《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 06-02



         ཟླ་6ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་11པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞན་ཆ་སེལ་རྒྱུའི་སྐོར་གྱི་གནད་དོན》ཞེས་པ་བཀོད་ཡོད།
         གསུང་རྩོམ་ནང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐོང་རྒྱུ་འབད་འཐབ་དམིགས་ཚད་དུ་བརྩིས་ནས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་མདུན་སྐྱོད་བྱས་པར་བརྟེན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་བཀོད་བཏོན་ཚུན། མི་རབས་ཁ་ཤས་ཀྱིས་ཇི་མ་ཇི་བཞིན་ལག་བསྟར་དང་མུ་མཐུད་འབད་འཐབ་བྱས་པ་བརྒྱུད། སྤྱི་ཡོངས་ནས་བརྗོད་ན། རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་རྩ་བའི་ཆ་ནས་མངོན་འགྱུར་བྱུང་བ་དང་ཕན་འབྲས་ཀྱང་ཐོག་མའི་སྔོན་དཔག་ལས་ད་དུང་ལེགས་པ་བྱུང་ཡོད། རྡར་གཅོད་གལ་ཆེན་དེར་གཞི་འཛིན་ས་གང་ལེགས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རང་རྒྱལ་གྱི་འཕེལ་རྒྱས་གྲུབ་འབྲས་ལ་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་ཡོད།
         གསུང་རྩོམ་ནང་བསྟན་དོན། མིག་སྔར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཡང་ཞན་ཆ་ཁ་ཤས་ཡོད་པས་ངེས་པར་དུ་མགྱོགས་མྱུར་སེལ་དགོས། ཞན་ཆའི་རྣམ་གྲངས་སེལ་རྒྱུར་དམིགས་ཏེ་གནད་སྨིན་འགག་སྒྲོལ་ཐུབ་རྒྱུ་ལག་བསྟར་བྱེད་དགོས། ལས་དོན་ཁྲོད་གཤམ་གསལ་གྱི་འབྲེལ་བ་ཁ་ཤས་ཁོང་དུ་ཡག་པོ་ཆུད་པར་བྱེད་དགོས་པ་སྟེ། གཅིག་ནས་ཁྱོན་ཡོངས་ཀྱི་དམིགས་ཚད་དང་བྱེ་བྲག་དམིགས་ཚད་ཀྱི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། 
         ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དེ་ནི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་དམིགས་ཚད་ཡིན། རང་རྒྱལ་གྱི་འཕེལ་རྒྱས་དོ་མི་མཉམ་པ་དང་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། མི་ཚོགས་བཅས་དབར་ཡོང་འབབ་ཧེ་བག་ལྡན་པ་ནི་རྒྱུན་གཏན་ཞིག་ཡིན་པ་དང་ཕྱོགས་ཡོངས་འབྱོར་འབྲིང་ནི་ཆ་སྙོམས་རིང་ལུགས་ཤིག་མིན། གཉིས་ནས་བལྟོས་མེད་ཀྱི་ཚད་གཞི་དང་བལྟོས་བཅས་ཀྱི་ཚད་གཞིའི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་བྱེད་དགོས། གསུམ་ནས་ཚད་གཏན་འཁེལ་གྱི་དབྱེ་ཞིབ་དང་ངོ་བོ་གཏན་འཁེལ་གྱི་རྡར་གཅོད་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་མིན་གྱི་ཚད་འཛིན་ཐད། གྲངས་ཚད་ཅན་གྱི་དམིགས་ཚད་ལ་ལྟ་དགོས་པ་མ་ཟད། མི་དམངས་མང་ཚོགས་ཀྱི་དངོས་ཡོད་འཚོ་བའི་གནས་ཚུལ་དང་ཐོབ་ཚོར་དངོས་ལའང་བསམ་གཞིག་གང་ལེགས་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རིམ་གནས་ཚུལ་ལ་ཚོད་སྐོར་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཁྲོད་ལྷག་པའི་མངོན་གསལ་དོད་པའི་ཞན་ཆ་དང་ངེས་པར་དུ་སྒྲུབ་དགོས་པའི་ལྡོག་མེད་ལས་འགན་གསེད་བཀྲོལ་ནན་ཏན་བྱེད་དགོས། མི་ཚོགས་ནས་བལྟས་ན། གཙོ་བོ་ནི་རྒན་རྒོན་དང་། གཟུགས་པོ་སྐྱོ་བ། ནད་གཞི་ཕོག་པ། དབང་པོ་སྐྱོན་ཅན་བཅས་ཀྱི་མི་འབོར་དབུལ་པོ་ཡིན། ས་ཁོངས་ནས་བལྟས་ན། གཙོ་བོ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན། ཁྱབ་ཁོངས་ནས་བལྟས་ན། གཙོ་བོ་ནི་སྣོད་བཅུད་ཁོར་ཡུག་དང་། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད་སོགས་ཐད་ཀྱི་ཞན་ཆ་མངོན་གསལ་དོད་ཤོས་རེད།
         གསུང་རྩོམ་ནང་བསྟན་དོན། དམག་ཧྲག་གཅིག་སྡུད་བྱས་ནས་འགག་སྒྲོལ་དམག་འཐབ་རྒྱག་དགོས། གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱེད་དགོས། གཉིས་ནས་གཙོ་གནད་ས་ཁུལ་གྱི་ཁོར་ཡུག་སྦགས་བཙོག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གསུམ་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས། བཞི་ནས་སྤྱི་ཚོགས་འགན་ལེན་གྱི་ཐ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
         གསུང་རྩོམ་ནང་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་ཕྱོགས་ཁག་ཚང་མ་དང་འབྲེལ་བ་ཡོད་མོད། འོན་ཀྱང་ཞན་ཆ་སེལ་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་དེ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམིགས་ཚད་དམ་འཛིན་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་ལྷོད་མེད་བྱེད་དགོས། ས་གནས་ཁག་གི་འཕེལ་རྒྱས་ཆུ་ཚད་ལ་ཧེ་བག་ཡོད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་དུས་མཚམས་ཀྱི་ལས་དོན་ལ་ཡང་ཤུགས་རྒྱག་ཕྱོགས་མི་འདྲ་བ་ཡོད་དགོས། སྤྱི་ཚོགས་ཧྲིལ་པོར་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལ་ངོས་འཛིན་ཡང་དག་བྱས་ནས་བདེན་པ་བདེན་ཐུབ་ངང་ལྷག་པའི་ཞན་ཆ་དང་མི་འདང་ས་མཚོན་པ་བྱས་ཏེ་སྔོན་དཔག་བཟང་པོ་ཆགས་པར་བྱས་ནས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“མཐའ་མའི་འགག་གནད”ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ལ། དུས་བབ་དང་བསྟུན་ནས་མདུན་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་དགོས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1