རིགས་སྣ་ཚོགས་ཇུས་འགོད་སྣ་ཚོགས་བྱས་པ་བརྒྱུད་‘འབྲུ་སྣའི་རི་མོ’གྲུབ་པ་རེད།”
བསོད་ནམས་འབུམ་ནི་ད་ལོ་ལོ་42ཡིན་པ་དང་། ཕ་ཡུལ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནས་ཡིན་ཞིང་། ས་གནས་དེ་གར་འབྲུ་རིགས་སྣ་ལྔའི་རི་མོའི་ཀུང་སི་ཞིག་བཙུགས་ཡོད་པ་རེད། ཐོག་དང་པོར་འབྲུ་རིགས་སྣའི་རི་མོ་དང་འབྲེལ་བ་བྱུང་དུས་ནི་ཁོ་རང་ལོ་ཉེར་གཉིས་ཡས་མས་ལ་དབང་རྩ་རང་བཞིན་གྱི་འོན་པའི་ནད་ངོས་འཛིན་བྱས་རྗེས་སུ་ཡིན།
ལོ་ངོ་ཉི་ཤུའི་གོང་ལ། ཐེངས་ཤིག་རླངས་འཁོར་བསྡད་ནས་འགྲོ་དུས་སུ། བསོད་ནམས་འབུམ་གྱིས་གློ་བུར་དུ་རླངས་འཁོར་ནང་གི་མིའི་སྐད་གསལ་པོ་མི་གོ་བར་གྱུར། “ཇི་ལྟར་ཉན་ཡང་རྣ་བས་སྒྲ་གསལ་བོ་ཞིག་གོ་མི་ཐུབ་པར་གྱུར། དབང་རྩ་རང་བཞིན་གྱི་འོན་པའི་ནད་གློ་བུར་དུ་བྱུང་བ་དེས་ངའི་དྲོ་སྐྱིད་ལྡན་པའི་འཚོ་བ་རྩ་བ་ནས་ཟ་ངེ་ཟིང་ངེ་བྱས་སོང་ཟེར།”
དབང་པོ་སྐྱོན་ཅན་དུ་གྱུར་རྗེས། བསོད་ནམས་འབུམ་ལས་ཀ་འཚོལ་དཀའ་བའི་དཀའ་ངལ་ལ་འཕྲད་པ་རེད།
ཐེངས་ཤིག་སྟེས་དབང་གིས་བརྙན་འཕྲིན་ནང་འབྲུ་རིགས་སྣའི་རི་མོ་མཐོང་ཞིང་། མིང་ལ་“འབྲུ་རིགས་སྣའི་རི་མོ་”ཟེར་བའི་བཟོ་རྩལ་ཐོན་རྫས་དེ་ནི་རང་ཉིད་ཆུང་དུས་སུ་ཕ་མས་བཟོས་པའི་“སྐྱིད་སྐལ་ལྷ་མོ”དང་གཅིག་པ་གཅིག་རྐྱང་ཡིན་པ་ཤེས། “ཡིན་ནའང་། འདི་རུ་བཟོས་པའི‘སྐྱིད་སྐལ་ལྷ་མོ’ནི་བཟོ་རྩལ་རྩིང་ཞིང་རྣམ་པ་སྟབས་བདེ་ཡིན། ངས་ཉིན་3རིང་ལ། མ་རྨོས་ལོ་ཏོག་དང་གྲོ་ཡིས་ཆེ་ཞིང་སྒོར་བའི་མེ་ཏོག་ཉི་དགའ་ཞིག་བཟོས་པ་ཡིན། ཕ་མས་མཐོང་དུས་ཡག་པོ་འདུག་ཟེར་ཞིང་། ད་དུང་ང་ལ་བཀྲ་ཤིས་མཚོན་རྟགས་ཅན་གྱི་ཐོན་རྫས་བཟོ་དགོས་པ་སྐུལ་བྱུང་བས་ངས་འདི་ནི་ཚོང་གི་གོ་སྐབས་ཤིག་རེད་བསམ་བྱུང་། ”
འབྲུ་རིགས་སྣ་ལྔའི་རི་མོ་གང་ལྟར་ཡག་པོ་བཟོ་ཐུབ་བམ། གང་འདྲ་བྱས་ཚེ་དྲི་ངན་དང་འབུ། བརླན་བཅས་འགོག་ཐུབ་བམ། ཚ་སྦོས་གྲང་འཁུམ་མི་བྱུང་བར་གང་ལྟར་ཉར་ཚགས་བྱེད་པ་དང་མཛེས་རྒྱན་ཇི་ལྟར་སྤྲས་དགོས་པ་སོགས་ཀྱི་གནད་དོན་གཅིག་རྗེས་གཉིས་མཐུད་དུ་བྱུང་།
“ང་ལ་མཚོན་ན། ཐབས་ཤེས་གཞན་པ་གང་ཡང་མི་འདུག ལེགས་འགྲུབ་བྱུང་མིན་གང་ལྟར་ཡང་‘འབྲུ་རིགས་སྣའི་རི་མོ’འདི་ཐབས་ཤེས་གཅིག་པུ་རེད་”ཅེས་བསམ་བཞིན་བསོད་ནམས་འབུམ་གྱིས་དཀའ་སྡུག་ལ་མ་འཛེམ་པར་ལམ་ཁ་དེ་རུ་བསྐྱོད།
ལོ་ཧྲིལ་བོ་7གྱི་རིང་ལ། ཁྱིམ་དུ་འབྲུ་རིགས་སྣ་ལྔའི་རི་མོའི་བཟོ་རྩལ་སྦྱངས་བ་བརྒྱུད་གཞི་ནས་ལམ་ཁ་ཞིག་རྙེད་པ་རེད། ལོ་ངོ་7རིང་། ཁོང་གིས་ཚོད་ལྟ་དང་ཕམ་ཁ་བགྲང་ལས་འདས་པ་མྱངས་ཡོད། “རི་མོ་གཅིག་ཀྱང་ཕྱིར་འཚོང་མ་ཐུབ་ཀྱང་། ལག་རྩལ་དང་དགའ་སྣང་ནི་ཉིན་རེར་བཞིན་ཇེ་བཟང་དང་ཇེ་ཆེ་རེད།”
“2014ལོར། ངས་མཐའ་རྒྱན་སྤྲས་པའི་འབྲུ་རིགས་སྣ་ལྔའི་རི་མོ་གཉིས་ཁྱེར་ནས་ཞང་སྲིད་གཞུང་དུ་ཞང་ཀྲང་འཚོལ་བར་ཕྱིན་པ་ཡིན། ཞང་ཀྲང་གིས་བལྟས་རྗེས་ང་ལ་རོགས་སྐྱོར་བྱ་རྒྱུ་དང་། ད་དུང་རྫོང་ཁུལ་དུ་ཁང་པ་ཞིག་གླས་ནས་རི་མོ་ཚོང་ས་བྱེད་པའི་གྲོས་འགོ་བཏོན། དེ་ནས་ངས་རང་ཉིད་ཀྱི་རེ་བ་དང་གོ་སྐབས་སླེབས་པ་རྟོགས་བྱུང་།” ཞེས་བསོད་ནམས་འབུམ་གྱིས་བཤད།
བཀྲ་ཤིས་རྟགས་བརྒྱདདང་མཐུན་པ་སྤུན་བཞི་ཡི་འབྲུ་རིགས་སྣའི་རི་མོའི་བརྩམས་ཆོས་གཉིས་ནི་བསོད་ནམས་འབུམ་གྱི་ཚོང་ཐོག་མ་རུ་གྱུར་ཡོད། “ཁྱོན་བསྡོམས་སྒོར་6000བྱས་ནས་ཕྱིར་འཚོང་ཡོད། དངུལ་འདི་ནི་ལོ་ངོ་7རིང་རི་མོ་གཅིག་ཀྱང་ཕྱིར་འཚོང་མེད་པའི་ང་རང་གི་ངོས་ནས་བཤད་ན། ཧ་ལས་དགོས་པའི་གྲངས་ཀ་ཞིག་རེད། ”
བསོད་ནམས་འབུམ་གྱི་བརྩམས་ཆོས་《ཆུ་ཁུར་བུ་མོ》ལ་དེ་སྔོན་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་གྱི་ཡིག་རིས་བཟོ་རྩལ་མཛེས་རྩལ་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་ཐོག་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
2015ལོར། མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་གཞུང་ཕྱོགས་ཀྱི་རོགས་སྐྱོར་འོག བསོད་ནམས་འབུམ་གྱིས་དངོས་སུ་ཀུང་སི་ཐོ་བཀོད་ནས་ས་གནས་དེ་གའི་འབྲུ་རིགས་སྣ་ལྔའི་རི་མོ་བཟོ་བ་དང་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁེ་ལས་གཅིག་པུ་རུ་གྱུར་ཡོད། ད་ཆ། དབང་པོ་སྐྱོན་ཅན་དང་ལས་བཟོ་བ་དཀའ་ཁག་ཅན་27ཀུང་སིར་ཞུགས་ཡོད།
ད་ལོར། བསོད་ནམས་འབུམ་གྱིས་གཅན་ཚ་རྫོང་དུ་དབང་པོ་སྐྱོན་ཅན་དང་བུད་མེད་དཀའ་ཁག་ཅན་130ལ་གསོ་སྦྱོང་སྤེལ་བ་དང་། དེའི་ཁྲོད་ཀྱི་སློབ་མ་20ཀུང་སིའི་ནང་དུ་ལས་ཀ་སྒྲིག་བཀོད་བྱ་རྒྱུའི་དམིགས་འབེན་འཆང་ཡོད།