[ནང་དོན་གནད་བསྡུས།] རྩོམ་ཡིག་འདིར་འཕྲིན་གཏོང་ལག་རྩལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་རྒྱལ་ནང་དུ་ཉེས་ཅན་པས་གློག་འཕྲིན་བརྒྱུད་རྒྱུ་ནོར་ཁ་བསླུས་རྒྱག་པའི་གྱོད་དོན་རྒྱ་ཁྱབ་ཏུ་ཐོན་དང་འཐོན་བཞིན་པའི་སྐོར་དང་དེ་དག་གེ་ཁྱད་ཆོས་རགས་གླེང་དང་། ཁྱད་པར་ཉེ་བའི་ལོའི་ནང་ཐོན་པའི་རང་ལྗོངས་ཀྱི་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་གྱི་སྣང་ཚུལ་ལ་དབྱེ་ཞིབ་བྱས་ཏེ། ཁ་བསླུས་ཀྱི་གནས་ཚུལ་ཛ་དྲག་པོ་ཡིན་སྐོར་དང་། དེར་རྡུང་རྡེག་གཏོང་རྒྱུ་ནི་མྱུལ་དཔྱད་ཚན་པ་གཅིག་པུས་མིན་པར་འབྲེལ་ཡོད་འགན་ནུས་ཚན་པ་དང་། དེ་བཞིན་མང་ཚོགས་ཁྱོན་ཡོངས་ནས་མཐུན་སྦྱོར་གཞོགས་འདེགས་གང་ལེགས་བྱེད་དགོས་པའི་སྐོར་སོགས་གླེང་བརྗོད་རགས་ཙམ་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ལྗོངས། གློག་འཕྲིན་ཁ་བསླུས། ཁ་གཏད་གཅོག་ཐབས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] D909[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2018)04-119-08
གླེང་གཞི།
མིག་སྔར་དྲ་སྦྲེལ་དང་ལག་ཐོག་ཁ་པར་རྒྱ་ཁྱབ་ངང་ནས་བེད་སྤྱོད་གཏོང་བ་དང་བསྟུན། ཆ་འཕྲིན་རྫུན་བཟོའི་ཐོག་ནས་ཁ་བསླུས་རྒྱག་པའི་གྱོད་དོན་ཡང་རྒྱུན་ཆད་མེད་པར་ཐོན་དང་འཐོན་བཞིན་ཡོད། དེ་ཡང་ཉེས་ཅན་པས་དངུལ་ཁང་དང་འཕྲིན་གཏོང་སོགས་ཤིན་ཏུ་སྟབས་བདེ་ཡིན་པའི་ཁྱད་ཆོས་སྤྱད་དེ་མ་གནས་དམའ་བ་དང་། ཐད་ཀར་ངོ་ཐུག་མེད་པ། ཞིང་ཆེན་ས་གནས་ལས་སྒྲོལ་བ། སྒྲིག་འཛུགས་དང་ལས་བགོས་འཐུས་ཚང་ཡོད་པ་བཅས་ཀྱི་ཐོག་ནས་ཁ་བསླུས་རྒྱག་པའི་བྱ་སྤྱོད་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད། གློག་འཕྲིན་དྲ་བ་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་བྱ་སྤྱོད་ཟེར་བ་ནི་ཉེས་ཅན་པས་ཁ་པར་དང་། འཕྲིན་ཐུང་། འཕྲིན་ཕྲན། པོད་ཕྲན། དེ་བཞིན་དྲ་སྦྲེལ་སོགས་བརྒྱུད། སྔོན་ཚུད་ནས་བརྩམས་ཟིན་པའི་བརྡ་སྦྱོར་ཡི་གེ་བསྐུར་ཏེ་མང་ཚོགས་ཀྱི་རྒྱུ་ནོར་མགོ་སྐོར་གཏོང་བའི་ཉེས་གསོག་བྱ་