༄༅།།གཉའ་ཁྲི་བཙན་པོའི་སྐུ་བྱད་ཀྱི་སྐོར་ལ་རགས་ཙམ་དཔྱད་པ།

སྤེན་པ།​ རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-04



སྤེན་པ།
 ལོ་རྒྱུས་ཡིག་ཚང་ཁག་ཏུ་བཀོད་པའི་གཉའ་ཁྲི་བཙན་པོའི་སྐུ་བྱད།
        ཏུན་ཧོང་ཡིག་རྙིང་PT1286•0038ནང་འཁོད་པ་ལྟར་ན་“པྱག་མཉེད་ཁྲུང་ཁྲུང་ས་འཚལ་ང་། སླེ་བ་འོད་ཀྱིས་ལེན།”ཞེས་བཙན་པོའི་ཕྱག་གཉིས་ཁྲུང་ཁྲུང་གི་ལག་པ་ལྟར་བར་ལག་འབྲེལ་ཞིང་།དཔྲལ་བར་འོད་དཀར་པོ་འདོམ་གང་ཙམ་ཡོད་པ་བྱུང་བ་ཡོད་པར་སྣང་།དེ་ཡང་སླེ་བ་ཞེས་པ་དཔྲལ་བར་གོ་བའི་སྐོར་ལ་《བོན་གྱི་ལོ་རྒྱུས་བསྒྲགས་པ་གླིང་གྲགས་བརྟེན་འགྱུར》ནང་། གཉའ་ཁྲི་བཙན་པོའི་ཐོད་པ་ལ་། འོད་དཀར་པོ་མདའ་གང་ཙམ་འཕྲོ་བ།ཞེས་བྱུང་བས་འོད་རང་ཡིན་པར་སེམས། 《 བཀའ་ཆེམས་ཀ་ཁོལ་མ》ལས་“མིག་བྱ་མིག་ལྟར་ཡར་ལ་འགེབས་པ། སྐྲ་རྒྱ་ཁམ་པ་ཡོད་པ། གཡུའི་སྨིན་མ་ཡོད་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པ་བྱའི་རྒྱལ་པོ་ངང་པ་ལྟར་དྲ་བས་འབྲེལ་བ།” ཞེས་དང་།《 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》ལས་“ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བར་འབྲེལ་བ། ཤིན་ཏུ་གདུབ་རྩུབ་དང་ནུས་མཐུ་ཆེ་བ་ཞིག་བྱུང་།” ཞེས་བཀོད་ཡོད། ཡང་ཆོས་འབྱུང་དེབ་ཐེར་འདི་དང་དུས་རབས་གཅིག་མཚུངས་ཡིན་པའི་དེབ་ཐེར་གཞན་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས་“མིག་བྱ་མིག་ལྟར་མས་ཀྱིས་ཡར་འགེབས་པ། དཔྲལ་བའི་དབྱེས་ཆེ་བ། གཡུ་ཡི་སྨིན་མ་ཡོད་པ། སྣའི་གཟེངས་ལེགས་པ། སོ་དུང་སོ་འཁོར་བ་ཡོད་པ། ལག་པའི་སོར་མོ་ངང་པ་ལྟར་འབྲེལ་ཞེས་” དང་། 《 རྒྱལ་རབས་གསལ་བའི་མེ་ལོང》ནང་དུ་“སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཅིག་ཡིན་པར་གསུངས།” ཧོར་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ》 རུ་“མིག་བྱ་མིག་ལྟར་མས་འགེབ་པ། གཡུའི་སྨིན་མ་ཡོད་པ། སོར་མོ་དྲ་བས་འབྲེལ་བ། སོ་དུང་སོ་འཁོར་བར་ཡོད་པ། ” 《 