ཚེ་རིང་སྐྱིད།
【ནང་དོན་གནད་བསྡུས།】རྩོམ་འདིར་སྔོན་བྱོན་མཁས་པའི་བརྡ་སྤྲོད་པའི་གཞུང་འགྲེལ་རྣམས་སུ་བསྟན་པའི་བདག་སྒྲ་ངོས་འཛིན་ཚུལ་དང་དེའི་རྐྱེན་སྦྱོར་ཚུལ། མིང་མཐའི་པ་བ་སྦྱོར་ཚུལ། ད་སྔ་བོད་དུ་བདག་སྒྲ་དང་མིང་གི་མཐར་པ་བ་སྦྱོར་ཚུལ་མ་མཐུན་པ་བྱུང་བའི་ལུང་ཁུངས་རྒྱུ་རྐྱེན་སོགས་ལས་འཕྲོས་ཏེ། མིང་ལ་དངོས་པོའི་མིང་དང་། བྱ་བའི་མིང་། ཁྱད་ཆོས་ཀྱི་མིང་། གྲངས་ཀའི་མིང་སྟེ་མིང་གི་རིགས་བཞི་རུ་བསྡུས་ནས་དེ་དག་གི་མཐའི་པ་བ་ཇི་ལྟར་སྦྱོར་བའི་ཚུལ་སྤྱི་དང་བྱེ་བྲག་ཏུ་ཕྱེ་ནས་བཤད་པའོ། །
【བརྡ་ཆད་གཙོ་བོ།】བདག་སྒྲ། མིང་མཐའི་པ་བ། དངོས་པོའི་མིང་། བྱ་བའི་མིང་། ཁྱད་ཆོས་ཀྱི་མིང་། གྲངས་ཀའི་མིང་།
འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ཀུན་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྔོན་ཐོན་དེང་རབས་རིག་གནས་ཀྱིས་ཁ་ལོ་བསྒྱུར་བཞིན་པའི་དུས་རབས་གསར་པའི་སྐབས་འདིར། རང་རང་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་། མི་རིགས་གཞན་གྱི་ཤེས་རིག་གི་སྙིང་བཅུད་ནང་འདྲེན་བྱ་རྒྱུ་ནི་རང་ཉིད་ཡར་ལྡན་དུ་འགྲོ་བའི་ལམ་ཉག་ཅིག་ཡིན་ལ། དེ་ཡང་རང་རང་སོ་སོའི་སྐད་དང་ཡི་གེ་དར་སྤེལ་ཡང་དག་པར་གཏོང་ཐུབ་མིན་ལ་འབྲེལ་བ་ཟབ་པས་རྒྱལ་ཁབ་གཞུང་གིས་ཀྱང་ཆེད་དུ་ཤེས་རིག་གི་སྡེ་ཁག་མང་པོ་བཙུགས་ནས་མི་རིགས་སོ་སོའི་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག་དར་སྤེལ་གྱི་ལས་ལ་མཐུན་རྐྱེན་བླ་ན་མེད་པ་བསྐྲུན་ཡོད། དེ་བཞིན་འདི་ག་དཔེ་སྐྲུན་ཁང་ལ་མཚོན་ནའང་གནའ་དེང་མཁས་པའི་ཕུལ་བྱུང་བརྩམས་ཆོས་པར་དུ་བཏབ་སྟེ་འགྲེམ་སྤེལ་གྱི་ལས་ལ་གཞོལ་བཞིན་པ་ཡང་སྤྱི་ཚོགས་ཀྱི་རིགས་གཞུང་སྲུང་སྤེལ་ཐད་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པས། དེ་ལ་ཚིག་སྐྱོན་དང་དོན་སྐྱོན་ཤོར་དུ་མི་འཇུག་རྒྱུ་ནི་རྩོམ་སྒྲིག་འགན་ཁུར་པའི་ལས་འགན་གཙོ་བོ་རེད། ད་སྔ་བོད་ཡིག་གི་དཔེ་ཆ་པར་དུ་བསྐྲུན་པ་ལ་ཡུལ་ལུང་སོ་སོའི་སྐད་བརྡ་མ་འདྲ་བས་ཚིག་གོ་དཀའ་བ་དང་། བདག་གཞན་དུས་གསུམ་སོགས་བོད་སྐད་ཀྱི་བརྡ་སྤྲོད་ལ་མི་མཐུན་པའི་ཚིག་སྦྱོར་བསྡེབས་པ་མང་བས་དོན་མི་གསལ་བ་སོགས་མ་དག་རྒྱུན་འབྱམས་གྱི་གནད་དོན་མང་པོར་ཕྲད་དང་འཕྲད་བཞིན་པ་དག་རེ་རེ་བཞིན་བཤད་ཚོད་མ་ཟིན་མོད། དཔེ་སྒྲིག་ཞུ་དག་གི་བརྒྱུད་རིམ་ཁྲོད་དེང་གི་སློབ་གྲྭ་ཆེན་མོ་བ་དང་གཞོན་སྐྱེས་མང་པོ་ཞིག་མིང་གི་མ་མཐའི་པ་བ་སྦྱོར་ཚུལ་ལ་མགོ་ཉོག་སྟེ། ཡུལ་པ་དང་ཡུལ་བ། ཙོང་ཁ་པ་དང་ཙོང་ཁ་བ། མདའ་པ་དང་མདའ་བ། སྟོང་པ་དང་སྟོང་བ། ལོ་ཙཱ་པ་དང་ལོ་ཙཱ་བ། ལྔ་པ་དང་ལྔ་བ་སོགས་པ་བ་གཉིས་གང་བྱུང་དུ་སྦྱོར་བ་དང་། ཐ་ན་མཁས་པ་ལ་མཁས་བ་དང་། ཆོས་པ་ལ་ཆོས་བ། རྨོངས་པ་ལ་རྨོངས་བ་ལྟ་བུ་རྗེས་འཇུག་སའི་རྗེས་སུ་བ་སྦྱོར་མཁན་དང་། ཡང་ལ་ལས་གནང་བ་ལ་གནང་པ་དང་། བྱུང་བ་ལ་བྱུང་པ། གླེང་བ་ལ་གླེང་པ་སོགས་བྱ་བའི་མིང་གི་མཐར་པ་སྦྱོར་མཁན་ཀྱང་ཡོད་པས་མིང་གི་མ་མཐའི་པ་བ་སྦྱོར་ཚུལ་གཅིག་གྱུར་བྱ་རྒྱུ་འདི་ཡང་གནད་ཅིག་ཏུ་མཐོང་ནས།འདིར་མིང་གི་མཐར་པ་བ་ཇི་ལྟར་སྦྱོར་བའི་ཚུལ་རང་ཉིད་ཀྱི་ཡིད་ལ་གོམས་པར་བྱེད་པ་དང་།བློ་གསལ་དོན་གཉེར་ཅན་རྣམས་ལ་ཡང་ཅུང་ཟད་ཕན་ན་ཅི་མ་རུང་སྙམ་སྟེ། མི་ལོ་འགར་རྩོམ་སྒྲིག་ཞུ་དག་ཞུས་པའི་ཉམས་མྱོང་ཐོག