ལྷག་པ་ཚེ་རིང་མིག་ནང་གི་ཇོ་མོ་གླང་མའི་སྣོད་བཅུད་ཀྱི་འགྱུར་ལྡོག

རྩོམ་སྒྲིག་པ། ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-03


ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་གྱི་འདམ་ར།
     ལོ་48ལ་སླེབས་པའི་ལྷག་པ་ཚེ་རིང་ལ་ཚང་མས“འབྲི་གཡག་སི་ལིང”ཞེས་འབོད་པ་དང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ལས་ཀ་བྱས་ནས་ལོ་28འགྲོ་གི་ཡོད། ཁོང་གིས་རི་འཛེག་དུས་ཚིགས་སུ་ས་གནས་དེ་གའི་འབྲི་གཡག་རུ་ཁག་དང་འབྲེལ་བ་བྱས་ཏེ། རི་འཛེག་རུ་ཁག་ལ་དངོས་ཟོག་དབོར་འདྲེན་བྱེད་པས“འབྲི་གཡག་སི་ལིང”ཞེས་པའི་མིང་དེ་ཐོབ།
     ཇོ་མོ་གླང་མར་འཛེག་སྐབས་འབྲི་གཡག་ལ་བརྟེན་ནས་དངོས་ཟོག་དབོར་དགོས་ཀྱི་ཡོད། ཁོང་ད་ལྟ་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དིང་རི་དོ་དམ་ཡན་ལག་ཅུས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་ཞིང་། རྒྱུན་དུ་ཇོ་མོ་གླང་མའི་ཁུལ་དུ་སྐོར་གཡེང་བྱས་ཏེ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པ་ཕུད། ད་དུང་ས་གནས་དེ་གའི་གྲོང་མིས་གད་སྙིགས་དོ་དམ་དང་འདམ་ར་སྲུང་སྐྱོང་སོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་ལ་བརྩི་སྲུང་ཞུ་མིན་ལ་ལྟ་སྐུལ་བྱེད་དགོས་ཀྱི་ཡོད། སྐོར་གཡེང་བྱེད་སྐབས་རླངས་འཁོར་བསྐྱོད་ཐབས་བྲལ་བའི་གཡང་གཟར་ལམ་བུར། ཁོང་གིས་དབུགས་ཐེངས་གཅིག་ལ་འཛེགས་ཀྱི་ཡོད།
     “དགུན་དུས་ཇོ་མོ་གླང་མའི་རི་འཛེག་སྒར་ས་ཆེ་མོར་གངས་པུས་མོ་ཙམ་དུ་བབས་ཀྱི་ཡོད། རླངས་འཁོར་བསྐྱོད་མི་ཐུབ་པའི་སྐབས་སུ། ང་ཚོ་རྐང་ཐང་མར་སྐྱོད་ཀྱི་ཡོད། ཇོ་མོ་གླང་མའི་རོང་ཤར་རྒྱུད་དུ་རྐང་ཐང་མར་ཆུ་ཚོད་8ཙམ་བསྐྱོད་མྱོང་ཡོད”ཅེས་བརྗོད་བྱུང་།
     ཁོང་གི་ཁྱིམ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཡོད་པ་དང་། རང་ཉིད་སྲོག་ཆགས་ལ་ཧ་ཅང་དགའ་བའི་དབང་གིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བཞི་སྟོང་ལྔ་སྟོང་སའི་ཇོ་མོ་གླང་མའི་རི་ཁུལ་དུ་ལས་ཀ་བྱེད་པར་ཡོང་བ་ཡིན།
     དུས་རབས་20པའི་ལོ་རབས་དགུ་བཅུ་པའི་སྟོད་དུ། ཁོང་དང་ལྐོག་རྔོན་རྒྱག་མཁན་འཛིང་རེས་བྱེད་མྱོང་ཡོད་ཅིང་། “སྐབས་དེ་དུས་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་མོ་མེད། མི་ལ་ལས་རི་སྐྱེས་སྲོག་ཆགས་དང་རང་ཁྱིམ་གྱི་ཕྱུག་རིགས་དབར་ཁྱད་མེད་སྙམ་ནས། མཐོང་མ་ཐག་གསོད་རྐྱང་བྱེད་པའམ་ཡང་ན་སྲོག་ཆགས་ཀྱི་པགས་པ་ལྐོག་འཚོང་བྱེད་པས། སྲོག་ཆགས་ཀྱིས་མི་མཐོང་མ་ཐག་བྲོས་འགྲོ་གི་འདུག”ཅེས་བརྗོད།
