ཞི་ཆུང་།
ཞི་ཆུང་གིས་གནའ་དཔེར་གཟིགས་བཞིན་པ།
འབྲོག་ཁྱི་ནི་བོད་གངས་རིའི་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱི་རྒྱུད་ཅིག་ཡིན་ལ། རྒྱ་རིགས་ཀྱི་གྱང་ར་ནང་གི་མེ་ཏོག་དྲི་ངད་གྱང་རྒྱབ་འཐུལ་ཞེས་པའི་དཔེ་ལྟར། དེང་དུས་སུ་རྒྱལ་ཕྱི་ནང་ཀུན་གྱིས་འབྲོག་ཁྱི་དེར་རྩིས་མཐོང་ཧ་ལས་པ་བྱེད་བཞིན་ཡོད་པའི་མ་ཚད། འབྲོག་ཁྱི་བཟང་ཤོས་ཀྱི་རིན་གོང་ཡང་དམངས་སྒོར་ས་ཡ་ཁ་གྲངས་ཅན་དང་ཡང་ན་བྱེ་བའི་ཐད་ཡོད་པར་སྐད། ཚོང་པ་ལ་ལ་འབྲོག་པའི་ཁྱི་ཚོང་གཉེར་ནས་ཕྱུག་པོར་གྱུར་པར་བཤད་འདུག དེ་མིན་རྩོམ་པ་པོས་འབྲོག་ཁྱིའི་སྒྲུང་གཏམ་རིང་མོ་བརྩམས་ཏེ་རྒྱལ་ཕྱི་ནང་དུ་སྐད་གྲགས་ཆེ་བའི་སྒྲུང་གཏམ་དུ་གྱུར་རོ། །ད་དུང་འབྲོག་ཁྱི་ལ་ཞིབ་འཇུག་བྱེད་པའི་ཆེད་མཁས་ཡོད་པ་སོགས་ལ་བལྟས་ན། དེ་ཡང་ངམ་ངམ་ཤུགས་ཀྱིས་འབྲོག་ཁྱིའི་རིག་གནས་རྣམ་པ་ཞིག་ཏུ་ཆགས་འདུག་སྙམ། དེང་སང་བོད་མིའི་ཁྲོད་དུ་ཡང་ཚོང་གི་ཕྱོགས་ནས་འབྲོག་ཁྱི་ལ་མཐོང་ཆེན་བྱེད་མི་འགའ་དང་། བོད་ཡིག་ཐོག་ནས་ཞིབ་འཇུག་དཔྱད་རྩོམ་ཁར་ཁེར་མཐོང་རྒྱུར་ཡོད། སྤྱིར་བོད་རིགས་ལ་མཚོན་ན། སྔར་ཁྱི་ར་བཙུགས་ནས་ཁྱི་ཚོང་བྱེད་པའི་སྲོལ་མེད་ནའང་། ཁྱི་བཟང་བར་རྩིས་ཆེ་བ་ནི་སྨོས་མ་དགོས། དེ་ཡིན་གངས་ཅན་ཡུལ་ནས་དར་བའི་སྲོག་ཆགས་འདིར། ངོས་འཛིན་སྟངས་ཤོད་ལུགས་གང་མང་མཆིས། དེང་དུས་འབྲོག་ཁྱི་འདི་ཁོ་ནའི་ཐད་འུ་ཅག་གིས་གོ་བ་ལོན་རྒྱུ་གཅིག་ནི། འདི་དང་འདི་ལྟ་བུའི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་གང་མང་ཞིག་ལ་མཐོང་ཆེན་ཞིབ་འཇུག་འཚོལ་སྡུད། སྔོག་འདོན་དེ་ཡང་དོན་ཆུང་ཞིག་མིན་པ་གསལ་ནུས། འདིའི་ཐད་ཀྱི་དོན་ཆེ་ཆུང་གང་རུང་། གལ་སྲིད་མི་རེ་རེའི་མིག་ལམ་དུ་བརྒྱུད་རུང་སེམས་ནང་དུ་མ་བཞག སྨྱུག་འོག་ཏུ་མ་བཀོད་ན། མཐར་རིམ་བཞིན་མེད་པར་གྱུར་སྲིད། དེ་ཡང་མི་རིགས་གཅིག་གྲུབ་བྱེད་ཆ་ཤས་ཞིག་མེད་སོང་བ་མ་རེད་དམ། དེའི་ཕྱིར་དུ་འདིར་ཁོ་བོས་བརྗོད་བྱའི་དོན་འདི་འཁུམས་ཚོད་ཙམ་བསྙད་པར་བྱའོ།།
འབྲོག་ཁྱིའི་མིང་གི་ཐ་སྙད་དང་རིགས་ཀྱི་དབྱེ་བ།
སྤྱིར་འབྲོག་ཁྱི་ཞེས་པའི་མིང་སྤྱི་ཙམ་ལས། ཁྱི་རིགས་དེ་འབྲོག་ཁུལ་ནས་དར་རུང་། རོང་ཡུལ་དུ་ཡང་ཡོད་པས། བོད་ཡུལ་དུ་ཁྱིའི་རིགས་ལ་ཐོག་མར་འབྲོག་ཁྱི་ཞེས་པ་རོང་ཁུལ་གྱི་དེ་ལྟར་བརྗོད་ན་ཐང་། འབྲོག་པ་ཕལ་ཆེར་གྱིས་དེར་བོས་ཁྱི་ཟེར་ལ། དེ་ནིའབྲོག་ཡུལ་དུ་ཁྱབ་ཆེ་བའི་ཁྱི་རིགས་གཅིག་ཡིན། ད་དུང་ལ་ཁྱི་ཞེས་པའི་མགོ་བོ་ཆེ་ལ་མཆི་སྦོམ་པ། ཁོག་སྟོད་ཆེ་ལ་ཁོག་སྨད་ཅུང་ཕྲ་བ། སྐད་ཆེ་ལ་སྡེར་མོ་མཐུག་པ་ཅན་ཞིག་ཡོད། དེའི་ནང་ཤིན་ཏུ་ཆེ་བ་དག་ཏུ་ལ་ཧོ་ཟེར། དེང་སང་藏獒ཞེས་པའི་མཚོན་བྱེད་རིགས་འདིར་ངོས་འཛིན་གྱིན་འདུག