བོད་གནའ་དེང་གི་བརྡ་སྤྲོད་པའི་གཞུང་དང་གཞུང་འགྲེལ་དག་ལ་ཞིབ་ཏུ་མཇལ། འདི་ག་དཔེ་སྐྲུན་ཁང་གིས་པར་རྙིང་གཞིར་བྱས་ནས་བསྒྲིགས་པའི་དཔེ་ཁུངས་དག་མ་རྣམས་གཞིར་བཟུང་། ལས་གྲོགས་རྒན་པ་རྣམས་ལ་ཡང་བཀའ་འདྲི་ཡང་ཡང་ཞུས་ཤིང་། ལྷག་པར་དུ་《བོད་རྒྱ་ཚིག་མཛོད་ཆེན་མོ་》རུ་ཡོད་པའི་བདག་སྒྲ་དང་མིང་མཐའ་པ་བ་ཅན་གྱི་མིང་རྣམས་ཁོལ་ཏུ་ཕྱུང་སྟེ་དབྱེ་བསྡུར་ཡུན་རིང་བྱས་ནས། མཐར་སྦྱོར་སྟངས་ཁ་ཤས་རྙེད་པ་རང་བློས་དཔོག་ཚོད་ཀྱིས་ཕྱོགས་གཅིག་ཏུ་དྲིལ་ཏེ་གྲོས་སུ་འདེབས་པ་ལ།
དང་པོ། སྔོན་བྱོན་མཁས་པའི་བཞེད་ཚུལ།
《ལུང་སྟོན་པ་སུམ་ཅུ་པའི་རྩ་བ་》རུ། “གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །”ཞེས་བདག་སྒྲ་ངེས་བཟུང་བ་དང་། 《ལུང་སྟོན་པ་རྟགས་ཀྱི་འཇུག་པའི་རྩ་བ་》རུ། “ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །”ཞེས་རྟགས་མཚུངས་ཀྱི་མིང་མཐའ་འདྲེན་ཚུལ་གསུངས་པ་ལ་རྗེས་འཇུག་མཁས་པ་རྣམས་ཀྱི་འགྲེལ་ཚུལ་མི་འདྲ་བ་ཡང་བྱུང་སྟེ།
གཅིག བདག་སྒྲ་ངོས་འཛིན་གྱི་སྐོར།
《ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་》སུ། “དེ་ལ་པུ་ལིངྒའི་སྒྲ་ནི་བདག་པོའི་དོན་སྟོན་པར་བྱེད་པའི་པ་དང་པོའི་སྒྲ་ཡིན་ཏེ། དེ་དག་སྔར་མེད་པ་ལ་གསར་དུ་སྦྱར་བས། རྟ་པ། གསེར་པ། ཁ་ལོ་པ། ཕྲིན་ལས་པ། བྱེད་པོ། ལེན་པོ། གཏོང་བ་པོ་སོགས་སོ་སོའི་བདག་པོ་གོ་བར་བྱེད་པ་རྣམས་སོ། །”ཞེས་པུ་ལིངྒའི་སྒྲ་ནི་རྨང་གཞིའི་ཕོ་ཡིག་པ་པོ་གཉིས་ཡིན་པར་བསྟན་ལ།《པྲ་ཏིའི་སུམ་རྟགས་དགོངས་འགྲེལ་》དུ། “གང་ཡང་རུང་བའི་མིང་གི་མ་མཐའ་ན། པུ་ལིངྒ་སྟེ་པུ་རུ་ཥ་སྐྱེས་པ་དང་། ལིངྒ་རྟགས་ཡིན་པས། པུ་རུ་ཥའི་རུ་དང་ཥ་ཕྱིས་ནས། པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། །རྟགས་དེ་ནི་པ་བ་པོ་ཅན་རྣམས་སོ། །པ་བ་པོ་ཅན་གྱི་སྒྲ་ཕོ་རྟགས་སུ་གྱུར་པ་དེ་རྣམས་མེད་པ་དཔེར་ན། རྟ། གསེར། སེ་ར། ལྷ་ས། སྨ་ར། བུམ་པ། ཀ་བ་ལ་སོགས་པའོ། །དེ་དག་ལ་པ་བ་པོ་ཅན་གང་ཡང་རུང་བ་སྦྱར་བས། རྟ་པ། གསེར་པ། སེ་ར་པ། ལྷ་ས་པ། སྨ་ར་ཅན། བུམ་པ་བ། ཀ་བ་པ་ལ་སོགས་པ་རང་རང་གི་བདག་པོའམ་རང་ཉིད་གང་ལ་ལྡན་པའི་གཞི་སྟོན་པའི་སྒྲའོ། །”ཞེས་དང་། 《སུམ་རྟགས་རྩ་བ་དང་དེའི་འགྲེལ་པ་སི་ཏུའི་ཞལ་ལུང་》དུ། “པུ་ཞེས་པ་པ་སྡེ་དང་། ལིངྒ་ཞེས་པ་རྟགས་ཏེ། པ་སྡེ་ནས་འབྱུང་བའི་ཕོ་རྟགས་པ་དང་། མོ་རྟགས་མ་དང་། མ་ནིང་གི་རྟགས་བ་གསུམ་གྱི་སྒྲ་སྔར་མེད་པ་དེ་ལ་གསར་དུ་པུ་ལིངྒའི་སྒྲ་གསུམ་པོ་གང་རུང་སྦྱར་བ་ན། དེ་ནི་བདག་པོའི་དོན་གསལ་བར་བྱེད་པའི་སར་ནི་ཤེས་པར་བྱ་སྟེ་”ཞེས་འབྱུང་ལ། དེ་བཞིན་དུ་《སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་》དུ། “ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །”ཞེས་སོགས་བདག་སྒྲའི་རྐྱེན་པ་པོ་བ་བོ་མ་མོ་དྲུག་ཏུ་ངོས་འཛིན་ཚུལ་འདི་རྗེས་འཇུག་མཁས་པ་རྣམས་ལ་གྲགས་ཆེའོ། །
གཉིས། བདག་སྒྲའི་རྐྱེན་དང་མིང་མཐའི་པ་བ་སྦྱོར་ཚུལ།
《སི་ཏུའི་འགྲེལ་ཆེན་》ལྟར་ན་བདག་སྒྲའི་རྐྱེན་ལ་པ་དང་པོ་གཉིས་མ་གཏོགས་མེད་པས་ཕྲད་རང་དབང་ཅན་དུ་ངོས་བཟུང་ཆོག་ལ། 《སུམ་རྟགས་དགོངས་འགྲེལ་》དུ།“བུམ་པ་དང་། ཀ་བ་ལྟ་བུའི་པ་དང་བ་ནི། རང་མིང་གི་ཆ་ཤས་སུ་ཐོག་མ་ནས་གྲུབ་པས་བདག་པོའི་སྒྲ་མིན་པ་ནི། པུ་ལིངྒ་ཡི་སྒྲ་མེད་པ།”ཞེས་བདག་སྒྲ་དང་མིང་མཐའི་པ་བའི་ཁྱད་པར་གསུངས་པ་ཙམ་ལས། བདག་སྒྲའི་རྐྱེན་དང་མིང་མཐའི་པ་བ་ཇི་ལྟར་སྦྱོར་ཚུལ་གསུངས་མེད། 《ལེགས་བཤད་ལྗོན་དབང་》དུ། “ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །”ཞེས་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་སྦྱོར་དགོས་པ་དང་། རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་སྐབས་སུ་བདག་སྒྲ་ཡར་གྱུར་པ་ལ་བ་དང་ཆར་གྱུར་པ་ལ་པ་སྦྱར་ན་ལེགས་ཚུལ་གསུངས་ལ། མིང་མཐའི་པ་བའང་དེ་དང་ཕལ་ཆེར་འདྲ་བར་བསྟན་པ་བཞིན་དང་། ཞ་ལུ་ལོ་ཙཱ་བའི་《དག་ཡིག་ཟ་མ་ཏོག་》ཏུ། “ག་ད་བ་ས་ན་མ་པ། །ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །”ཞེས་དང་། དེ་བཞིན་དུ་《དག་ཡིག་ངག་སྒྲོན་》དུ། “མིང་མཐའི་པ་བའི་དབྱེ་བ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་མཐར་པ་དང་ནི། །ང་འ་ར་ལ་མཐའ་མེད་མཐའི། །བ་ཕྱེད་ཝར་འབོད་རྣམས་ལ་བ། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །”ཞེས་གསུངས་པ་ལྟར། བོད་ཀྱི་བརྡ་སྤྲོད་པའི་གཞུང་རྙིང་པ་རྣམས་སུ། བདག་སྒྲ་དང་མིང་མཐའི་པ་བ་གང་ཡིན་ཀྱང་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་འཇུག་པ་ལ་དགོངས་པ་མཐུན་མོད། རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་ཀྱི་མཐའི་པ་བ་སྦྱོར་ཚུལ་གསུངས་པ་འདི་དག་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ལེགས་བཤད་དུ་སྣང་ཡང་། ལག་ལེན་གྱི་ཚེ་ན་བརྟེན་ཁུངས་རྩོད་མེད་ཅིག་རྙེད་དཀའ་བས། རིམ་གྱིས་རང་རང་གི་ཡུལ་སྐད་དང་མཐུན་པའི་འགྲེལ་ཚུལ་རེ་བྱུང་ནས་བཞེད་ཚུལ་གཉིས་སུ་གྱེས་པར་མཐོང་།
གཉིས་པ། མིང་མཐའི་པ་བ་སྦྱོར་ཚུལ་ལ་བཞེད་ཚུལ་མི་མཐུན་པ་བྱུང་བའི་སྐོར།
དེ་ཡང་ཁ་སྐད་ཀྱི་དབང་གིས་མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་ཀྱི་མིང་མཐའི་པ་བ་སྦྱོར་ཚུལ་ཕྱོགས་མཐུན་ལ། དབུས་གཙང་དང་ཁམས་ཀྱི་རོང་ཕྱོགས་ཀྱི་མིང་མཐའི་པ་བ་སྦྱོར་ཚུལ་ཕྱོགས་མཐུན་པས་དེའི་རྒྱུ་རྐྱེན་དང་ཁྱད་པར་སོགས་ལ་རིམ་པར་འཇུག་པ་ལ།
གཅིག མིང་མཐའི་པ་བ་སྦྱོར་ཚུལ་ལ་བཞེད་ཚུལ་མི་མཐུན་པ་བྱུང་བའི་ལུང་ཁུངས་དང་རྒྱུ་རྐྱེན།
རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་སྦྱོར་བ་དང་། རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་ཀྱི་སྐབས་སུ་བྱ་བའི་མིང་གི་མཐར་བ་སྦྱོར་བ་ཡང་མཐུན་མོད། མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་སུ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་སྐབས་སུ་དངོས་པོའི་མིང་གི་མཐར་ཡང་བ་སྦྱོར་ཞིང་། དབུས་གཙང་དང་ཁམས་ཀྱི་རོང་ཕྱོགས་སུ་པ་སྦྱོར་བ་ཤུགས་ཆེ། དེ་འདྲ་བྱུང་བའི་རྒྱུ་རྐྱེན་གཅིག་ཡུལ་སྐད་ཀྱི་དབང་གིས་ཡིན་པ་སྨོས་མ་དགོས་མོད། རྒྱུ་རྐྱེན་གཞན་ཞིག་ནི་《དག་ཡིག་ཟ་མ་ཏོག་》དང་《དག་ཡིག་ངག་སྒྲོན་》དུ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐའི་བ་ཕྱེད་ཝར་འབོད་རྣམས་ལ་བ་དང་གཞན་པ་རྣམས་ལ་པ་ཉིད་སྦྱར་བའམ་སྦྱར་ན་ལེགས་ཚུལ་གསུངས་པ་འདི་ཡིན་པ་འདྲ་སྟེ། 《བརྡ་སྤྲོད་བློ་གསལ་དགའ་སྟོན་》དུ། “ང་འ་ར་ལ་མཐའ་མེད་རྣམས་ཀྱི་མཐར་བདག་སྒྲའི་པ་བ་གཉིས་གང་རུང་ཞིག་འདྲེན་དགོས་བྱུང་ཚེ་རང་རང་དང་རྟགས་སམ་སྒྲ་མཚུངས་པའི་བ་འདྲེན་པ་ལས། རང་རང་དང་རྟགས་དང་སྒྲ་མི་མཚུངས་པའི་ཕོ་ཡིག་པའི་སྒྲ་མི་འདྲེན་པའི་ཕྱིར། དེའི་རྒྱུ་མཚན་གྱིས། ལྷ་ས་བ། སེ་ར་བ་རྣམས་ལ་བ་ཕྱེད་ཀྱི་སྒྲ་ཐོན་པའང་མཐའ་མེད་མཐར་བ་དྲངས་པ་ཡིན་པའི་ཕྱིར་”①ཞེས་གསུངས་པ་ལྟར། མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་ཀྱི་ཡུལ་སྐད་ལ་མཚོན་ན་དངོས་པོའི་མིང་གི་མཐར་བ་སྒྲ་ཐོན་བཞིན་པས་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་བ་སྦྱོར་བའི་ལུགས་བྱུང་བར་སྣང་ལ། དབུས་གཙང་དང་ཁམས་ཀྱི་རོང་ཕྱོགས་སུ་བ་ཕྱེད་ཝར་འབོད་རྣམས་ལ་བ་སྦྱར་སྐབས་དངོས་པོའི་མིང་ཕལ་ཆེ་བར་པ་དང་བྱ་བའི་མིང་གི་མཐར་བ་སྦྱར་ན་ཡུལ་སྐད་དང་མཐུན་པས་དེ་ལ་ཆ་འཇོག་བྱས་པར་སྣང་། དེ་ན་དོན་དམ་པར་ལུགས་གང་དག་པ་རེད་ཅེ་ན། བདག་གི་རྨོངས་ཚོད་ལ་དབུས་གཙང་ཕྱོགས་ཀྱི་པ་བ་སྦྱོར་ཚུལ་ལ་བསྟུན་ན་དག་པར་སྙམ་སྟེ། དེ་ཡང་དག་ཡིག་མཛད་པ་པོ་ཞ་ལུ་ལོ་ཙཱ་བ་དང་དཔལ་ཁང་ལོ་ཙཱ་བ་རྣམ་གཉིས་དབུས་གཙང་ཕྱོགས་ནས་ཡིན་པས་དག་ཡིག་རྩོམ་སྐབས་དབུས་གཙང་གི་སྐད་གཞིར་བཟུང་ནས་བརྩམས་པར་ངེས་ལ། སྔོན་བྱོན་མཁས་པའི་བསྟན་བཅོས་རྣམས་སུ་ཡང་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་དངོས་པོའི་མིང་ཕལ་ཆེ་བར་པ་སྦྱོར་བའི་ལུགས་འདི་གྲགས་པས་སོ། །
གཉིས། མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་ཀྱི་མིང་མཐའི་པ་བ་སྦྱོར་ཚུལ་གྱི་གཞུང་འགྲེལ།
མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་ཀྱི་ཡུལ་སྐད་ལྟར་ན་རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་ཀྱི་མཐར་བ་ཕྱེད་ཀྱི་སྒྲ་ཐོན་བཞིན་པས། 《དག་ཡིག་ཟ་མ་ཏོག་》དང་《དག་ཡིག་ངག་སྒྲོན་》གྱི་བ་ཕྱེད་ཝར་འབོད་རྣམས་ལ་བ་སྦྱར་དགོས་པའི་ཚིག་ཟིན་ལ་བསྟུན་ནས་བ་དང་བོ་སྦྱོར་བའི་ལུགས་འདི་དར་ཁྱབ་ཆེ་སྟེ། རྗེ་དམུ་དགེ་བསམ་གཏན་གྱི་《བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས་》སུ། “ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ཉིད་སྦྱོར་བ་སྟེ། །”ཞེས་པ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་གི་《ཐོན་མིའི་ཞལ་ལུང་》དུ། “ང་འ་ར་ལ་མཐའ་མེད་བ། །”②ཞེས་དང་། དཔའ་རིས་དོར་ཞི་ཚང་གི་《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》སུ། “བདག་སྒྲ་འདིའི་ཁྲོད་ཀྱི་པ་པོ་དང་བ་བོ་བཞི་ནི། ཡི་གེའི་ཐོབ་ཐང་ལྟར་སྦྱོར་དགོས་ཤིང་། འཕྲོ་མ་རྣམས་ལ་སྒྲའི་ཐོབ་ཐང་མེད། པ་བ་སོགས་ཀྱི་ཐོབ་ཐང་ནི། རྗེས་འཇུག་ག་ད་བ་ས་དང་། །ན་མའི་རྗེས་སུ་པ་དང་པོ། །ང་འ་ར་ལ་མཐའ་མེད་མཐར། །བ་དང་བོ་ནི་སྦྱར་བ་ཡིན་”③ཞེས་པ་ལྟར། བདག་སྒྲའི་པ་བ་དང་མིང་གི་ཆ་ཤས་ཀྱི་པ་བ་ཐམས་ཅད་མཐའ་གཅིག་ཏུ་ཐོབ་ཐང་འདི་ལ་བསྟུན་དགོས་པར་གསུངས་པ་ལྟར་རོ། །
གསུམ། དབུས་གཙང་དང་ཁམས་ཀྱི་རོང་ཕྱོགས་ཀྱི་མིང་མཐའི་པ་བ་སྦྱོར་ཚུལ་དང་དེ་ལྟར་སྦྱོར་བའི་རྒྱུ་མཚན།
དབུས་གཙང་དང་ཁམས་ཀྱི་རོང་ཁུལ་དུ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་སྐབས་སུ་དངོས་པོའི་མིང་གི་མཐར་པ་དང་པོ་སྦྱོར་བ་ཤས་ཆེ་ཞིང་། གྲངས་ཀའི་མིང་གི་མཐར་མཐའ་གཅིག་ཏུ་པ་དང་པོ་སྦྱོར་ཏེ། དཔེར་ན། སྟོང་པ་ཉིད་དང་། མར་པ། རྐང་པ། བཅུ་པ། དགུ་པ། སྙིང་པོ། དང་པོ། འབྱོར་པ། གྲྭ་པ། ཡུལ་པ། ཕུ་པ། མདའ་པ་ལྟ་བུའོ། །དེ་ཡང་ཡིན་ཏེ། ཤར་པ་དང་ཤར་བ་ལྟ་བུར་ཆ་མཚོན་ན། ཤར་བ་ཞེས་མིང་མཐར་བ་སྦྱར་ན་བྱ་བའི་མིང་སྟེ་ཉི་མ་སོགས་ཤར་བའི་དོན་དང་། ཤར་པ་ཞེས་མིང་མཐར་པ་སྦྱར་ན་དངོས་པོའི་མིང་སྟེ་ཤར་ཕྱོགས་ནས་འོངས་པའི་མི་ལ་གོ་དགོས་པ་དང་། དེ་བཞིན་དུ་དགུ་པ་ཞེས་པ་ཨང་རིམ་དགུ་པ་དང་། དགུ་བ་ཞེས་པ་མགོ་ནང་དུ་དགུ་བའི་དོན་དུ་འཇུག་པ་ལས་ཨང་རིམ་དགུ་པའི་དོན་གཏན་ནས་མི་སྟོན་པས། པ་བའི་སྦྱོར་སྟངས་འཛོལ་ན་མདོ་སྨད་ཕྱོགས་ཀྱི་ཡུལ་སྐད་ལྟར་ཁ་ནས་བརྗོད་བདེ་མི་བདེ་ཙམ་གྱི་གནད་དོན་མ་ཡིན་པར། དོན་ལ་ཁྱད་པར་ཆེན་པོ་ཡོད་པས་ཡིག་ནོར་དུ་མཐོང་ངོ་། །
དེ་ན་སྔོན་བྱོན་མཁས་པའི་བརྡ་སྤྲོད་པའི་གཞུང་རྣམས་སུ་བདག་སྒྲ་དང་མིང་མཐའི་པ་བའི་སྐོར་རགས་ཙམ་རེ་གསུངས་པ་དེ་དག་དངོས་པོའི་མིང་གཅིག་པོའི་ཁོངས་སུ་བསྡུ་ཆོག་ལ། དེ་ཡང་ཞིབ་ཅིང་གསལ་ཐག་ཆོད་པའམ་མཐའ་གཅིག་ཏུ་ལག་ལེན་འདེབས་ཆོག་ཆོག་ཅིག་གསུངས་མེད་པ་ནི་གཞུང་གི་བསྟན་དོན་རྫོགས་པར་མ་བཀྲལ་བའི་སྐྱོན་དུ་མཐོང་ལ། དེང་རབས་བོད་ཀྱི་བརྡ་སྤྲོད་སྨྲ་བ་དཔའ་རིས་སངས་རྒྱས་ལགས་ཀྱིས་བརྩམས་པའི་《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》དུ། “མིང་གི་རིགས་ལ་དངོས་པོའི་མིང་དང་། ཁྱད་ཆོས་ཀྱི་མིང་། བྱ་བའི་མིང་། གྲངས་ཀའི་མིང་”①བཅས་མིང་རིགས་བཞི་རུ་ཕྱེ་བ་དེ་དག་གི་མཐར་པ་བ་ཇི་ལྟར་སྦྱོར་བའི་ཚུལ་ནས་བཀྲལ་ན་མིང་གི་མཐར་པ་བ་སྦྱོར་ཚུལ་སྤྱི་ལ་ཁྱབ་ཅིང་གནད་དོན་མང་པོ་ཡང་ཐག་ཆོད་པར་མཐོང་བས། དེ་ལ་རིམ་པར་འཇུག་པ་ལ།