     1994ལོར་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་སྤོར་བྱས་པ་དང་དེའི་ཁྱབ་ཁོངས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་དང་། གཏིང་སྐྱེས། གཉའ་ལམ། སྐྱིད་རོང་བཅས་རྫོང་4ཚུད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3.4ཙམ་ཡོད་པ་རེད།
     དེ་རྗེས་ཁོང་གིས་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་དེ་གྲོང་མི་ཚོར་གང་ཞིག་ནི་རྒྱལ་ཁབ་རིམ་པའི་སྲོག་ཆགས་ཡིན་པ་དང་། སྲུང་སྐྱོང་བྱེད་པའི་སྲོག་ཆགས་གང་བྱུང་བསད་ན་ཆད་པ་གང་ཞིག་ཕོག་རྒྱུ་ཡིན་པ། རི་སྐྱེས་སྲོག་ཆགས་ཉུང་དུ་ཕྱིན་ན་སྣོད་བཅུད་མ་ལག་ལ་གཏོར་བཤིག་གང་ཞིག་ཕོག་མིན་བཅས་ལ་འགྲེལ་བཤད་བརྒྱབ་ཀྱི་ཡོད།
     དེ་ནས་རིམ་བཞིན་རི་སྐྱེས་སྲོག་ཆགས་གང་བྱུང་དུ་རྔོན་རྒྱག་པའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་ཡོད།
     “ལོ་10ཡི་གོང་དུ་ངས་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་གསའ་ཞིག་མཐོང་མྱོང་ཡོད”ཕྱིས་སུ་བོད་ལྗོངས་ཇོ་མོ་གླང་མའི་གསའ་སྲུང་སྐྱོང་ལྟེ་གནས་ཀྱིས་སྲུང་སྐྱོང་ཁུལ་དུ་དམར་ཕྱིའི་པར་ཆས་བསྒར་ནས་གསའ་པར་དུ་ཐེངས་ཁ་ཤས་བླངས་ཐུབ་ཡོད། ལྷག་པ་ཚེ་རིང་གིས་དགའ་ཚོར་དང་བཅས“འདི་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་གྲངས་འབོར་ཡང་མང་པོ་མེད། ངའི་བསམ་པར་གསའ་སྟོངས་ཚར་བ་རེད་སྙམ་ཡང་། ད་ཆ་སེམས་ཁྲལ་མིན་འདུག”ཅེས་བརྗོད།
     “སྲོག་ཆགས་གཞན་གྱི་གྲངས་འབོར་ཡང་རིམ་གྱིས་མང་དུ་ཕྱིན་ཡོད” སྐོར་གཡེང་བྱེད་སྐབས་ཁོང་གིས་སྲུང་སྐྱོང་ཁུལ་གྱི་གཏན་འབེབས་གཞིར་བཟུང་། རང་ཉིད་ཀྱིས་མཐོང་བའི་སྲོག་ཆགས་ཀྱི་གྲངས་འབོར་དང་ཁྱབ་ཚུལ་ཐོ་བཀོད་ལེགས་སྒྲིག་བྱས་པའི་ནང་རྒྱ་མཚོ་ཤང་དང་། སྒང་དཀར་གྲོང་རྡལ། གད་དམར་ཤང་བཅས་སུ་རྐྱང་མང་པོ་ཡོད་པ་དང་། ཆུ་སྟེང་ཤང་དང་རོང་ཤར་ཤང་དུ་ས་བབ་དམའ་བས་སྤྲེའུ་མཐོང་རྒྱུ་ཡོད་པ་བཅས་ཐོ་བཀོད་བྱས་ཡོད།
     ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལྟར་ན། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་སྐམ་སའི་རི་སྐྱེས་སྲོག་ཆགས་སྣ་ཁ་491ཡོད་པའི་ནང་གསའ་ཡི་གྲངས་འབོར་190ནས་270བར་འཕར་ཡོད་པ་དང་།རྩ་ཆེའི་སྐྱེ་དངོས་སྣ་ཁ་2550ཡོད་པ། ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་55000ལྷག་ཙམ་ཟིན་པ། ནགས་ཚལ་ཁྱབ་ཚད་14.85%ཟིན་ཡོད།
     ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་ཇོ་མོ་གླང་མའི་སྒར་ས་ཆེ་མོ་དང་འདྲ་བའི་དོ་དམ་ས་ཚིགས་བསྡོམས་20ཡོད་པ་དང་། དོ་དམ་སྲུང་སྐྱོང་ས་ཚིགས་རེར་དོ་དམ་སྲུང་སྐྱོང་རུ་མི་10རེ་ཡོད་པ་རེད། དིང་རི་རྫོང་ཁོ་ནར་རུ་མི་80ལྷག་ཙམ་ཡོད་ཅིང་། ཁོང་ཚོ་ཕལ་ཆེ་བ་ནི་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཡིན་པ་དང་མི་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་3ཙམ་ཡོད་པ་རེད།
     རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་དགོས་པ་ཕུད། ལྷག་པ་ཚེ་རིང་དང་ཁོང་གི་ལས་རོགས་ཚོས་ད་དུང་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ས་ཁོངས་ཀྱི་གད་སྙིགས་གཙང་མ་བཟོ་དགོས་ཀྱི་ཡོད་པ་རེད།
     ཇོ་མོ་གླང་མའི་ཡུལ་སྐོར་བའི་སྒར་ས་ཆེ་མོའི་འགྲམ་དུ་གད་སྙིགས་བརྒྱུད་སྐྱེལ་ས་ཚིགས་བཙུགས་ཡོད་པ་དང། རི་འཛེག་མཁན་དང་། ཡུལ་སྐོར་བ། ཡུལ་མི་སོགས་ཀྱིས་དབྱུགས་པའི་འཚོ་བའི་གད་སྙིགས་ཚང་མ་དེ་གར་སྤུངས་ཀྱི་ཡོད།
     འདི་ལོ་ཁོང་གིས་རི་འཛེག་སྒར་ས་ཆེ་མོའི་གད་སྙིགས་གཙང་སེལ་ཐབས་ལམ་གསར་པ་སྤྱད་པར་བརྟེན“རི་འཛེག་མཁན་གྱི་བཙོག་ཆུ་དང་། ཐབ་ཚང་གད་སྙིགས། སྐྱག་གཅིན་སོགས་ས་ཆ་དེ་རང་དུ་གནོད་མེད་གཙང་སེལ་བྱས་པ་དང་ཆུའི་ཐོན་ཁུངས་འཁོར་རྒྱུག་ངང་སྤྱད་པར་བརྟེན། རི་ནས་དབོར་བའི་གད་སྙིགས་ཉུང་དུ་ཕྱིན་ཡོད”
     གྲངས་གཞི་ལས་མངོན་པར། 2016ལོ་ནས་བཟུང་རྒྱལ་ཁབ་དང་ས་གནས་རིམ་ཁག་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1.3ལས་བརྒལ་བ་དེ་ཇོ་མོ་གླང་མའི་ས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་བཏང་ཡོད། འབྱུང་འགྱུར་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་དིང་རི་རྫོང་གིས་གནོད་མེད་ཅན་གྱི་གད་སྙིགས་གཙང་སེལ་བཟོ་གྲྭ་དང་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། དེ་བཞིན་མཁའ་རླུང་ལྟ་ཞིབ་ཚད་ལེན་ས་ཚིགས་བསྐྲུན་ནས་ལྟེ་བའི་ཁུལ་གྱི་ཉིན་གང་གི་གནམ་གཤིས་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་རེད།
     གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ས་བབ་མཐོ་བའི་རི་ཀླུང་སྔོ་ལྗང་གིས་བརྒྱན། སྐོར་གཡེང་བྱེད་པའི་ལམ་བར་དུ་ཁོང་གིས་མིག་ལྡིར་ལྡིར་ངང་རི་དེའུ་དང་ལུང་གཞུང་དུ་ལྟ་བཞིན་སྐོར་གཡེང་བྱེད། ཟླ་གཅིག་སོང་རྗེས། རྣ་ཕྲུག་བཙའ་བའི་དུས་ཡིན་པ་དང་རྣ་བ་ནི་ཁོང་གིས་དགའ་ཤོས་བྱེད་པའི་སྲོག་ཆགས་རེད། འོན་ཀྱང་སྤྱང་ཀི་ཡང་དེ་དང་ཆབས་ཅིག་མང་དུ་འགྲོ་གི་ཡོད།
ལྷག་པ་ཚེ་རིང་རླངས་འཁོར་བཏང་ནས་སྐོར་གཡེང་དུ་བསྐྱོད་རྩིས་བྱེད་པ།

ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྣ་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1