རེད་དང་བོད་ལུགས་ལྟར་ན་ལ་ཁྱི་ཡིན་ན་ཁྱི་བཟང་བའི་མ་ཁྱབ་སྟེ། ཁྱི་རང་ཉིད་ཀྱི་གཤིས་ཀར་རག་ལས། སྤྱིར་ཁྱི་གཟུགས་ཆེ་ལ་དགའ་བོ་བྱེད་སྲིད། དེ་མིན་ཁྱི་རིགས་ཐ་དད་པ་རྒྱུད་འདྲེས་པའི་ཁྱི་ལ་གདའ་ལི་ཟེར། དེ་ཁྱི་བཟང་གྲལ་དུ་མི་བརྩི། ད་དུང་ར་སུ་ཞེས་པའི་མིག་སྤུ་མཆུ་སྤུ་ངོ་སྤུ་ཤིན་ཏུ་རིང་པའི་ཁྱི་རྒྱུད་འདྲེས་མ་ཞིག་ཡང་ཡོད། ཤ་ཁྱི་ཞེས་པའི་གཟུགས་དང་སུག་བཞི་ཕྲ་ལ་རིང་བ། རྣ་བ་སྲབ་ལ་ཆེ་བ། འགྲོས་མགྱོགས་ལ་རྫིའམ་སྣོམ་ནུས་ཚོར་བ་མྱུར་བ། དམངས་ཁྲོད་དུ་ནག་ཆུང་སྦ་བཞའ་སྦེ་མགོ་མ། རྒྱུག་ཡ་ནམ་མཁའི་བྱ་ལས་མེད་ཅེས་པ་ལྟར་ཤ་ཁྱི་ལ་བཤད་པ་ཤིན་ཏུ་མང་དེ། གཙོ་བོ་རྔོན་པ་ཁ་ཁེར་གྱི་བཀོལ་རྒྱུ་ཡིན། གཞན་ཡང་ཧ་ལིའི་རིགས། ས་ཆ་འགའ་རེའི་ཧ་པ་ཡང་ན་རྒྱ་ཁྱི་ཟེར། ཁྱི་རིགས་དེ་ནི་ཡུལ་གཞན་ནས་ཐོན་དེ། མིང་ཡང་དེ་ལྟར་ཐགས་པ་ལས་སྔར་ནས་བོད་ཡུལ་དུ་གནས་པ་ཞིག་མ་རེད་སྙམ། རེད་དང་བོད་ཡུལ་འདིར་ཐུན་མོང་མ་ཡིན་པའི་མི་རྣམས་ཡ་མཚན་སྐྱེ་དགོས་པ་དང་། ཆེས་ཤིན་ཏུ་དཀོན་པའི་ཁྱིའི་རིགས་ཞིག་ཡོདཔ་དེའི་མིང་ལ་གོ་ཁྱིའུ་ཟེར། གོ་ཁྱིའུ་ནི་བྱ་གོ་བོའི་སྒོང་སྐྱེས་ལས་བྱུང་བ། གོ་ཁྱིའུ་ཡི་མ་ནི་གོ་བོ་ནང་ནས་གོ་ཚེར་མ་ཡིན་པར་བཤད། གོ་ཚེར་མ་ཞེས་པ་ནི་ལོ་གསུམ་ལོན་པའི་མོ་བྱར་ཟེར། སྔར་འབྲོག་ཡུལ་དུ་བྱ་གོ་བོ་ཤིན་ཏུ་མང་ལ། ནམ་རྒྱུན་སྦྲ་མཐའ་ཐལ་ཕུང་གམ་དུ་རུས་པ་རྒུམ་འདུག་པས། གོ་ཁྱི་ཡི་ཕ་རྒྱུད་ཕྱི་བ་ཡིན་པར་བཤད། གོ་ཁྱིའི་གཟུགས་ཤིན་ཏུ་ཆུང་ལ། སྤུ་རྩ་བྱ་ཡི་ཐུལ་ཕྲན་སྐྱེས་ཡོད་པ། གཤིས་དང་གཟུགས་དང་ཟུག་སྐད་ཧ་པ་དང་གཉིས་སུ་མེད། མ་ཟད་དྲི་འཛིན་དབང་པོས་དུག་གི་དབྱེ་བ་འབྱེད་ནུས་པར་བཤད། གོ་བོའི་ཕྲུ་གུ་གཡང་གཟར་བྲག་དམར་དཀྱིལ་དུ་འཇོག་སྲིད་ལ། ཕྲུ་གུ་ཤིན་ཏུ་རྙེད་དཀའ་བ། གོ་ཁྱིའུ་ཡི་སྒོང་ཤུན་སྲ་ཞིང་འཐས་པ་དེར། ཕ་མ་གཉིས་ཀྱི་མཆི་ཐོས་རྡེག་ནས་མ་བཅག་ན་ཁ་རྡོལ་མི་ཐུབ་པར་བཤད། ཡང་སྒོང་ཁ་རྡོལ་རྗེས་ཕ་མ་གཉིས་ཀྱིས་རིགས་མི་འདྲ་བ་ཞིག་ཡིན་པ་མཐོང་ཚེ་བདག་མི་བྱེད། དེ་དུས་ཚང་ནས་ཕྱིར་ཕུད་བྱེད། མི་རྣམས་ཀྱིས་ཟུག་སྐད་ཐོས་ཐུབ་ཚེ་འཚོལ་བར་སོང་ན་རྙེད་ཐུབ་པར་བཤད། མ་ཚད་སྔར་བོད་མི་འགས་མིག་མཐོང་ལག་ཟིན་ཡོད་པ་མངོན་པར་གྲུབ། སྔར་བླ་ཆེན་ཁ་ཁེར་གྱིས་གོ་ཁྱིའུ་གསོས་ཡོད་པ་ཡང་མཐོང་མྱོང་ཟེར