གསུམ་པ། མིང་གི་རིགས་བཞིའི་མིང་མཐའ་འདྲེན་ཚུལ་སྤྱིར་བཤད་པ།
སྤྱིའི་ཆ་ནས་མིང་གི་རིགས་བཞི་གང་ཡིན་ཀྱང་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་ཐོབ་པ་ལ་ཚང་མ་མཐུན་པས་ཡང་ཡང་བཀྲལ་བའི་ངལ་བ་མ་དགོས་ལ། འདིར་གཙོ་ཆེ་བ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་པ་བ་ཇི་ལྟར་སྦྱོར་བའི་ཚུལ་ལ་བཞེད་ཚུལ་མ་མཐུན་པ་ཡོད་པས་དེ་ལ་ཆེད་དུ་དམིགས་ཏེ་ཅུང་ཟད་བཀྲལ་ན།
གཅིག དངོས་པོའི་མིང་།
《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》དུ།“དངོས་པོའི་མིང་ནི་སེམས་ཅན། བེམ་པོ། བྱས་པ། འདུ་ཤེས་ལ་སོགས་པ་སྤྱི་དང་བྱེ་བྲག་གི་ངོ་བོ་ཙམ་སྟོན་པའི་ཐ་སྙད་ཡོད་དོ་ཅོག་”①གི་མིང་ཡིན་པར་གསུངས་ཤིང་། དེའི་མིང་མཐའི་པ་བའི་འཇུག་ཚུལ་ལ་གོང་དུ་བཤད་ཟིན་པ་ལྟར་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་ཐོབ་པ་སྨོས་མ་དགོས་ལ། རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་ཡང་པ་སྦྱོར་བ་ཤས་ཆེ་སྟེ། དཔེར་ན། ཁང་པ་དང་། ལུང་པ། མདའ་པ། ཤར་པ། ཐར་པ། ཡུལ་པ། འགྲེལ་པ། སྒྲ་པ། གྲྭ་པ་ལྟ་བུ་སོགས་ལ་རིགས་བསྒྲེའོ། །
གཉིས། བྱ་བའི་མིང་།
《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》དུ།“བྱ་བའི་མིང་ནི་སེམས་ཅན་གྱི་རྩོལ་བ་དང་། བེམ་པོའི་འགྱུར་བ་སོགས་མཚོན་བྱེད་ཀྱི་ཐ་སྙད་ཇི་སྙེད་པ་”②ལ་འཇུག་པར་གསུངས་ཤིང་། དེ་ལ་བྱ་བྱེད་ཐ་དད་མི་དད་དང་། དུས་གསུམ་གྱི་ཁྱད་པར་སོགས་ཤིན་ཏུ་མང་མོད། མིང་མཐའི་པ་བ་སྦྱོར་ཚུལ་གྱི་ཐད་ནས། ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ་ཞེས་པའི་ཐོབ་ཐང་ལྟར་སྦྱར་ན་བོད་མདོ་དབུས་ཁམས་གསུམ་དང་། སྔོན་བྱོན་མཁས་པའི་བསྟན་བཅོས། བརྡ་སྤྲོད་པའི་གཞུང་ཚང་མ་ཡོངས་སུ་མཐུན་ཏེ། དཔེར་ན། རྒྱུག་པ། འཆད་པ། གྲུབ་པ། བསྒྲུབས་པ། ལྡན་པ། སྐམ་པ། གྱུརད་པ་ལྟ་བུ་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་འཇུག་པ་དང་། ཕོ་ཉ་བཏང་བ། སེམས་དགའ་བ། ཉེན་ཁ་ལས་ཐར་བ། ཆུར་བརྒལ་བ། འཁྱགས་པ་ཞུ་བ་ལྟ་བུ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་བ་འཇུག་པས་སླའོ། །
གསུམ། ཁྱད་ཆོས་ཀྱི་མིང་།
《བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ་》དུ།“ཁྱད་ཆོས་ཀྱི་མིང་ནི་སེམས་ཅན་དང་བེམ་པོའི་རང་བཞིན་དང་རྣམ་པ་སོགས་སྟོན་པའི་ཐ་སྙད་དེ། ” ③ཞེས་གསུངས་པ་ལྟར། དེ་ཡང་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་ཐོབ་པ་གོང་དུ་སྨྲས་ཟིན་པ་ལྟར་དང་། རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་སྐབས་སུ། དཔེར་ན། བཟང་བ་དང་བཟང་པོ། ཐང་བ་དང་ཐང་པོ། དཀར་བ་དང་དཀར་པོ། གསལ་བ་དང་གསལ་པོ། སེར་བ་དང་སེར་པོ། དགའ་བ་དང་དགའ་པོ་ལྟ་བུ་སོགས་བ་དང་པོ་སྦྱོར་བ་ལས་བཟང་པ་དང་བཟང་བོ། ཐང་པ་དང་ཐང་བོ། དཀར་པ་དང་དཀར་བོ། སེར་པ་དང་སེར་བོ། གསལ་པ་དང་གསལ་བོ། དགའ་པ་དང་དགའ་བོ་སོགས་སུ་སྦྱོར་བའི་སྲོལ་མེད་ལ། གཞན་ཡང་། སྙི་བ། སྲ་བ། ཆེ་བ། ཆུང་བ། ལྟ་བུ་ལ་བ་སྦྱོར་བ་སོགས་ཁྱད་ཆོས་ཀྱི་མིང་གི་མཐར་བ་དང་པོ་སྦྱོར་བ་ཤས་ཆེའོ། །
