མང་ཚོགས་ཀྱི་སྒོ་འགྲམ་དུ་ལས་གནས་བསྐྱལ།
དཀར་མཛེས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་གསལ། “ངར་ཁ་ལོ་བའི་ལག་ཁྱེར་ཡོད། རླངས་འཁོར་བཏང་ནས་ལོ་བཅུ་ཙམ་སོང” “ངས་འཚེམ་བཟོའི་ལག་རྩལ་ཡག་པོ་ཤེས་ཀྱི་ཡོད་། ཤང་གི་ལས་ཞུགས་གསོ་སྦྱོང་ནང་ཞུགས་མྱོང་ཡོད་ལ། ད་དུང་ལག་ཁྱེར་ཡང་ཡོད”……ཉེ་ཆར། དཀར་མཛེས་རྫོང་གེ་སར་རྒྱལ་པོའི་གྲོང་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད། ཤང་དང་གྲོང་རྡལ་ཁག་ནས་ཡོང་བའི་ལས་ཀ་འཚོལ་མཁན་800ལྷག་ཙམ་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་འདི་གར་ཡོང་ནས་དཀར་མཛེས་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲེང་ཏུའུ་གྲོང་ཁྱེར་ལུང་ཆོན་དབྱི་ཆུས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས། དཀར་མཛེས་རྫོང་རྡོ་ཐོག་ཤང་མི་དམངས་སྲིད་གཞུང་། ལེ་ཧྲན་ཅ་ཅེ་ལས་རིགས་གསོ་སྦྱོང་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“དཀར་མཛེས་རྫོང་གི་སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་། སློབ་གྲྭར་འགྲོ་རྒྱུ་འགན་ལེན་བྱེད་པའི་རྡོ་ཐོག་ཤང་གི་གསོ་སྦྱོང་ས་ཚིགས་ཀྱི་སློབ་མཇུག་འགྲིལ་བའི་སློབ་མ་དང་དབུལ་པོའི་ཤང་དང་གྲོང་རྡལ་གྱི་ལས་ཞུགས་ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུར”ཞུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མི་ཚོགས་ཤིན་ཏུ་མང་ལ། མི་ཚང་མའི་ངོ་གདོང་ནས་འཛུམ་མདངས་འཕྱུར་བཞིན་ཡོད། ལས་དོན་མི་སྣ་ཧ་ཅང་བྲེལ་བ་ཆེ་བ་དང་། ལས་ཀ་འཚོལ་འདོད་ཡོད་པའི་དུད་ཚང་དབུལ་པོའི་མིས་ཕར་བལྟ་ཚུར་བལྟ་བྱས་ནས་རང་གིས་དགའ་བའི་ཁེ་ལས་ལ་བློ་འདྲི་བྱེད་བཞིན་ཡོད། ཁེ་ལས་ཀྱི་གདན་ཞུའི་ཆེད་དོན་མི་སྣས་ལས་ཀ་འཚོལ་མཁན་ལ་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་། གདན་ཞུའི་ལས་གནས། གླ་ཕོགས་ཐོབ་ཐང་སོགས་ངོ་སྤྲོད་བྱེད་པ་དང་། ལས་ཀ་འཚོལ་མཁན་དང་གདན་ཞུའི་ཆེད་དོན་མི་སྣའི་དབར་གྲོས་མོལ་བྱས་ཏེ། རང་ངོས་ཀྱི་གནས་ཚུལ་དང་ཆེད་ལས་ཀྱི་ཁྱད་ཆོས་ངོ་སྤྲོད་བྱས་ནས་ལས་ཞུགས་ཀྱི་འདོད་འདུན་མཚོན་པར་བྱས། ཡུལ་དངོས་སུ། སྨྱུག་འཛིན་པས་རི་མགོ་ཤང་ལ་སྣ་གྲོང་ཚོ་ནས་ཡོང་བའི་པད་མ་དབང་མོས་གདན་ཞུའི་གན་རྒྱ་འཇོག་པར་བྲེལ་བཞིན་ཡོད་པ་མཐོང་། པད་མ་དབང་མོས་དགའ་སྤྲོའི་ངང“དེ་རིང་གི་གདན་ཞུའི་ཚོགས་འདུ་ནས་ལས་གནས་བློ་ཡིད་ཚིམ་པ་ཞིག་རྙེད་བྱུང་། ངས་ལུང་ཁུག་ནས་ཕྱིར་དོན་ཏེ་ཕྱི་རོལ་གྱི་འཛམ་གླིང་ལ་ལྟ་བར་འགྲོ་འདོད་ཡོད”ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུའི་ཐོག་ཁེ་ལས་32གདན་ཞུ་བྱས་པ་དང་དེའི་ནང་འཚེམ་བཟོའི་བཟོ་པ་དང་། འཕྲུལ་འཁོར་གཏོང་མཁན། བཟའ་བཏུང་ཞག་སྡོད་ཞབས་ཞུ་བ། མ་བྱན། བདེ་སྲུང་བ། གཙང་སྦྲའི་བཟོ་པ་སོགས་ཀྱི་ལས་ཞུགས་ལས་གནས་600ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད། ཡུལ་དངོས་སུ་འདོད་ཕྱོགས་རང་བཞིན་གྱི་གྲོས་མཐུན་ཁྱོན་90ལྷག་ཙམ་བཞག་ཡོད་པ་དང་། ངལ་རྩོལ་གན་རྒྱ་22བཞག་པ་དང་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། ངལ་རྩོལ་འགན་སྲུང་སྲིད་ཇུས་སོགས་ཀྱི་དྲིལ་བསྒྲགས་དཔྱད་ཡིག་2000ལྷག་ཙམ་སྤྲད་ཡོད་པ་རེད།
དཀར་མཛེས་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་གདན་ཞུའི་ཚོགས་འདུས་གཅིག་སྡུད་ཐོག་ལས་གནས་སྐྱེལ་བའི་བྱེད་ཐབས་བརྒྱུད། མི་སྤྱོད་ཁེ་ལས་དང་ལས་ཀ་འཚོལ་མཁན་ལ་ཕྱོགས་ཡོངས་ནས་གདན་ཞུ་དང་ལས་ཞུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། ལྷག་པར་དུ་སློབ་མཚམས་འཇོག་རྒྱུ་ཚོད་འཛིན་དང་སློབ་གྲྭར་འགྲོ་རྒྱུ་འགན་ལེན་བྱེད་པའི་རྩལ་ནུས་གསོ་སྦྱོང་གི་སློབ་མཇུག་འགྲིལ་བའི་སློབ་མ་ཚོར་སྒོ་འགྲམ་ནས་སྲིད་ཇུས་བློ་འདྲི་དང་། ལས་གནས་ཆ་འཕྲིན། ལས་རིགས་མཛུབ་ཁྲིད། ལས་རིགས་ངོ་སྤྲོད་སོགས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་སྟབས་བདེའི་ངང་ཐོབ་ཐུབ་པ་བྱས་པ་དང་། དུས་མཚུངས། རྫོང་དེས་ད་དུང་ལས་ཞུགས་ཀྱི་འདུན་པ་ཡོད་པ་དང་ལས་གཏོད་ཀྱི་ནུས་པ་ལྡན་པའི་སློབ་མར་ལས་གནས་བརྟན་པོ་དང་ལས་གནས་བརྟན་སྲུང་གི་ཁ་གསབ་དངུལ་དང་ལས་ཞུགས་སྐུལ་ལྕག་ཐེབས་རྩ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་རེད། ཁོ་ཚོའི་ལས་ཞུགས་ལས་གཏོད་ཀྱི་ནུས་པ་ཆེ་རུ་བཏང་བ་བརྒྱུད། “མི་གཅིག་ལས་ཞུགས་ཐུབ་ན་ནང་མི་ཚང་མ་དབུལ་སྒྲོལ་ཐུབ་པའི”དམིགས་ཚད་མངོན་འགྱུར་ཡོང་བ་བྱས་པ་རེད།