ཆོས་འབྱུང་མཁས་པའི་དགའ་སྟོན》དུ་“མཚན་དཔེ་རྫོགས་པ་སྐྱེས་བུ་ཆེན་པོ་ཞིག ། ལྷ་ཡིས་སྤྱན་དྲངས་བོད་རྗེའི་ཐོག་མ་མཛད།” ཅེས་བཀོད་འདུག དེ་ནས་རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས་“མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། ལག་པ་འཁོར་ལོའི་ཡན་ལག་ཅན་ལྟ་བུར་ཡོད་པའི་མཚན་ལྡན་ཞིག་བྱུང་བ།” ཞེས་བཀོད་འདུག 《 ལ་དྭགས་རྒྱལ་རབས》དུ་“མིག་བྱ་མིག་ལྟར་ཡས་འགེབས་པ། རྐང་ལག་ངང་པ་ལྟར་འབྲེལ་བ། སྨིན་མ་གཡུའི་སྨིན་པ་” བཅས་དུས་རབས་རིམ་བྱུང་ནང་དུ་བྱུང་བའི་ལོ་རྒྱུས་ཡིག་ཚང་གུང་ཞིག་བསྒྲིགས་དུས་སུ་ང་ཚོའི་མིག་ལམ་དུ་མཐོང་ཐུབ་པ་ནི་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་གཉའ་ཁྲི་བཙན་པོའི་གཟུགས་བརྙན་ལའང་བསྒྱུར་བ་འགྲོ་བཞིན་ཡོད་པའོ། །

 སྐུ་བྱད་ཀྱི་བསྒྱུར་བ་དང་འཕྲོས་པའི་རྒྱུ་རྐྱེན་དབྱེ་ཞིབ།
        ཏུན་ཧོང་ཡིག་རྙིང་ནས་ལ་དྭགས་རྒྱལ་རབས་བར་དུས་རབས་མི་འདྲ་བའི་ལོ་རྒྱུས་ཡིག་ཚང་ངོས་སུ་གཉའ་ཁྲི་བཙན་པོའི་གཟུགས་བརྙན་མི་འདྲ་བས་ང་ཚོས་དེའི་རྒྱུ་རྐྱེན་ལ་བསམ་གཞིགས་བྱ་རྒྱུ་ཧ་ཅང་གི་གལ་འགངས་ཆེ་བར་སྙམ་སྟེ། མི་རིགས་གང་འདྲ་ཞིག་ཡིན་ནའང་གདོད་མའི་དུས་ནས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་གྱི་ཁྲོད་དུ་དབང་བསྒྱུར་གྲལ་རིམ་གྱི་རང་ཀྱི་སྲིད་དབང་སྲ་བརྟན་ཡོང་ཆེད་རང་ཉིད་གཞན་དང་མི་འདྲ་བ་ཞིག་གསར་བསྐྲུན་བྱས་ནས་གཞན་གྱི་དད་པ་དང་བརྩི་བཀུར་ཐོབ་འདོད་བྱེད་ངེས་ལ་མང་ཚོགས་རང་ངོས་ནས་བརྗོད་ན་ཡང་དབང་བསྒྱུར་མཁན་འདི་རང་དང་མི་འདྲ་བའི་ཆ་ཞིག་ལྡན་ན་ད་གཟོད་རང་ཉིད་ལ་དབང་བསྒྱུར་བྱེད་པའི་ཐོབ་ཐང་ལྡན་པ་ལྟ་བུའི་འདུ་ཤེས་ཡོད་པར་རྒྱའི་ལོ་རྒྱུས་ཡིག་ཚང་《 