་མི་ཡོད། དམངས་ཁྲོད་དུ་གོ་ཁྱིའུ་ཞེས་པ་བདེན་པར་གྲུབ་པའི་ཚིག་ཐག་ཆོད་བྱེད་ཀྱི་གཏམ་བཤད་རྒྱུ་ཡོད། གལ་སྲིད་ཡོད་ན་འདི་ཡང་ཡ་མཚན་གྱི་ཁྱི་རིགས་གཅིག་རེད། འདི་ཐད་དུ་ཡང་བོད་གནའ་རབས་དམས་གླུ་རིང་མོ་འམ་སྲིད་པའི་ཁུགས་པ་བཅོ་བརྒྱད་ཅེས་པ་ལས། དྲི་བ། སྲིད་པ་མ་ཆགས་སྲིད་པ་ཆགས། སྲིད་པ་ཆགས་པའི་སྔོན་རོལ་དུ། ཁྱི་་རབ་ཁྱི་འབྲིང་ཁྱི་ངན་བྱུང་། དེ་རེ་རེ་མཚན་ཉིད་བཅུ་རེ་ཡོད། ཁྱི་རབ་གཅིག་གི་མཚན་ཉིད་དེ། །ངས་མ་ཤེས་གླུ་བ་དྲིས་ལེ་ཡིན། །ཁྱོས་ཤེས་ན་གླུ་བ་ལན་ཞིག་ཐོབ། །དྲིས་ལན། བྲག་དམར་ཐེམ་ནས་གོ་གཅིག་བྱུང་། གོ་ཚར་མ་ལ་བུ་གཅིག་བྱུང་། གཤོག་པ་མ་ཐོགས་འཕུར་ལ་ཁད། །རྭ་ཅོ་མ་སྐྱེས་བརྡུང་ལ་ཁད། ཐིག་ལེ་མ་བབས་མཆོང་ལ་ཁད། །ཁྱི་དང་འདྲ་བའི་ཟུག་ལ་ཁད། །ཨ་མ་རིག་ན་ཟ་ལ་ཁད། །འདབ་ཆགས་ཚང་ནས་འབུད་ལ་ཁད། །ཕ་ངོ་མ་ངོ་གཉིས་མི་ཤེས། །དགྲ་ངོ་གྲོགས་ངོ་གཉིས་མི་ནོར། །མིང་ལ་གོ་ཁྱི་ར་མགོ་ཟེར། །རྒྱལ་པོ་ཞིག་གི་མདུན་ན་ཡོད། །ཅེས་པ་དེས་ཀྱང་གོ་ཁྱིའི་སྐྱེ་ཚུལ་དང་གཟུགས་དང་གཤིས་ཀ་སོགསགསལ་པོ་བསྟན་ནོ། །
འབྲོག་ཁྱིའི་བྱུང་བ་དང་དགོས་པ།
འབྲོག་ཁྱི་དེ་བོད་མི་རིགས་ཀྱིས་བཀོལ་པའི་ལོ་རྒྱུས་ཧ་ཅིང་རིང་བ་ལས། བོད་མི་རིགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཡང་མི་རིགས་གཞན་དང་འདྲ་བར། སྤྲ་ནས་རིམ་བཞིན་གནའ་རབས་ཀྱི་མི་དང་མི་གསར་པ། ཤེས་རྨོངས་དུས་རབས། ཀླ་ཀློའི་དུས་རབས། ཤེས་རིག་ལྡན་པའི་དུས་རབས་བཅས་བརྒྱུད་མྱོང་། ཤེས་རྨོངས་དུས་རབས་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་གཙོ་བོ། རང་བྱུང་ཁམས་ཀྱི་ཤིང་ཐོག་སོགས་ཀྱིས་ཁ་གསོ་དུས་ཡིན་ལ། དེ་རྗེས་སུ་རིམ་བཞིན་སྲོག་ཆགས་རྔོན་པ་དང་། ཕྱུགས་སྐྱོང་བ་ཞིང་ལས་སོགས་དར་བར་བཤད། བོད་མི་རིགས་ལ་མཚོན་ན་ཕྱུག་ལས་མ་དར་སྔོན་དུ་གཙོ་བོ་རི་དྭགས་བརྔོན་ནས་འཚོ་བ་རོལ། དེ་ནས་རི་དྭགས་དང་གཅན་གཟན་སྣ་ཚོགས་ལ་འབྲེལ་འདྲེས་ཇེ་མང་དུ་སོང་། ངོས་འཛིན་ཡང་ཇེ་ཟབ་ཏུ་གྱུར་ཏེ། རིམ་བཞིན་འབྲོང་ལ་གཡུང་ཕབ་ནས་སྒོ་ཟོག་ཏུ་བསྒྱུར་བ་དང་། སྒོ་ཕྱུགས་གཞན་དག་ཀྱང་གཡུང་ཕབ་པར། བཀའ་ཆེམས་ཀ་ཁོལ་མ་ལས། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། །ཤ་ཕོ་མོ་བ་དང་གླང་དུ་བཏུལ། །དགོ་ཕོ་མོ་ནི་ལུག་ཏུ་བཏུལ། །གླ་བ་ཕོ་མོ་རར་བཏུལ། །རྐྱང་ཕོ་མོ་ནི་རྟར་བཏུལ། །རྨོ་བཀོལ་སོ་ནམ་དེ་ཡི་དུས་སུ་བྱས། །སྤྱང་གི་ཕོ་མོ་ནི་ཁྱི་རུ་བཏུལ། །ཞེས་གསུངས་པ་ལྟར་གངས་ཅན་ཡུལ་འདིར་ཕྱུགས་ལས་དར་བ་ནས་བཟུང་སྒོ་ཁྱི་དང་འབྲལ་ཐབས་མེད་པར་གྱུར། ཕྱུགས་ཟོག་གི་མེད་དུ་མི་རུང་བའི་སྲུང་མ་ཡིན་པས། གླིང་གེ་སར་སྒྲུང་སྟག་གཟིག་ནོར་འགྱེད་ནང་དུ་ བྱང་ལྕགས་མོ་རོང་གི་འབྲི་གཡང་བླངས། སྒོ་ནོར་དགྲ་ལ་མི་ཤོར་བའི། སོག་ཁྱི་དགུ་ཚང་གི་ཁྱི་རྫོང་ཕབ། ཟལ་དཀར་འབྲི་ལ་སྲུང་མ་བཞག་ཅེས་པ་ལྟར། འབྲོག་པའི་ཕྱུགས་ཟོག་དེ་ཇག་རྐུན་དང་འཕར་སྤྱང་སོགས་དང་། ཡང་ན་ཁྱིམ་རྐུན་བཅས་སྔོན་འགོག་བྱ་བར་བློ་གཅིག་གིས་རྟག་པར་དཀའ་བ་སྤྱད་ཏེ། མི་རྣམས་ཀྱིས་རིག་རྒྱུ་མེད་པའི་བྱས་རྗེས་ཆེན་པོ་ཡོད་པའི་མ་ཚད། འབྲོག་ཁྱི་འགས་ཇག་རྐུན་བཟུང་བའི་གཏམ་རྒྱུད་གང་མང་ཡོད་པས། རྐུན་མ་དག་ཀྱང་སྒོ་ཁྱི་བཙན་པོ་ལ་ཤིན་ཏུ་སྐྲག རྐུན་མ་འགས་ཁྱི་བྲིད་ཕྱིར་མཚན་མོ་གཡག་རའི་ནང་དུ་རྩམ་པ་དང་ཤ་བཅུག་ཏེ་ཁྱི་སླེབས་དུས་ཁྱི་སྔོན་འཕེན་པར་བཤད། ཁྱི་རྒོད་ཀྱིས་རྐུན་མ་བཟུང་རབས་བཤད་ན། མཚན་གཅིག་ཏུ་རྐུན་མ་ཞིག་གིས་འབྲོག་ཁྱིམ་ཅིག་གི་རྟ་རབ་ཅིག་བརྐུས། སྒོ་ཁྱིས་མཐོང་རུང་མངག་མེད་པས་ལན་མང་འཐེན་ཀྱང་ཤོར་མ་ཐུབ། རྐུན་མ་ཐག་རིང་དུ་བྲོས་རྗེས། སྒོ་ཁྱིས་དེས་སླར་མུ་མཐུད་ནས་སྐེ་འཐེན་བྱས་མཐར་ཤོར་སོང་། དེ་མ་ཐག་ཏུ་རྐུན་མའི་རྗེས་བརྙེགས་དེ་བདས། ལ་ལུང་འགའ་བརྒལ་རྗེས་སུ་རྐུན་མའི་རྗེས་ཆོད་དེ། མཆོང་ལྡིང་གཅིག་གིས་རྐུན་མ་རྟ་ཐོག་ནས་བླངས་ཏེ། རྟ་ཕྱིར་ཆོད་པར་བཤད། ཡང་དུད་ཚང་འགས་རུ་སྤོ་དུས་ཁྱི་ངར་པ་དག་གཡག་སྐེར་ཐག་པས་སྦྲེལ་ནས་མ་སོང་ན་ཡུལ་མི་ལ་ཉེན་ཁ་ཆེ་བ་དང་། ལ་ལས་རུ་སྤོ་དུས་ཉིན་སྔོན་མ་ནས་བརྡ་བྱེད་དགོས་པ་ལས། རུ་འགེལ་ཉིན་ཉེ་འདབ་ཡུལ་མི་དག་སྐབས་རེ་ཙམ་བཞའ་དགོས། འབྲོག་ཁྱི་དེ་དགོས་མཁོ་ཆེ་ཕྱིར་བོད་མིས་ཀྱང་བརྩི་མཐོང་ཆེན་པོ་བྱེད་འདུག ཁྱིམ་ཚང་གི་རྒྱུ་ནོར་གཅིག་ཏུ་བརྩིས་དེ་མགོ་སྦྲ་སྒོ་ཁྱི་དང་བཅས་ཞེས་པའི་ཤོད་སྲོལ་ཡོད་དོ། ཡང་གཅིག་བཤད་ན་འབྲོག་ཁྱི་དེ་ཐོག་མར་གང་ནས་བྱུང་བ་ཡིན་ཞེ་ན། ལོ་རྒྱུས་བྱུང་རིམ་ལ་བལྟས་ན། དེ་ཡང་རི་སྐྱེས་གཅན་གཟན་གྱི་རིགས་ཡིན་པར་གོར་མ་ཆག དེའི་འབྱུང་གནས་ཡང་གངས་རིའི་ལྗོངས་ཡིན་པ་ཀུན་གྱི་ཐུན་མོང་ལྟ་བར་གྱུར། ལོ་རྒྱུས་ཡིག་ཆ་འགར་བལྟས་ན། ཐོག་མར་སྤྱང་གི་ནས་རིམ་འགྱུར་བྱུང་བ་ཡིན་པར་བཤད། འདི་ལྟར་ན་བོད་ཡུལ་དུ་ཡང་སྤྱང་གི་དང་རིགས་འདྲ་བའི་ཁྱི་འགའ་ཡོད་པས། ཀོང་ཁྱི་རྣ་རིང་ངམ་སྤྱང་ཁྱི་ཡང་ཟེར། ཡིན་ནའང་འབྲོག་ཁྱིའི་ཐོག་མ་བོས་ཁྱི་འདིའི་རིགས་ཡིན་པར་སྙམ། ལོ་ཁྲི་ཡས་མས་ཀྱི་སྔོན་རོལ་དུ་ཁྱི་རིསག་དེ་རི་སྒང་གི་ཁྱི་རྒོད་གཅིག་ཡིན་ལ། དེ་གཟུགས་རྫིག་ལ་སྟོབས་ཆེ་བ་བཙན་ངར་ལྡན་པ་གཅིག་གོ། རི་དྭགས་རྔོན་ནས་འཚོ་ཆས་བསྒྲུབས། ཕྱིས་སུ་མི་རྣམས་ཀྱིས་སེམས་ཅན་དེ་གསར་མཐོང་དང་ངོས་ཟིན་བྱུང་བར་བརྟེན། ཁྱི་རྒོད་དེ་འདུལ་ནས་བེད་སྤྱོད་དགོས་པའི་ཀུན་སློང་སྐྱེས། རེད་དང་ཁྱི་དེ་ལག་བཟུང་དགོས་ན་ཤིན་ཏུ་མི་འོས་པས། རྗེས་སུ་ཁོ་རང་ཚོས་གླགས་འཚོལ་དེ། རི་སྒང་དུ་སོང་ནས་ཁྱི་གུ་མིག་ཕྱེས་མེད་པ་དག་བཟུང་ནས་གསོས་པ་ཡིན། དེའི་སྲོལ་གྱིས་འབྲོག་ཁྱི་གསོ་ན་མ་གཏོགས་ཆུང་དུས་མ་གསོས་ན་ཁྱི་ཆེན་གྱི་སྙིང་མི་བྱིན་ཟེར། བོས་ཁྱི་ཞེས་པ་ནི་རི་སྐྱེས་གཅན་གཟན་ཁྱི་རྒོད་དེ་སྒོ་ཁྱིར་བཏུལ་རྗེས་སུ་ཁྱི་འབོད་ན་སྒོར་རྩར་སླེབས་པར་བོས་ཁྱི་བརྗོད་པ་དེ་ཆེས་ཐོག་མའི་མིང་ཞིག་གོ། དེ་ནས་བོས་ཁྱི་དང་རིགས་ཐ་དད་པའི་སྲོག་ཆགས་རྒྱུད་འདྲེས་ནས་ལ་ཁྱི་དང་ལ་ཧོ་ཞེས་པ་དར། ལ་ཁྱི་ཞེས་པ་ཡང་ལ་ཁའི་གཅན་གཟན་དང་འབྲེལ་བ་ཡོད་པའི་མིང་ཐོགས་དོན་དེ་ནས་བྱུང་བར་སྙམ། དེ་ཡིན་ན་གནའ་སྔ་མོ་ནས་ལ་ཁྱི་དེའི་མ་རྒྱུད་བོས་ཁྱི་ཡིན་ལ། ཕ་རྒྱུད་དོམ་ཡང་ན་དྲེ་མོང་དང་སེང་གེ་ཡིན། ཅིས་ཕྱིར་ཞེ་ན། ལུག་གི་ཚོ་ལྗིད་མྱང་ན་ཤེས། གཏམ་གྱི་བདེན་རྫུན་དཔྱད་ན་ཤེས་ཞེས་པའི་དཔེ་ལྟར། སྤྱིར་འབྲོག་དམངས་ཀྱིས་སྒོ་ཁྱིར་དོམ་ཕྲུག་དྲེད་ཕྲུག་སེང་ཕྲུག་ཅེས་པའི་མིང་འདོགས་སྲོལ་གང་མང་ཡོད་ལ། སྤྱང་ཕྲུག་ཡང་ན་སྟག་ཅེས་པ་མ་ཐོས། ནང་སྒོས་སུ་ལ་ཧོ་འགའི་གཟུགས་སེང་གེ་དང་ཤིན་ཏུ་འདྲ་ལ། བོས་ཁྱི་ལ་ལ་དོམ་དྲེད་དང་འདྲ་བར་སྣང་། དེ་དག་ནི་གནའ་དུས་སུ་ཁྱི་རྒྱུད་དེའི་ཐོག་མ་བྱུང་བའི་རྣམ་པ་མཚོན་ནོ།། འདིར་གནའ་དུས་ཆེས་སྔ་མོར་ནས་བྱུང་བའི་དམངས་གླུ་རིང་མོའམ། སྲིད་པའི་ཁུགས་པ་བཅོ་བརྒྱད་ལས། རྒྱ་རྫོང་ནགས་ནས་དོམ་གཅིག་བྱུང་། དོམ་བུ་མ་ལ་བུ་གཅིག་བྱུང་། །ཕ་མ་གཉིས་ཀྱི་ཤུལ་དུ་ལུས། །གནམ་ལ་བལྟས་ནས་ཐེངས་གསུམ་ངུས། །ལྷ་ཡི་དབང་པོས་བྱིན་གྱིས་བརླབས། དོམ་བུ་སྙིང་དཀར་དེ་ནས་བཏགས། །ས་བདག་རྒན་མོས་ལྟོ་བ་བླུད། །ས་བདག་ཧ་ཁྱི་དེ་ནས་བཏགས། །སྲིད་པ་རྒན་པོའི་རྗེས་ལ་བརྙེགས། །ཕྱུག་པོ་ཚང་གི་རྒྱུ་བདག་བྱས། །མིང་ལ་གཡང་ཁྱི་སེན་དཀར་ཟེར། །སྐུ་རྒྱལ་བོད་ཀྱི་གཡང་ཁྱི་ཡིན། །ཞེས་དང་། གངས་དཀར་རི་ལ་སེང་གཅིག་བྱུང་། སེང་གེ་དེ་ལ་ཚ་གཅིག་སྐྱེས། །ཁ་ཆེ་སྣ་རྐོ་སྐྱེས་གཟུགས་ཆུང་། །མིག་རིལ་སྲན་མ་ནག་རིལ་འདྲ། །འགྲུལ་པ་ཐོན་ཚེ་ངུ་ངག་འདོན། །རྔ་མས་ས་གཞི་རྔ་བཞིན་བརྡུང་། །བརྒྱགས་རུང་ལྟོག་རུང་ཤི་བོ་འདྲ། །ཟས་སྐལ་མ་བྱིན་མིག་ཆུ་ལྷུང་། །ཁ་མཚན་མ་གཉིས་ཀ་ལྕེ་ཡིས་ལྡག །འགྲོ་རྒྱུ་དྲན་རྒྱུ་གཉིས་ཀ་མང་། །མིང་ལ་ཁྱི་ངན་ཧ་ཐོ་ཟེར། །རིལ་མ་ཞིག་གི་འདབས་འོག་ཉལ། །ཞེས་པ་སྲིད་པའི་དམངས་གླུ་དེའི་ནང་དུ་འབྲོག་ཁྱིའི་བྱུང་བ་འཁོད་པའི་མ་ཚད། ཁྱིའི་རིགས་ནང་ནས་མཆོག་ཏུ་གྱུར་པ་གོ་ཁྱི་ཡིན་པ་དང་། དེའི་འཕྲོར་དོམ་གྱི་རྒྱུད་པ། སེང་གེའི་ཚ་རྒྱུད་དེ་འདྲ་མི་ལེགས་པ་བཤད་རུང་། དེ་ཡང་ཁྱི་བཟང་ཤས་ཡིན་པར་སྙམ། འབྲོག་ཡུལ་གྱི་ཁྱི་ངན་པ་དེ་གདའ་ལི་ལ་འདོད་པས། གོང་སྨྲོས་ངན་ཆ་དག་ཀྱང་གདའ་ལི་ལ་འདོད་པས། འདི་སེང་ཚ་ངན་འགྱུར་བྱུང་བ་ལས། སེང་རྒྱུད་དེ་ཁྱི་བཟང་གྲས་སུ་གཏོགས་པར་འདོད་དོ། །
འབྲོག་ཁྱིའི་གཟུགས་དང་སྤུ་མདོག
འབྲོག་ཁྱིའི་གཟུགས་ཕུང་སྐྱེ་ཚུལ་དང་སྤུ་མདོག་ལ་ཡང་ཤོད་སྲོལ་གང་མང་ཡོད། སྤྱིར་འབྲོག་ཁྱི་གཟུགས་ཆེ་བ་ནི་ཁྱི་རབ་གཅིག་ཏུ་ཚང་དགོས་པའི་ལེགས་ཆ་གཙོ་བོ་ཡིན་པ་ཤོད་མ་དགོས་པ་རེད། ལ་ཁྱི་དང་བོས་ཁྱི་གང་ཡིན་རུང་། མགོ་བོ་ཆེ་ལ་མཆུ་སྦོམ་པ། ཁ་ཤ་ཆེ་ལ་སྐེ་རུས་སྦོམ་པ། སྡེར་མོ་ཆེ་ལ་དཔང་མཐུག་པ། མཆེ་བ་སྦོམ་ལ་སྡིགས་ཉམས་ལྡན་པ། མཇུག་མ་ཆེ་ལ་སྤུ་ཁུལ་རིང་བ། རྣ་བ་ཆེ་ལ་ཐོད་མིག་རྫིག་པ། རྟིང་བར་ཡངས་ལ་སུག་བཞི་སྦོམ་པ། ཟུག་སྐད་ཆེ་ལ་སྐད་གདང་སྦོམ་པ། དམངས་ཁྲོད་དུ་ཕྱུག་ཁྱིའི་སྐད་ཁེར་གྲག་གཉིས་གྲག་བྱེད་དེ་ཡོད་ཡོད་ཅེས་ཟུག་ལ། ཁྱི་ངན་གྱི་སྐད་ཕྲ་ལ་མགྱོགས་པའིངང་མེད་མེད་ཅེས་ཟུག་ཤོད་སྲོལ་ཡོད། ཁྱི་འགའི་ཆེ་ཆུང་ཡང་ལོ་གསུམ་ལོན་པའི་གཡག་ཤད་དང་མཚུངས་པ་ཡོད་སྲིད། དེ་ལྟ་བུའི་ཁྱི་ཆེན་གྱིས་ཟུག་སྐད་ཀྱང་ཁྱི་མ་མཐོང་རུང་ཁྱི་ཆེན་ཞིག་ཡིན་པ་རྟོག་ཐུབ་པས། ལ་ཕར་རྒྱབ་ནས་ཟུག་ན་ཚུར་རྒྱབ་ནས་ཐོས་ནུས། ཁྱི་ཆེན་གྱིས་ངོ་མི་ཤེས་པའི་མི་མཐོང་ཚེ། ཕར་འགྲོ་ཚུར་འགྲོ་བྱེད་ནས་འཇིགས་རྔམ་སྟོན། ཁྱི་ངན་ཟུག་གྲངས་འཐེན་གྲངས་མང་རུང་། གལ་སྲིད་ཤོར་སོང་ན་རྨུག་མི་ཕོད། གཏམ་དཔེ་ལས་མི་ངན་བཟུང་ན་མ་ཐུབ། ཁྱི་ངན་བཀག་ན་མི་ཁོག་ཅེས་པའི་དཔེ་ལྟར་རོ། ། དེ་བཞིན་དུ་འབྲོག་ཁྱི་གཟུགས་ལེགས་ལ་རྔམ་ཆེ་དགོས། མ་ཚད་ད་དུང་བཙན་ངར་ལྡན་དགོས། འབྲོག་ཁྱིའི་བཙན་ངར་དེ་ཡང་གཟུགས་ཀྱི་ཆེ་ཆུང་ལ་མ་ལྟོས་པར། གཙོ་བོ་ཁྱི་རང་ཉིད་ཀྱི་གཤིས་རྒྱུད་ཀྱི་ཁྱད་པར་དང་། ཁྱི་གསོ་ལུགས་དང་ཁྱི་བདག་གི་སྦྱོང་ལུགས་ལ་རག་ལས་སོ། །སྦྱང་འདུལ་དེ་ཁྱི་ཆུང་དུས་ནས་མི་ཆ་མེད་གཅིག་གིས་དབྱུག་པ་ཡང་ན་ལྕག་ཚན་གྱི་མགོ་ལ་ཅུང་ཙམ་རྡེག་པ་དང་། ལག་ནས་ཕྱིང་ཐེད་བཟུང་དེ་ཁྱི་སྔུན་དུ་ཕར་ཚུར་གཡུག་ནས་རྨུག་བཅུག་པ་དེ་དག་ལ་ཁྱི་ཁ་གཙེ་ཟེར་རོ། །ཁྱིའི་གཤིས་རྒྱུད་ལ་ཡང་བཟང་ངན་གང་རུང་ཡོད་པས། དེ་ཡང་ཁྱི་གུའི་དུས་ནས་གསལ་ནུས། ཁྱི་བཙན་དག་གི་ཁྱི་ཁ་གཙེས་མ་ཐག་ཏུ་ཕྱིང་བ་ཁ་ནང་ནས་བསྡམས་ཤིང་ངར་སྒྲ་འབྱིན་པར་ཕྱིང་བ་གཏན་ནས་མི་གཏོང་། ཁྱི་ངན་ཡིན་ཚེ་མྱུར་དུ་མཇུག་མ་སུག་བར་དྲངས་ནས་ངུ་ཟུག་བྱེད་དེ་འབྲོ་ས་གབ་ས་གང་རྙེད་ལྟ། གཏམ་དཔེ་རུ་མི་སྐྲག་མཐའ་མེ། ཁྱི་སྐྲག་རྔ་མ་མེད་ཅེས་པ་ལྟར་རོ། །གཞན་ཡང་ཁྱིའི་སྤུ་མདོག་ལ་ཡང་བོད་མི་རང་ལ་མཛེས་དཔྱོད་ལྟ་བ་རེ་ཡོད་ལ། ཁྱི་མིང་སྤུ་མདོག་ལས་ཐོགས་པ་གང་མང་མཆིས། སྤུ་མདོག་ལ་ཁྱི་རྒྱ་སེར། རྒྱ་སྐྱ། རྒྱ་ནག ནག་པོ་སྙིང་དཀར། དམར་པོ། དཀར་པོ། སྔོན་པོ། ཁྲ་བོ་སོགས་ཡོད། དེའི་ནང་ཆེས་བཟང་ཤོས་རྒྱ་སེར་མིག་བཞི་ཞེས་པ་དེའོ། རྒྱ་སེར་ཞེས་པ་མིག་ཐོག་སེར་ཐིག་ཡོད་པ་དང་། མཆུ་དང་སུག་བཞི་སེར་ཞད་ཆེ་བ། གཞི་ནག་པོ་ཡིན་པར་འདོད། དམངས་ཁྲོད་དུ་ཁྱི་མིག་བཞིས་མི་མ་ཡིན་མཐོང་ཐུབ་པར་བཤད། རྒྱ་སྐྱ་ནི་དེ་ལྟ་བུའི་དཀར་ཟལ་ཅན་ལ་ཟེར། དེ་མིན་ནག་པོ་སྙིང་དཀར་ཡང་མདོག་ལེགས་ཤོས་སུ་རྩི། ཁྱི་ནག་པོ་ཡིན་ན་དེའི་སྙིང་ཀ་ཡང་དཀར་པོ་ཡིན་སྲིད་པས། གཏམ་དཔེ་ལ་ཁྱི་ནག་ནག་རྟིང་ཀ་མི་དཀར་ནི། ཕོ་རང་ཞེ་རང་ལ་མི་ཆེ་ནི་མེད་པའི་དཔེ་ལྟར་རོ། །དེ་བཞིན་དུ་ཁ་དོག་ནས་ཁྱི་མིང་ཐོགས་པ་དཔེར་ན། རྟིང་དཀར། ཞོ་ཁ། ཞོ་སྣ། སྡེར་དཀར། ལག་དཀར། སྐྱ་ཁ། ཁྲ་རིལ། དུང་སྐེད། སྔོ་ཡོག དམར་ཡོག ནག་ར། ཁྲ་འབྲུག་སོགས་ཟེར་སྲོལ་ཡོད། ཁྱིའི་རྔ་སྣེ་དཀར་པོ་ཡིན་ན་མཚན་མ་མི་ལེགས། འདྲེ་ལག་གཡུག་ཡིན་ཞེ་ནས། ཆུང་དུས་ནས་གཅོད་པའི་སྲོལ་ཡོད། མདོག་དམར་པོ་ཅན་རྩི་ས་མེད་ཀྱི་གྲས་སུ་གཏོགས། འབྲོག་པའི་སྒོ་ཁྱི་ལ་བཏག་ཁྱི་དང་ཡན་ཁྱི་ཞེས་པ་ཡོད། ཁྱིམ་ཚང་འགར་བཏག་ཁྱི་གཉིས་དང་ཡན་ཁྱི་གསུམ་བཞི་ཡོད། ཡན་ཁྱི་ནི་མི་བཏག་ལ་མཚན་མོ་ཕྱུགས་ཁྱུ་སྲུང་བའི་ཕྱིར་རོ། །བཏགས་ཡང་མཚན་གཏོང་པ་དང་མི་གཏོང་པ་གང་རུང་ཡོད་དོ། །
འབྲོག་ཁྱིའི་གཟན་ཆས་དང་གསོ་སྟངས།
ཁྱི་གཞི་ལེགས་པོ་ཞིག་ཁྱི་རབ་ཅིག་ཏུ་འགྱུར་དགོས་ན། ཁྱི་ཆུང་དུས་ནས་བཟང་གསོ་བྱ་རྒྱུ་ནི་གལ་ཆེན་ཡིན། སྤྱིར་འབྲོག་པ་གཅིག་ཡིན་ན་སྒོ་ཁྱི་མེད་ས་ཕལ་ཆེར་ཡོད་རྒྱུ་མ་རེད། འཚོ་བའི་ཆ་རྐྱེན་སོགས་ཀྱིས་དབང་གིས་ཁྱི་གསོ་བར་རབ་འབྲིང་ཐ་གསུམ་གང་རུང་ཡོད་པ་སྨྲོས་ཅི་དགོས། སྔར་བླ་མ་རྣམས་ཀྱིས་ཀྱང་ཆོས་འཆད་སྐབས་སྒོ་ཁྱི་ལྟོགས་ན་ཉེས་པ་ཆེ་གསུངས་པར་བརྟེན། སྒོ་ཁྱི་གསོ་རྒྱུ་དེ་ཀུན་གྱིས་མཐོང་ཆེན་བྱེད་པ། མ་ཚད་དགོན་པ་དང་འབྲོག་སྡེ་འགས