སྤྱོད་གསར་པ་ཞིག་ལ་ཟེར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་བྱང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐུ་ཚབ་གནང་སྟེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས། “གློག་འཕྲིན་བརྒྱུད་ནས་ཁ་བསླུས་རྒྱག་པ་དང་། སྤྱི་འབངས་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པ། དྲ་ལམ་ནས་བརྒྱུད་ཚོང་བྱེད་པ་སོགས་ཀྱི་འབུར་ཐོན་གནད་དོན་ཁག་བཅོས་སྐྱོང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་བྱེད་དགོས་”ཞེས་གསུངས་པས། དེའི་ཐོག་ནས་རང་རེའི་སྲིད་གཞུང་ནས་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུའི་ཤུགས་དྲག་དང་ཆོད་སེམས་མཚོན་གྱི་ཡོད།
དང་པོ། རྒྱལ་ཡོངས་ཀྱི་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་གི་ཁྱད་ཆོས།
གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་གི་ཁྱད་ཆོས་ནི་སྲོལ་རྒྱུན་གྱི་ཉེས་གསོག་དང་རྩ་བ་ནས་མི་འདྲ་ཞིང་། དེའི་ཉེས་གསོག་གི་བྱ་ཐབས་དང་། ས་ཁོངས་ཀྱི་ཁྱབ་ཚུལ། གྱོད་དོན་གྱི་དམིགས་བསལ་སོགས་ལ་གཤམ་གསལ་གྱི་ཁྱད་ཆོས་འགའ་ཡོད་དེ། གཅིག་ནས་ཉེས་གསོག་གི་བྱ་ཐབས་རྒྱུན་ཆད་མེད་པར་འགྱུར་ལྡོག་འགྲོ་བ་དང་། ཐབས་ཤེས་སྣ་ཚོགས་སྤྱོད་པ། “དེ་ཡང་ཉེ་བའི་ལོ་འགའི་ནང་། འཕྲིན་གཏོང་གི་དྲ་བ་འཕེལ་རྒྱས་འགྲོ་མགྱོགས་པ་དང་བསྟུན། ཉེས་ཅན་པས་ཁྲིམས་བརྒལ་གྱི་ཐོག་ནས་མི་སྒེར་གྱི་ཆ་འཕྲིན་བརྐུ་བ་དང་། ཁ་པར་བྱང་བུ། དྲ་བའི་ཁ་པར་བྱང་བུ། དངུལ་ཁང་བྱང་བུ་སོགས་འབོར་ཆེན་ཉོ་བ་དང་། འཕྲིན་ཕྲན་དང་QQཆ་འཕྲིན་རྫུན་མས་ཐོ་འགོད་བྱེད་པ། ཕྱི་རྒྱལ་གྱི་དྲ་ལམ་བརྒྱུད་ཁ་བསླུས་རྒྱག་པའི་དྲ་ཚུགས་གསར་པ་ཐོ་འགོད་བྱེད་པ། དེ་བཞིན་VOIPསོགས་འཕྲིན་གཏོང་ཆ་འཕྲིན་ལག་རྩལ་བརྒྱུད་ཁ་བསླུས་རྒྱག་བཞིན་ཡོད་”①པ་དེ་ལྟར་ཡིན། དེ་དག་ངོ་བོའི་ཐོག་ནས་དབྱེ་ན། སྤྱིར་ན་ཁ་པར་བརྒྱུད་ཁ་བསླུས་རྒྱག་པ་དང་། དྲ་སྦྲེལ་བརྒྱུད་ཁ་བསླུས་རྒྱག་པ་བཅས་རིགས་ཆེ་བ་གཉིས་ཡོད་པ་དང་། བྱེ་བྲག་མིག་སྔར་ཐོན་