རྒྱལ་རབས་གསུམ་གྱི་ལོ་རྒྱུས》ལས་“སུན་ཆོན་(孙权)གྱི་ངོ་དབྱིབས་གྲུ་བཞི་ཡིན་ལ་མཆུ་ཏོ་ཆེ་བ། མིག་གཡུའི་མདོག་ལ་སྨྲ་ར་སྨུག་པ། ལེའུ་པེ་(刘备)གཟུགས་པོ་རིང་ཞིང་ལག་པ་བསྙབས་པ་ཙམ་གྱིས་རང་གི་སྤུས་མོའི་ལྷ་ངར་སླེབ་པ། རང་གི་རྣ་ཅོག་རང་གི་མཐོང་ཐུབ་པ།” དེ་ཙམ་དུ་མ་ཟད་ད་ལྟ་ང་ཚོའི་སྣང་བའི་ངོས་སུ་འཆར་བའི་ཡ་མ་གཟུགས་གྱི་གཟུགས་བརྙན་རེ་རེ་སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་དུ་བརྗོད་ན་ཆོས་ལུགས་དད་མོས་དང་འབྲེལ་བའི་ལྷ་ཆེན་རེ་རེའི་སྣང་བརྙན་ཡང་ཡིན་སྲིད་པར་དཔེར་ན་གནའ་བོའི་ཨས་ཇིབ་ཀྱི་ལྷ་མང་ཆེ་བ་ལུས་པོ་མི་ཡི་ལུས་ཡིན་པར་མགོ་བོ་ནི་སྲོག་ཆགས་གཞན་ཡིན་པའོ། །

   སྐུ་བྱད་ཀྱི་བསྒྱུར་བ་དང་འབྲེལ་བའི་རིག་གནས་ཀྱི་དུས་རིམ་དབྱེ་ཚུལ།

དུས་རིམ་དང་པོ། བོན་ཀྱི་རིག་གནས་དང་འབྲེལ་བའི་གཉའ་ཁྲི་བཙན་པོའི་དཔེ་བྱད།
        དུས་རིམ་དེར་གཉའ་ཁྲི་བཙན་པོའི་དཔེ་བྱད་དང་བོན་གྱི་རིག་གནས་འབྲེལ་བ་ཆེར་སྙམ་སྟེ། རྒྱུ་མཚན་ནི་བོན་རྣམས་གནམ་ལ་དད་པ་ཆེ་ཞིང་སྐུ་བྱད་དེ་ཉིད་ཡང་གཉའ་ཁྲི་བཙན་པོ་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་ས་དོག་མོར་མར་ལ་བབས་དུས་ཀྱི་ཡིན། པྱག་མཉེད་ཁྲུང་ཁྲུང་ས་འཚལ་ང་ཞེས་དང་གཉའ་ཁྲི་བཙན་པོའི་མཚན་གྱི་རྣམ་གྲངས་སུ་བྱ་རྗེ་ཞེས་བྱ་བ་ལྡེའུ་ཆོས་འབྱུང་དུ་གྲགས་པ་གཉིས་འབྲེལ་བ་ལྡན་པར་སྙམ་ལ་“བྱ་ནི་རྒྱལ་པོའི་དབང་ཐང་གི་མཚོན་བྱེད་ཅིག་ཡིན་པའི་སྐོར་གཉའ་ཁྲི་བཙན་པོ་བོད་ཀ་གཡག་དྲུག་གི་རྗེ་བོར་མ་བྱོན་གོང་དུ་སྟོད་ཞང་ཞུང་གི་ཡུལ་དུ་སྲིད་པའི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་བཅོ་བརྒྱད་བྱུང་བའི་ལོ་རྒྱུས་ལས་ཤེས་ཐུབ། ཡང་དུས་རབས་བཅུ་བཞི་པའི་བོན་པོའི་དཔེ་རྙིང་《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས་ དབུ་ལ་སྟག་ཞུ་གཡག་ཞུ་དང་བྱ་རུ་རྒོད་ཕོད་བརྒྱན་པ་ནི། སྣང་སྲིད་ཁ་ལོ་བསྒྱུར་བའི་རྟགས། ཁྱུང་དང་བོན་ལ་ཁ་གནོན་མེད།” ཅེས་པ་ལ་བརྟགས་ན་གཉའ་ཁྲི་བཙན་པོའི་སྐུ་བྱད་དུ་བྱའི་ཁྱད་ཆོས་བཀོད་པ་ནི་བོན་དང་འབྲེལ་བའི་བྱ་ལ་དད་མོས་ཀྱི་རིག་གནས་ཤིག་མིན་ནམ་སྙམ། དེ་ཙམ་དུ་མ་ཟད། “བྱ་ལ་དད་མོས་བྱེད་པའི་རིག་གནས་དེ་ནི་གདོད་མའི་སྤྱི་ཚོགས་ནང་དུ། ཀྲུང་གོའི་གནའ་དུས་ཀྱི་རུས་རྒྱུད་ཚོ་པ་མང་པོར་དར་གསོ་བྱེད་མྱོང་ཡོད། ཁོ་ཚོས་བྱ་རིགས་ལ་དམིགས་གསལ་གྱི་དད་མོས་བྱེད་བཞིན། རང་གི་རུས་རྒྱུད་ཚོ་པ་འདི་བྱ་རིགས་ག་གེ་མོ་ཞིག་ལས་བྱུང་བར་ཡིད་ཆེས་བྱེད། དཔེར་ན། དུས་སྔ་མའི་ཧྲང་རིགས་ཀྱི་བྱ་རིགས་ལ་དད་པ་ལྷག་པར་ཆེ་སྟེ། དུས་ཀྱི་ཁུག་རྟ་བབས་པས། །ཧྲང་གི་རྒྱལ་རབས་རྡོལ་བྱུང་། །ཞེས་ངོས་འཛིན་བྱེད།” “མ་གཞི་ནས་བྱ་རིགས་ལ་དད་མོས་བྱེད་པ་ནི་སྐྱེ་འཕེལ་ལ་དད་མོས་བྱེད་པ་ཡིན་ཞེས་རིག་གནས་ཞིབ་འཇུག་མཁན་ཚོའི་གཅིག་མཐུན་གྱི་ལྟ་ཚུལ་ཡིན། དེང་གི་རིག་གནས་མིའི་རིགས་རིག་པ་དང་དམངས་སྲོལ་རིག་པ། མི་རིགས་རིག་པའི་དཔྱད་གཞི་བཅས་ལ་དབྱེ་ཞིབ་བྱེད་དུས་སུ་མི་རིགས་མི་ཉུང་བ་ཞིག་གི་བྱ་རིགས་སྟེ།ཉི་མའི་མཚོན་བྱེད་དུ་རྩིས་ཤིང་།བྱ་དང་ཉི་མ་མཉམ་གནས་གྱི་རྣམ་པ་ཞིག་ཀྱང་མཐོང་ཐུབ།” དེ་ལྟར་རྒྱའི་ལོ་རྒྱུས་ནང་གི་‘玄鸟’དང་བོན་གྱི་ཁྱུང་དེ་བཞིན་གཉའ་ཁྲི་བཙན་པོའི་སྐུ་བྱད་ཀྱི་དབར་ལ་རིག་གནས་ཀྱི་འབྲེལ་བ་ཞིག་ལྡན་ཡོད་པར་སྙམ། །

 ལྡེའུ་ཆོས་འབྱུང་དང་འབྲེལ་བའི་གཉའ་ཁྲི་བཙན་པོའི་དཔེ་བྱད།
        མ་གཞི་དུས་ཀྱི་ཆ་ནས་གླེང་ན་བཀའ་ཆེམས་ཀ་ཁོལ་མ་འདི་ཉིད་ལྡེའུ་ཆོས་འབྱུང་ལས་སྔ་བ་ཡོད་ནའང་ལྡེའུ་ཆོས་འབྱུང་ནང་གི་གཉའ་ཁྲིའི་སྐུ་བྱད་ནི་ཏུན་ཧོང་ཡིག་རྙིང་དང་ཅུང་མི་འདྲ་ལ་《 བཀའ་ཆེམས་ཀ་ཁོལ་མ》ཚད་གཞིར་བཟུང་བའི་ཕྱིས་ཀྱི་ཆོས་འབྱུང་དེབ་ཐེར་གཞན་དག་དང་ཡང་མི་འདྲ། དེབ་ཐེར་དེའི་ནང་ཡང་གསང་ཐེའུ་རང་གི་ལུགས་ཞེས་གཉའ་ཁྲི་བཙན་པོ་སྤུ་བོའི་ཡུལ་ནས་ཡོང་བར་བྲིས་འདུག་ཅིང་།དེའི་སྐོར་ལ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་1986ལོའི་《བོད་ལྗོངས་ཞིབ་འཇུག》ཐོག་《གཉའ་ཁྲི་བཙན་པོ་ནི་བོད་རང་གི་མི་ཡིན》ཞེས་པའི་དཔྱད་རྩོམ་ཡང་སྤེལ་ནས་ཡང་གསང་ཐེའུ་རང་གི་བརྗོད་ལུགས་ནི་རྒྱལ་པོའི་ལོ་རྒྱུས་དངོས་ཡིན་པར་བསྒྲུབས་གནང་ཡོད། དེ་ཡང་“སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་རང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ།” ཞེས་བན་བོན་གྱི་དབང་སྒྱུར་བྱེད་པའི་ས་ཆར་བན་བོན་གྱི་རིག་གནས་གཙོ་བོ་ཡིན་པ་ནི་གོར་མ་ཆག གཉའ་ཁྲིའི་བཙན་པོའི་སྐུ་བྱད་ལའང་བན་བོན་གྱི་མཛེས་སྤྱོད་ལྟ་བ་དང་ཆོས་ལུགས་དད་མོས་ཀྱི་ཤན་ཞུགས་པ་ནི་ཤུགས་ལས་རྟོགས་ཐུབ།

 སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་དང་འབྲེལ་བའི་གཉའ་ཁྲི་བཙན་པོའི་དཔེ་བྱད།
        དུས་རབས་བཅུ་གཅིག་པའི་《བཀའ་ཆེམས་ཀ་ཁོལ་མ》ནས་འགོ་བརྩམས་ཏེ་ཕྱིས་ཀྱི་དུས་རབས་རིམ་བྱུང་ནང་བྱུང་བའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 《 རྒྱལ་རབས་གསལ་བའི་མེ་ལོང》 《 རྒྱ་བོད་ཡིག་ཚང་ཆེན་མོ》 《 ཆོས་འབྱུང་མཁས་པའི་དགའ་སྟོན》 《 ཡུམ་བུ་བླ་སྒང་གི་དཀར་ཆག་འབྲིང་པོ》 《 ཧོར་ཆོས་འབྱུང》 《 དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 《 ལ་དྭགས་རྒྱལ་རབས》བཅས་ཡིན་པར་འདོད།
        དེ་ལྟར་གཉའ་ཁྲི་བཙན་པོའི་སྐུ་བྱད་ཀྱི་སྐོར་ཤོག་ངོས་བརྒྱ་ཕྲག་ཡོད་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནང་དུ་བཀོད་བྲིས་བྱེད་པར་ཚིག་རྐང་རེ་གཉིས་ཀྱང་མི་དགོས་པ་ཙམ་དུ་མ་ཟད། ང་ཚོས་ལོ་རྒྱུས་དེབ་ཐེར་བལྟ་བའི་བརྒྱུད་རིམ་གྱི་ཁྲོད་དུ་གཉའ་ཁྲི་བཙན་པོའི་སྐུ་བྱད་ལྟ་བུའི་ལོ་རྒྱུས་ཀྱི་གནད་དོན་ཆུང་ངུ་མང་དག་ཅིག་གོ་བློ་ཐོས་བློ་ཙམ་དུ་འཇོག་པའི་འདུ་ཤེས་ལྡན་པ་འདི་ལས་བྲལ་ནས། གཉའ་ཁྲི་བཙན་པོའི་སྐུ་བྱད་ཙམ་མ་ཡིན་པའི་དུས་རབས་མི་འདྲ་བའི་ལོ་རྒྱུས་དེབ་ཐེར་ནང་བསྒྱུར་ལྡོག་འགྲོ་བའི་ལོ་རྒྱུས་ཀྱི་གནད་དོན་ཆུང་ངུ་ཐ་དག་ལ་དབྱེ་ཞིབ་བྱས་སྟེ། སྣང་ཚུལ་དེ་ཉིད་ལས་འཕྲོས་པའི་མི་རིགས་ཤིག་གི་རིག་གནས་ལའང་བསྒྱུར་བ་དང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་ཤེས་ཚོར་ཐུབ་ན། ད་གཟོད་རང་མི་རིགས་ཀྱི་ལོ་རྒྱུས་དང་འབྲེལ་བའི་རིག་གནས་ལ་རྒྱུས་ལོན་ངེས་ཅན་ཞིག་ཡོང་ཐུབ་ངེས་ལགས། །  

◆ སྤེན་པ། བོད་ལྗོངས་སློབ་ཆེན་གྱི་2017ལོའི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1