། ཁྱི་ལྡོམ་བདག་མེད་མང་པོ་འདུས་ཡོད་སར་གཟན་ཆས་རྒྱ་མ་སྟོང་ཙམ་ཁྱེར་ནས་སྦྱིན་པ་བྱེད་པ་དེར་ཁྱི་དགེ་ཟེར་ལ། ཕན་ཡོན་རྒྱ་ཆེན་ཡོད་པར་གསུངས། ཁྱི་ལ་གཟན་ཆས་མ་བཟང་ན་ཁྱི་གཞི་བཟང་རུང་ཁྱི་ངན་དུ་འགྱུར་སྲིད། དམངས་ཁྲོད་གཏམ་དཔེ་ལས། གདའ་ལི་ཚིལ་གྱིས་ཁྱོག་ན་སྟག་དང་འདྲ། སྟག་མོ་ས་མཐའ་ལྷུང་ན་ཁྱི་དང་འདྲ་ཞེས་པ་དང་། སྲིད་པའི་ཅང་རྒན་བསྟན་བཅོས་ལས། རྟ་བཟང་པོ་གསོ་གསན་བྱས་ན་ལེགས། ས་གང་བསམ་ས་ལ་སླེབ་སླེབ་ཡིན། ཁྱི་རྒོད་པོ་སྒོ་ན་གསོས་ན་ལེགས། དགྲ་རྐུན་བུ་བྱུང་ན་རིག་པ་ཡིན་ཞེས་སོ། །འབྲོག་ཁྱིའི་གཟན་ཆས་ཕལ་ཆེར་རྩམ་ཁུ་དང་འོ་ཆུ། ཞོ་ཆུ། ཤ་ཁུ། ཁྲག་ཁུ་ནི་གཟན་ཆས་བཟང་ཤོས་ཡིན་རུང་། འབྲོག་པས་བཤད་པ་ལྟར་ན་འོ་ཞོ་དེ་ཡང་ཁྱིའི་ཤ་ཤེད་དང་ལུས་སྟོབས་རྒྱས་པར་ཤིན་ཏུ་བཟང་བར་བཤད། རྩམ་ཁུ་ཞེས་པ་ཆུ་ནང་རྩམ་པ་བཏབ་དེའི་ནང་མར་དང་འོ་མ་ཅུང་ཟད་བསྲེས་ནས་བསྐོལ་ན་གཟན་ཆས་བཟང་ཤོས་སུ་བརྩི། ཁྱི་ཆས་ཉིན་གཅིག་ཏུ་ཐེངས་གསུམ་བཞི་ཙམ་གསོ་དགོས། སྔར་ཕྱུག་པོ་འགས་ཁྱིའི་དགོང་ཆས་འོ་ཞོ་བྱས་ན་གཉིད་ཆེ་བར་བཤད་དེ། དགོང་ཆུ་རྩམ་ཁུ་ཅུང་དྭངས་པ་སྐོལ། དེའི་ནང་དུ་ལྒ་སྐྱ་བཏབ་ན་གཉིད་སངས་འགྲོ་ཟེར། གཞན་ཡང་མི་སྐད་གོ་བའི་འབྲོག་ཁྱི་འགའ་ཡང་ཡོད་དེ། དགོང་ཆུ་ལྡུད་པ་དང་མཉམ་དུ་བདག་པོས་ཡན་ཁྱི་ཚོར་བཀོད་པ་འཇོག་སྟེ། ཁྱོད་ཟོག་ཁྱུའི་གམ་དུ་ཉོལ། ཁྱོད་ལུག་ཁྱུའི་མཐའ་རུ་ཉོལ། ཁྱོད་རྟའི་གམ་དུ་ཉོལ་ཟེར། ཁྱིས་དེ་ལྟར་བྱས་ནས། ཁྱིམ་བདག་ལ་བློ་དཀར་པ། འགན་ཁུར་བ་དང་ཡིད་རྟོན་བྱེད་ཆོག་པའི། གཞན་སུ་ཡི་ཚབ་བྱེད་ཐབས་མེད་པའི་སྲུང་མ་གཅིག་པུའོ། །འབྲོག་ཁྱི་དེ་རྔམ་གནག་དོམ་གྱི་རྒྱུད་པ། བརྗིད་ལྡན་སེང་གེའི་ཡང་རྒྱུད། རྫིག་ལྡན་བོས་ཁྱིའི་ཆོ་འབྲང་། མགོ་ནག་མི་ཡི་གྲོགས་པོ། ཕ་ས་གངས་ལྗོངས་ཡུལ་གྲུ། གྲང་ངར་བརྒྱ་ཡིས་མི་ཐུབ། ཕྱུགས་སྐྱོང་ཁྱིམ་གྱི་སྲུང་མ། བདག་པོར་བློ་སེམས་དཀར་བ། གྲོགས་པོར་བརྩེ་དུང་ཟབ་པ། དགྲ་ལ་གཏུམ་དྲག་ངར་མ། འཐབ་ན་ཕྱིར་བྲོས་མེད་པ། སྔ་རབས་དུས་ཀྱི་ཁུགས་སོ། །འབྲོག་ཁྱི་ངར་མ་ཁ་ཆེ། གངས་སེང་འདྲ་བའི་བསྟོད་པ། རྒྱ་སྟག་འདྲ་བའི་བསྟོད་ཚིག །འབྲོང་གཡག་ལྟ་བུའི་བསྔགས་བརྗོད། ཡང་ན་ལྗོན་ཤིང་ཁུ་བྱུག་ལྟ་བུ། མཚོ་འཁྱིལ་ངང་བ་ལྟ་བུའི་ཡར་འགྲོ་དཔེ་ཡི་འདྲེན་བྱེད་མིན་རུང་། དོན་དམ་པའི་རྩིས་འདང་ཆེ་བ་ཀུན་གྱིས་ཤེས་བཞིན་ནོ། །དེང་སང་དུས་རབས་གསར་པ། རྣམ་མང་འབྲོག་ཁྱིར་བསྔགས་བརྗོད། ཤར་ཕྱོགས་ལྷ་ཁྱི་ཞེས་དང་། འཛམ་གླིང་ཁྱི་མཆོག་ཏུ་གྲགས་སོ། །