ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་རེད། མང་ཚོགས་ལ་རྒྱུན་མཐུད་ངང་འབབ་འཕར་ཡོང་བ་དང་དབུལ་སྒྲོལ་བརྟན་པོ་ཡོང་ཆེད། ས་གནས་དེ་གས་ཀན་སུའུ་ཞིང་ཆེན་གྱི“ནོར་ལུག་དང་། སྔོ་ཚལ། ཤིང་ཏོག ཞོག་ཁོག སྨན་རྫས”བཅས་ཀྱི་ཐོན་ལས་ཆེན་པོ་དྲུག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཞིར་བཟུང་ཡུལ་བབ་དང་བསྟུན་ནས་ནོར་ལུག་དང་། བོད་ལུགས་དང་ཀྲུང་ལུགས་སྨན་རྫས། ས་མཐོའི་དབྱར་ཁའི་སྔོ་ཚལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས། དབུལ་སྐྱོར་ཐོན་ལས་སྤུས་རྟགས་ཅན་དང་། ཁྱད་ལྡན་ཅན། གཞི་ཁྱོན་ཅན་བཅས་མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་ཀན་ལྷོ་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་བས་ཡུལ་སྐོར་མི་གྲངས་དང་ཕྱོགས་བསྡུས་ཡོང་འབབ་ལོ་ལྔ་བསྟུད་མར་ཤུགས་ཆེན་འཕར་ཡོད། 2019ལོར་ཀན་ལྷོ་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་1447ཟིན་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་74ཟིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་ནས་བཟུང་ཀན་ལྷོ་ཁུལ་གྱིས་སྣོད་བཅུད་ངེས་གནས་དང་། ཐོན་ལས་ཀྱི་ཁྱད་ཆོས། དབུལ་སྒྲོལ་འགག་སྒྲོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་བཅས་ལ་གཞི་ཚུགས་ནས། ས་ཁོངས་ཧྲིལ་པོར་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་པ་དང་སྣོད་བཅུད་ཤེས་དཔལ་ལྡན་པའི་འབྱོར་འབྲིང་གྲོང་ཚོ་སྐྲུན་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཆེན་པོ་གཉིས་སྤེལ་བ་རེད། གཞི་ཁྱོན་ཤིན་ཏུ་ཆེ་བའི“ཁོར་ཡུག་གསར་བརྗེ”དེས། སྤྱི་ལེ་ངོས་གྲུ་ཁྲི་4.5ཡི་རྩྭ་ཐང་ཆེན་པོའི་ཐོག“ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི”དམིགས་ཚད་མངོན་འགྱུར་བྱུང་ནས་ཀན་ལྷོ་བོད་རིགས་ས་ཁུལ་གྱི་སྤྱི་ཡོངས་ཀྱི་གཟུགས་བརྙན་དང་ཉམས་འགྱུར་གྱི་ནང་དོན་ཕྱོགས་ཡོངས་ནས་གསར་བརྗེས་བྱུང་ཡོད།
ཀན་ལྷོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་ལ་ཚོད་འཛིན་ཚབས་ཆེན་བཟོ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཀན་ལྷོ་ཁུལ་གྱིས“གཅིག་བཅུ་བརྒྱ་སྟོང་ཁྲི”ཞེས་པའི་ལས་གྲྭ་གཏོད་རྒྱུ་བཏོན་པ་རེད། དེའི་དམིགས་ཡུལ་ནི་རིག་གནས་ཀྱི་ནང་དོན་དེ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དེ་རེད། རིག་གནས་གསར་གཏོད་དེ་མཛེས་ལྗོངས་གསར་བཟོའི་ལྷུ་ཚིགས་ཁག་ནང་བཅུག་པ་དང་། རིག་གནས་ཀྱི་མཚོན་རྟགས་གྲོང་གསེབ་ཡུལ་སྐོར་གྱི་ཁྱབ་ཁོངས་ཁག་ནང་ལྡན་པ་བྱས་ནས་གཟུགས་བརྙན་བསྐྲུན་པའི་ནང་སྒྱུ་རྩལ་གྱི་རྐྱོང་ཤུགས་མངོན་པར་བྱས་ཡོད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུར་རིག་པ་རྩེ་གཅིག་ཏུ་སྒྲིམ་ནས་ཀན་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་དེ་ཐོག་མཐའ་བར་གསུམ་དུ་མཛེས་ལྗོངས་ཁུལ་ཡོད་ཀྱང་ཤུགས་རྐྱེན་ཆེན་པོ་མེད་པ་དང་། ཁྱད་ཆོས་ཡོད་ཀྱང་ཡིད་དབང་འགུག་ཤུགས་མི་འདང་བ། ཚོང་ཡོད་ཀྱང་འགྲན་རྩོད་ཀྱི་ནུས་པ་ཆེན་པོ་མེད་པ་བཅས་ཀྱི་ཅི་བྱ་གཏོལ་མེད་ཀྱི་གནས་ལས་རྦད་དེ་སྒྲོལ་བ་བྱས་པ་རེད།