བཞི། གྲངས་ཀའི་མིང་།
གྲངས་ཀའི་མིང་ལས་རིམ་གྲངས་ཀྱི་མཐར་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་སྦྱོར་བ་མ་ཟད། རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་ཡང་པ་དང་པོ་སྦྱོར་བ་ལས་བ་དང་བོ་སྦྱོར་བ་བསྟན་བཅོས་ལ་མ་གྲགས་ཏེ། དཔེར་ན། ཨང་དང་པོ། ལོ་རིམ་གཉིས་པ། རབ་བྱུང་གསུམ་པ། ཁྲི་རབས་བཞི་པ། ཁང་ཐོག་ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་པ་ལྟ་བུའོ། །ཨམ་སྐད་དུ་ཟླ་བཞི་པར་ཞེས་པ་དང་ཟླ་བཞི་བར་ཞེས་མིང་མཐར་པ་དང་བ་གང་སྦྱར་ཀྱང་ཀློག་བདེ་མ་བདེ་ཙམ་ལས་དོན་ལ་ཁྱད་པར་ཆེན་པོ་མེད་མོད། དབུས་གཙང་སྐད་དུ་དེ་གཉིས་ཀྱི་གོ་དོན་གཏན་ནས་མི་འདྲ་སྟེ། སྔོན་མ་ཟླ་བཞི་པ་ཉིད་ལ་གོ་ཞིང་རྗེས་མ་ཟླ་བཞི་ཡི་རིང་ལ་ཞེས་པར་འཇུག་པས་རེད། དེ་བཞིན་དུ། རབ་བྱུང་བཅོ་ལྔ་པར་དང་རབ་བྱུང་བཅོ་ལྔ་བར་ཞེས་པ་སོགས་ལ་ཡང་རིགས་བསྒྲེས་ན་གོ་སླའོ། །
བཞི་པ། རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་མཐར་པ་བ་སྦྱོར་ཚུལ་བྱེ་བྲག་ཏུ་བཤད་པ།
དེ་ཡང་རྗེས་འཇུག་ག་ད་བ་ས་ན་མ་དང་ད་དྲག་གི་མཐར་པ་དང་པོ་འཇུག་པ་གོང་དུ་སྨྲས་ཟིན་པས་འདིར་བསྐྱར་བཟློས་ཀྱི་ངལ་བ་མི་དགོས་ལ། རྗེས་འཇུག་ང་འ་ར་ལ་མཐར་མེད་ཀྱི་མཐར་པ་བ་ཇི་ལྟར་སྦྱོར་ཚུལ་བྱེ་བྲག་ཏུ་བཤད་པ་ལ།
གཅིག དངོས་པོའི་མིང་གི་མཐར་པ་དང་བྱ་བའི་མིང་གི་མཐར་བ་སྦྱོར་ཚུལ།
འབྱོར་པ་དང་འབྱོར་བ། ཐར་པ་དང་ཐར་བ་ལྟ་བུ་མིང་གཅིག་དངོས་པོའི་མིང་དང་བྱ་བའི་མིང་གཉིས་ལ་འཇུག་པའི་སྐབས་སུ། མདོ་སྨད་དང་ཁམས་ཀྱི་འབྲོག་ཕྱོགས་ཀྱི་སྐད་ལ་མཚོན་ན་དངོས་པོའི་མིང་ལ་པ་སྦྱར་བ་ཀློག་ཅུང་བདེ་མ་བདེ་ཙམ་ལས་དོན་ལ་འགལ་བ་ཆེན་པོ་མེད་མོད། དབུས་གཙང་ཕྱོགས་སུ་འབྱོར་པ་ཞེས་པ་རྒྱུ་ནོར་ལོངས་སྤྱོད་ལ་གོ་བས་དངོས་པོའི་མིང་གི་མཐར་པ་སྦྱོར་དགོས་པ་དང་། འབྱོར་བ་ཞེས་པ་འཕྲིན་དང་ཅ་ལག་སོགས་གཞན་གྱིས་བསྐུར་བ་རང་གི་ལག་ཏུ་འབྱོར་བའི་དོན་ཡིན་པས་བྱ་བའི་མིང་གི་མཐར་བ་སྦྱོར་བ་སོགས་གནད་ཆེ། གལ་སྲིད་བྱ་བའི་མིང་དང་དངོས་པའི་མིང་གཉིས་ཀྱི་མིང་མཐའི་པ་བ་སྦྱར་ཚུལ་ལོག་ན་དོན་ཡང་གཞན་དུ་འགྱུར་འགྲོ་བས་ཡིག་ནོར་དུ་བལྟ། དེ་བཞིན་དུ། ཐར་པ་ཞེས་པ་ཐར་པའི་གོ་འཕང་ལ་གོ་བས་དངོས་པོའི་མིང་དང་། ཐར་བ་ཞེས་པ་བཙོན་ར་སོགས་ལས་ཐར་བར་གོ་བས་བྱ་བའི་མིང་དང་། མགོའི་རལ་པ་དང་གོས་སོགས་རལ་བ། བསྐལ་པ་གྲངས་མེད་དང་དུས་ཡུན་རིང་པོས་བསྐལ་བ། གཞུང་གི་འགྲེལ་པ་དང་གཞུང་དོན་འགྲེལ་བ། སྤྲུལ་པའི་སྐུ་དང་གཞན་དུ་སྤྲུལ་བ། ལྕགས་བཟོ་མཁན་གྱི་མགར་པ་དང་ལྕགས་མགར་བ་སོགས་ལ་རིགས་བསྒྲེས།
གཉིས། བྱ་བའི་མིང་དང་དངོས་པོའི་མིང་གཉིས་ཀའི་མཐར་བ་སྦྱོར་བའི་སྐོར།
རྗེས་འཇུག་ང་འ་ར་ལ་མཐའ་མེད་ཀྱི་སྐབས་སུ་དངོས་པོའི་མིང་གི་མཐར་པ་དང་བྱ་བའི་མིང་གི་མཐར་བ་སྦྱར་དགོས་པ་ནི་མིང་མཐའི་པ་བ་སྦྱོར་ཚུལ་གྱི་གནད་ཅིག་ཡིན་མོད། མཐའ་གཅིག་ཏུ་དེ་ལྟར་སྦྱོར་བ་ཡང་མ་ངེས་ཏེ། དཔེར་ན། སྐྱེ་བ། འཁོར་བ། རྒྱལ་བ། ལྟ་བ། འགྲོ་བ། བཏུང་བ། འཚོ་བ། སྣང་བ། བྱུང་བ། ཞི་བ། འདུལ་བ། སྦྱོར་བ། ལྟུང་བ། ཡོལ་བ། འཕོ་བ། འབྱུང་བ། འབྲེལ་བ། ཚ་བ། ཚོར་བ། ཞར་བ། རེ་བ། ལོང་བ་ལྟ་བུ་སོགས་ཡིག་གཟུགས་གཅིག་པ་ལ་དངོས་པོའི་མིང་དང་བྱ་བའི་མིང་གཉིས་ཀའི་མཐར་བ་སྦྱོར་བ་ཡང་མང་བ་ལྟ་བུའོ། །འདིར་བྱ་བའི་མིང་དང་དངོས་པོའི་མིང་གཉིས་ཀྱི་ཁྱད་པར་ནི་ཀློག་པའི་སྐབས་སྒྲ་ཟོར་ཡང་ལྕི་མི་འདྲ་བས་འབྱེད་དགོས་སོ། །
གསུམ། དངོས་པོའི་མིང་ལས་འདོགས་ཅན་དང་རྐྱང་པའི་རྗེས་སུ་བ་སྦྱོར་བའི་སྐོར།
《དག་ཡིག་ཟ་མ་ཏོག་》ཏུ། “ང་འ་ར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །”①ཞེས་རྗེས་འཇུག་ང་འ་ར་ལ་དང་མཐའ་མེད་ཀྱི་སྐབས་སུ། དངོས་པོའི་མིང་ཡིན་ཀྱང་འདོགས་ཅན་དང་རྐྱང་པའི་རྗེས་སུ་བ་ཕྱེད་ཝ་རུ་འབོད་པ་རྣམས་ལ་བ་སྦྱར་ཏེ། དཔེར་ན། ཀ་བ། ཁ་བ། ཐ་བ། ཚ་བ། ཡ་བ། ར་བ། ལྭ་བ། ཤ་བ། སོ་བ། དགེ་བ། དགོ་བ། ལྟེ་བ། ལྟོ་བ། ལོང་བ། ཐལ་བ། དུར་བ་སོགས་ལྟ་བུ་ཡི་གེ་རྐྱང་པའི་མཐར་བ་སྦྱོར་བ་དང་། ཟླ་བ། གླ་བ། བྱ་བ། ཁྲ་བ། དྲ་བ། གླུ་བ། རྩ་བ། བློ་བ། གློ་བ་ལྟ་བུ་མདོགས་ཅན་ཅན་གྱི་མིང་མཐར་བ་སྦྱོར་བ་ཤས་ཆེའོ། །
མདོར་ན། བོད་ཀྱི་བརྡ་སྤྲོད་པའི་གཞུང་རྙིང་པ་རྣམས་སུ་བདག་སྒྲ་དང་མིང་མཐའི་པ་བ་སྦྱོར་ཚུལ་རགས་ཙམ་རེ་གསུངས་པ་དེ་ཙམ་གྱིས་པ་བ་སྦྱོར་སའི་མིང་ལ་མ་ཁྱབ་པར་དངོས་པོའི་མིང་དང་། བྱ་བའི་མིང་། ཁྱད་ཆོས་ཀྱི་མིང་། གྲངས་ཀའི་མིང་བཅས་ཡོད་ལ། དེ་ཡང་མིང་གི་རིགས་བཞི་པོ་གང་ཡིན་ཀྱང་རྗེས་འཇུག་ག་ད་བ་ས་ན་མ་པ་དང་ད་དྲག་གི་མཐར་པ་དང་པོ་སྦྱོར་བར་ཚང་མ་མཐུན་ལ། རྗེས་འཇུག་ང་འ་ར་ལ་བཞི་དང་མཐའ་མེད་ལ་མཚོན་ན། སྤྱིའི་ཆ་ནས་དངོས་པོའི་མིང་སྟེ་རྒྱུ་འབྱོར་པ་དང་སུམ་རྟགས་ཀྱི་འགྲེལ་པ་ལྟ་བུ་མིང་མཐར་པ་སྦྱོར་བ་ཤས་ཆེ་ཞིང་། ལག་ཏུ་འབྱོར་བ་དང་། དཀའ་གནད་འགྲེལ་བ། གནང་བ་ལྟ་བུ་བྱ་བའི་མིང་གི་མཐར་བ་འཇུག་པས་ག་ད་བ་ས་ན་མ་པ། །ང་འ་ར་ལ་མཐའ་མེད་བ་ཞེས་པའི་ཐོབ་ཐང་དེ་བྱ་བའི་མིང་གི་མཐར་པ་བ་སྦྱོར་ཚུལ་གྱི་ཐོབ་ཐང་དུ་ངེས་ཞིང་། ཁྱད་ཆོས་ཀྱི་མིང་དཀར་བ་དང་དཀར་པོ་ལྟ་བུ་མིང་མཐར་བ་དང་པོ་འཇུག་པ། དང་པོ་དང་། བཞི་པ། སུམ་ཅུ་པ་སོགས་གྲངས་ཀའི་མིང་གི་མཐར་པ་དང་པོ་འཇུག་པ་སོགས་ལ་རིགས་བསྒྲེས་ན་གོ་སླ་ལ། བྱེ་བྲག་ཏུ། རྒྱལ་བ་དང་། འགྲོ་བ། འཁོར་བ་ལྟ་བུ་དངོས་པོའི་མིང་དང་བྱ་བའི་མིང་གཉིས་ཀར་བ་འཇུག་པ་ཡང་ཡོད་ལ། ཀ་བ་དང་། ཁ་བ། ཟླ་བ། གླ་བ། དྲ་བ་སོགས་མདོགས་ཅན་དང་ཡི་གེ་རྐྱང་པའི་སྐབས་སུ་དངོས་པོའི་མིང་ཡིན་ཀྱང་མིང་གི་མ་མཐར་བ་སྦྱར་བ་ཤས་ཆེ་བ་ལྟ་བུ་སོགས་སྔོན་བྱོན་མཁས་པའི་བསྟན་བཅོས་ལ་གྲགས་པ་བཞིན་སྦྱར་བ་གལ་ཆེའོ། །
ཡོང་ཁུངས། ༢༠༢༠ལོའི་《ཀན་སུའུ་མི་རིགས་སློབ་གསོ་ཞིབ་འཇུག 》 དེབ་ཕྲེང་གཉིས་པ།