ཟིན་པའི་གྱོད་དོན་ཆེ་རིགས་ལ་གཞིགས་ན། གློག་འཕྲིན་དྲ་བ་བརྒྱུད་ཁ་བསླུས་རྒྱག་ཐབས་ལ་རིགས་ཆེ་བ་༤༨ཙམ་ཡོད་པ་མ་ཟད། སྤྱི་ཚོགས་ཐོག་དེར་དོ་སྣང་ཆེན་པོ་བྱེད་པ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བཞིན་ཡོད། གཉིས་ནས་ཉེས་གསོག་བྱ་སྤྱོད་སྤེལ་ཡུལ་གྱི་ས་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ས་ཁོངས་རང་བཞིན་གྱི་ལས་རིགས་ཅན་གྱི་ཉེས་གསོག་ལ་འགྱུར་བཞིན་ཡོད། དེ་ཡང་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་གི་གནས་ཚུལ་དེ་ཐོག་མར་ཐེ་ཝན་དུ་ཐོན་པ་དང་། ཉེ་བའི་ལོ་ཤས་ནང་གོ་ལ་ཁྱོན་ལ་ཁྱབ་ནས་ཀྲུང་གོར་ངན་པ་རྒྱ་ཡན་དུ་འགྱུར་བཞིན་ཡོད། དེའི་ཁྱབ་སྟངས་ཀྱི་ཐོག་ནས་བལྟས་ན། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་ནས་དཔལ་འབྱོར་མི་དར་བའི་ས་ཁུལ་དང་། ལྟེ་བའི་གྲོང་ཁྱེར་ནས་མཐའ་ཁུལ་གྱི་གྲོང་ཁྱེར་ཆུང་འབྲིང་ཁག་ལ་ཁྱབ་བཞིན་ཡོད། ཉེས་གསོག་གི་ལས་རིགས་དེར་ཡོང་སྒོ་ཆེ་བ་དང་། ཉེན་ཁ་ཆུང་བའི་ཁྱད་ཆོས་ཡོད་པས། མི་སྒེར་གྱི་ཉེས་གསོག་ནས་ཚོགས་པའི་ཉེས་གསོག་དང་། རིམ་བཞིན་ལས་རིགས་ཅན་དང་། སྒྲིག་འཛུགས་ཅན། ཚོགས་པ་ཅན་ལ་འགྱུར་བཞིན་ཡོད། དེར་བརྟེན། ཉེས་གསོག་པ་མང་ཆེ་བ་ནི་ཚོགས་པའི་རྣམ་པའམ། ཀུང་སིའི་རྣམ་པར་གྱུར་ནས་བྱ་སྤྱོད་སྤེལ་གྱི་ཡོད་ཅིང་། ཁ་བསླུས་རྒྱག་པར་མཁོ་བའི་ཆ་འཕྲིན་འཚོལ་བསྡུ་བྱེད་མཁན་དང་། དམིགས་འབེན་འཚོལ་མཁན། ཁ་བསླུས་རྒྱག་མཁན། དངུལ་དམར་ལེན་མཁན། རྒྱུ་དངོས་སྤོ་སྒྱུར་བྱེད་མཁན་སོགས་ཁ་བསླུས་རྒྱག་པའི་ལས་རིམ་ཁག་ཁ་གསལ་ཞིབ་ཚགས་ཐོག ལས་བགོས་དང་འགན་འཁྲི་ཁ་གསལ་བཟོས་ཡོད། མིག་སྔར་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་སྟངས་དེ་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཕྱོགས་སུ་འགྱུར་བཞིན་ཡོད་པ་སྟེ། ཁྱིམ་ཚང་གིས་ཚན་པ་བྱེད་པ་དང་། ཐ་ན་ཁག་གཅིག་གྲོང་ཚོས་ཚན་པ་བྱེད་པ་ནས་རིམ་བཞིན་ས་ཁོངས་མི་འདྲ་བའི་ལས་རིགས་ཉེས་གསོག་ཚོགས་པ་དང་ཁུལ་གཅིག་ནས་རྒྱལ་ཡོངས་ཁྱོན་ལ་ཁ་བསླུས་རྒྱག་པའི་རྣམ་པར་འགྱུར་བཞིན་ཡོད་པ་ལྟ་བུ་ཡིན། དེ་དག་ལས་ཀོང་ཏུང་ཞིང་ཆེན་རྨའོ་མིང་གྲོང་ཁྱེར་ཏན་པེ་ཁུལ་དུ་ངོ་ཤེས་ཡིན་ཁུལ་དང་འགོ་ཁྲིད་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ་དང་། ཧེ་ནན་ཞིང་ཆེན་ཀྲེན་ཀྲའུ་གྲོང་ཁྱེར་དུ་གནམ་གྲུའི་པཱ་སེ་ཕྱིར་སློག་ཁུལ་ཏེ། གནམ་གྲུ་འཕུར་བའི་དུས་ཚོད་ངེས་གཏན་མེད་ཁུལ་གྱི་ཐོག་ནས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ། ཅང་ཞི་ཞིང་ཆེན་ཡུད་ཀིན་རྫོང་དུ་སྐྱེས་པ་ཕོས་བུད་མེད་གང་ཞིག་ལ་མངལ་སྦྲུམ་པར་གྱུར་ན། དེ་ལ་བརྔན་པ་ཕོན་ཆེན་སྤྲོད་ཟེར་ནས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ། ཀོང་ཞི་ཞིང་ཆེན་པིང་ཡང་རྫོང་དུ་QQགྲོགས་མཆོག་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ། ཧྥུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་དུ་དྲ་བའི་ཐོག་ནས་དངོས་ཟོག་འཚོང་ཁུལ་གྱིས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ། ཧོ་ནན་ཞིང་ཆེན་ཧྲང་ཚེ་རྫོང་དུ་མེ་གཟོན་དཔུང་སྡེ་ཡིན་ཁུལ་གྱིས་ཁ་བསླུས་རྒྱག་ཐབས་གཙོ་བོར་བྱེད་པ་སོགས། དེ་དག་ལ་ས་ཁོངས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན་ཡོད། གསུམ་ནས་གློག་འཕྲིན་དྲ་བ་བརྒྱུད་ཁ་བསླུས་རྒྱག་སྐབས་ཕན་ཚུན་ངོ་ཐུག་རེས་མི་དགོས་པས། དེ་ནི་ཤིན་ཏུ་ནས་ལྐོག་འགྱུར་མངོན་དཀའ་བ་ཞིག་ཡིན། གློག་འཕྲིན་དྲ་བ་བརྒྱུད་ཁ་བསླུས་རྒྱག་པ་དེར་སྲོལ་རྒྱུན་གྱི་ཉེས་གསོག་གཞན་དང་མི་འདྲ་བར་གཏན་འཁེལ་གྱི་ཉེས་གསོག་དུས་ཚོད་དང་ས་གནས་མེད་ལ། ཉེས་གསོག་པ་དང་ཁ་བསླུས་རྒྱག་ཡུལ་ཕན་ཚུན་ཐུག་རེས་ཀྱང་མེད། དེ་ཡང་གཙོ་བོ་ལག་ཐོགས་ཁ་པར་དང་། དྲ་སྦྲེལ་སོགས་ལག་ཆར་བརྟེན་ནས་ཁུལ་དང་ཁོངས་བརྒལ་ཏེ་རྒྱུན་ཆད་མེད་པར་ཁ་བསླུས་རྒྱག་གི་ཡོད། གཅིག་ནས་མིང་ངོ་མ་མ་བཀོད་པའི་ལག་ཐོགས་ཁ་པར་གྱི་བྱང་བུ་དང་དངུལ་ཁང་གི་རྩིས་ཁྲ་སོགས་ཕོན་ཆེན་ཉོ་བ་དང་། གཉིས་ནས་171ཡང་ན་།170ཡི་རྟོག་བཟོའི་བརྡ་ལམ་དང་ལག་རྩལ་ལ་བརྟེན་ནས་ས་གནས་དེ་གའི་ཁ་པར་ཨང་གྲངས་རྫུན་མ་བཟོ་བ། གསུམ་ནས་བར་གནས་རྩིས་སྒྱུར་སྒྲིག་གཞི་བརྒྱུད་འཕྲལ་མར་མ་དངུལ་རྩིས་སྒྱུར་བྱེད་པ། བཞི་ནས་ཚབ་གཉེར་IPདང་། དྲ་སྦྲེལ་ཞབས་ཞུའི་ཡོ་བྱད་རྫུན་མ་བཟོ་བ་སོགས། ཐབས་ཤེས་སྣ་ཚོགས་སྤྱད་ནས་ཁ་བསླུས་ཀྱི་ཉེས་པ་གསོག་གི་ཡོད། དེ་འདྲའི་ཉེས་གསོག་གི་བརྒྱུད་རིམ་ནི་གཏིང་རུམ་དུ་གབ་ནས་ཡོད་པས། རྗེས་འདེད་རྩད་གཅོད་བྱ་རྒྱུ་ཡང་ཤིན་ཏུ་དཀའ་བར་གྱུར་ཡོད།
གཉིས་པ། བོད་ལྗོངས་ཀྱི་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཁྱད་ཆོས་དང་འཕེལ་ཕྱོགས།
སྤྱི་ལོ་༢༠༡༦ལོ་ཧྲིལ་པོར་རང་ལྗོངས་སུ་གློག་འཕྲིན་བརྒྱུད་ཁ་བསླུས་བརྒྱབ་པའི་གྱོད་དོན་༡༠༠༠ལྷག་ཙམ་ཐོན་ཡོད་པ་དང་། ཁ་བསླུས་ཀྱི་མ་དངུལ་སྒོར་བྱེ་བ་༤ལྷག་ཙམ་ཟིན་གྱི་ཡོད། གྱོད་དོན་ལྷག་སའི་ས་ཁོངས་ཀྱི་ཐད་ནས་བལྟས་ན། གྱོད་དོན་༦༡.༣༡% ནི་ལྷ་ས་ཁུལ་དུ་ལྷག་པ་དང་། ཁ་བསླུས་ཀྱི་མ་དངུལ་ནི་ཁ་བསླུས་བརྒྱབ་པའི་མ་དངུལ་བསྡོམས་འབོར་གྱི་༦༣.༦༩%ཟིན་གྱི་ཡོད། ཁ་བསླུས་རྒྱག་སྟངས་ཀྱི་ཐད་ནས་བརྗོད་ན། དྲ་ཐོག་གི་མ་དངུལ་ཕྱིར་སློག་བྱེད་ཁུལ་དང་། དཔུང་སྡེར་རྫུས་ནས་ལས་གྲྭ་ངོ་སྤྲོད་བྱེད་ཁུལ། འགོ་ཁྲིད་དང་ངོ་ཤེས་ཡིན་པར་རྫུས་པ། འབྲེལ་ཡོད་དོ་དམ་པར་རྫུས་ནས་གནམ་གྲུའི་པཱ་སེའི་དུས་ཚོད་སྒྱུར་ཁུལ། སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་ལས་དོན་མི་སྣར་རྫུས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་ཁུལ་སོགས། ཁ་བསླུས་རྒྱག་ཐབས་འདྲ་མིན་སྣ་ཚོགས་བེད་སྤྱོད་བཏང་ཡོད། ཁ་བསླུས་ཕོག་མཁན་གྱི་ཐད་ནས་བལྟས་ན། ཕྱི་ཕྱོགས་ནས་ཚོང་རྒྱག་པ་དང་ཡོང་འབབ་གསོག་པར་ཡོང་མཁན་རྣམས་ཡིན་ཞིང་། དེས་ཁ་བསླུས་ཕོག་མཁན་ཡོངས་ཀྱི་༥༥.༩༤%ཟིན་ཡོད།
སྤྱི་ལོ་༢༠༡༧ལོའི་ལོ་སྟོད་དུ། བོད་ལྗོངས་སུ་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་༤༠༠ལྷག་ཙམ་ཐོན་ཡོད་པར་ཁྱོན་མ་དངུལ་སྒོར་ས་ཡ་༩ལྷག་ཁ་བསླུས་ཕོག་ཡོད་པ་རེད། ལྷ་སར་ལྷག་པའི་གྱོད་དོན་གྱིས་སྐབས་དེའི་ལྗོངས་ཡོངས་ཀྱི་ཁ་བསླུས་གྱོད་དོན་གྱི་༦༠%ཟིན་གྱི་ཡོད། དེ་དག་ལས་ལྷ་ས་ཁྲེན་ཀོན་ཆུས་ཀུན་བདེ་གླིང་མངག་གཏོང་ཁང་དང་། བཅིངས་འགྲོལ་ལམ་མངག་གཏོང་ཁང་། གྲྭ་བཞི་མངག་གཏོང་ཁང་བཅས་དོ་དམ་ཁུལ་གསུམ་གྱི་མངའ་ཁོངས་སུ་ཐོན་པའི་གྱོད་དོན་གྱིས་ལྷ་ས་ཡོངས་ཀྱི་ཁ་བསླུས་གྱོད་དོན་གྱི་༥༠%གཡས་གཡོན་ཟིན་གྱི་ཡོད། དེའི་ཐོག་ནས་དཔལ་འབྱོར་ཅུང་དར་རྒྱས་ཆེ་བའི་ཁུལ་དང་། ཕྱི་ཕྱོགས་ནས་ཡོང་བའི་མི་གྲངས་ཅུང་མང་བའི་ཁུལ་ནི་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་ལྷག་ཚད་མཐོ་པོ་ཡིན་པ་གསལ་པོར་ཤེས་ཐུབ། སྐབས་དེའི་ཁ་བསླུས་རྒྱག་སྟངས་ནས་བལྟས་ན། འགོ་ཁྲིད་དང་ངོ་ཤེས་པར་རྫུས་པ། སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་གི་ལས་དོན་མི་སྣར་རྫུས་པ། ཚོང་ཤག་ལ་ཞབས་ཞུ་བྱེད་མཁན་ཡིན་པར་རྫུས་པ། དྲ་ཐོག་ནས་དངུལ་བུན་གཡར་ཁུལ་བྱེད་པ། གནམ་གྲུའི་པཱ་སེའི་དུས་ཚོད་སྒྱུར་ཁུལ་བྱེད་པ་བཅས་ཀྱི་ཐབས་ཤེས་གཙོ་བོར་སྤྱད་ཡོད། གྱོད་དོན་སྤྱིའི་ངོས་ནས་བརྗོད་ན། དྲ་ཐོག་བརྒྱུད་ཁ་བསླུས་རྒྱག་པའི་རིགས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ལོ་སྟོད་དུ་ལྗོངས་ཡོངས་སུ་ལྷག་པའི་དྲ་ཐོག་བརྒྱུད་ཁ་བསླུས་བརྒྱབ་པའི་གྱོད་དོན་གྱིས་གློག་འཕྲིན་བརྒྱུད་ཁ་བསླུས་བརྒྱབ་པའི་གྱོད་དོན་སྤྱིའི་༦༣%ཙམ་ཟིན་གྱི་ཡོད། དེ་ཡང་དྲ་ཐོག་ནས་དངུལ་བུན་གཡར་ཁུལ་དང་། དྲ་ཐོག་ནས་རླངས་འཁོར་འཚོང་ཁུལ། དྲ་ཐོག་ནས་ཡིད་རྟོན་བྱང་བུ་བཟོ་ཁུལ། དྲ་ཐོག་ནས་ལས་གནས་སྤྲོད་ཁུལ་བཅས་ཀྱི་ཐབས་ཤེས་སྤྱད་དེ་ཁ་བསླུས་བརྒྱབ་པའི་གྱོད་དོན་མང་པོ་ཐོན་ཡོད་པ་དང་། ཁ་བསླུས་ཕོག་མཁན་གྱི་ངོས་ནས་བརྗོད་ན། ཕྱི་ཕྱོགས་ནས་ཡོང་མཁན་རྣམས་ནི་རང་ལྗོངས་སུ་གློག་འཕྲིན་ཁ་བསླུས་ཕོག་ཡུལ་གཙོ་བོར་གྱུར་ཡོད། ཕྱི་ཕྱོགས་ནས་ཚོང་གཉེར་དང་ཡོང་འབབ་གསོག་པར་ཡོང་མཁན་ལ་ཕོག་པའི་ཁ་བསླུས་གྱོད་དོན་གྱིས་སྤྱི་ལོ་༢༠༡༧ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་ཁ་བསླུས་གྱོད་དོན་གྱི་༦༣%ཟིན་གྱི་ཡོད། ཁ་བསླུས་ཕོག་མཁན་གྱི་དངུལ་ལོར་ཡང་གཙོ་བོ་དྲ་ཐོག་དངུལ་ཁང་དང་། ATMབརྒྱུད་ནས་བསྒྱུར་ཡོད། སྐབས་དེར་སྤྱི་བདེ་ཚན་པས་དངུལ་ཁང་དང་ཟུང་སྦྲེལ་གྱིས་གྱོད་གཞི་དང་འབྲེལ་བའི་དངུལ་ཁང་བྱང་བུའི་རྩིས་ཁྲ་བསྡམས་བཅད་བྱས་མོད། དེའི་སྐབས་ཁ་བསླུས་རྒྱག་མཁན་ཉེས་ཅན་པས་ཉེས་གསོག་གི་བྱ་སྤྱོད་སྤེལ་མཚམས་མ་བཞག་པར་བར་ཁེ་བ་བརྒྱུད་དེ་མ་དངུལ་སྒྱུར་ཐབས་བྱས་ཡོད། དེས་ན་སྤྱི་ལོ་༢༠༡༧ལོའི་ལོ་སྟོད་ཀྱི་གྱོད་དོན་ཁག་ནས་བལྟས་ན། ཁ་བསླུས་རྒྱག་མཁན་གྱིས་བར་ཁེ་བ་བརྒྱུད་དེ་མ་དངུལ་རྩིས་ཁྲ་སོགས་བསྒྱུར་བ་དེས་ལྗོངས་ཡོངས་ཀྱི་ཁ་བསླུས་གྱོད་དོན་གྱི་༥༥%ཟིན་གྱི་ཡོད།
གསུམ་པ། མིག་སྔར་སྤྱི་བདེ་ཚན་པས་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་མཁན་ཉེས་ཅན་པར་རྡུང་རྡེག་གཏོང་རྒྱུའི་ཐད་འཕྲད་པའི་དཀའ་གནད།
གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པ་ནི་རྒྱུ་ནོར་ཧམ་བཟུང་བྱེད་པའི་ཉེས་གསོག་གི་ཐབས་ལམ་གསར་པ་ཞིག་ཡིན་པས། སྲོལ་རྒྱུན་གྱི་མྱུལ་ཞིབ་བྱེད་ཐབས་ལ་དཀའ་གནད་ཆེན་པོ་འཕྲད་བཞིན་ཡོད། དཔེར་ན། གྱོད་དོན་རྩིས་ལེན་ནས་ཐོ་འགོད་དང་། ཐོ་འགོད་ནས་མྱུལ་ཞིབ། མྱུལ་ཞིབ་ནས་གྱོད་ཐག་གཅོད་པའི་བརྒྱུད་རིམ་ཚང་མར་དཀའ་རྙོག་མང་པོ་འཕྲད་ཀྱི་ཡོད་པས་མཚོན་ཐུབ། མ་གཞི་ཉེ་བའི་ལོའི་ནང་སྤྱི་བདེ་ཚན་པས་ནུས་པ་ཅི་ལྕོགས་དང་ཐབས་ཤེས་གང་དྲག་གི་ཐོག་ནས་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་ཚུལ་ལ་མྱུལ་ཞིབ་བྱེད་ཤུགས་ཇེ་ཆེར་བཏང་ཡོད་མོད། ཉེན་དོན་གྱི་ལས་ཀ་དངོས་སྒྲུབ་པའི་བརྒྱུད་རིམ་ནང་ད་དུང་གནད་དོན་མང་དག་ཅིག་ཕྲད་དང་འཕྲད་བཞིན་ཡོད།
གཅིག ཁ་བསླུས་ཕོག་པའི་མ་དངུལ་བསྡམས་བཅད་བྱེད་སྐབས་དཀའ་རྙོག་སྣ་ཚོགས་འཕྲད་བཞིན་ཡོད་པ། སྤྱིར་ན་གློག་འཕྲིན་བརྒྱུད་ཁ་བསླུས་ཕོག་པའི་གྱོད་དོན་གྱི་སྙན་ཞུ་འབྱོར་མ་ཐག་སྤྱི་བདེ་ཚན་པས་གྱོད་དོན་ཆེ་ཆུང་ལ་མ་བལྟོས་པར་ཐམས་ཅད་ཐོ་བཀོད་དང་སྦྲགས་འཕྲལ་མར་མ་དངུལ་བསྡམས་བཅད་བྱེད་ཀྱི་ཡོད། འོན་ཀྱང་ཁ་བསླུས་ཕོག་མཁན་མང་དག་ཅིག་ནི་ཁ་བསླུས་ཕོག་ཟིན་རྗེས་གཞི་ནས་རང་ཉིད་ལ་ཁ་བསླུས་ཕོག་པ་ཤེས་ཚོར་བྱུང་བ་ཡིན་པས། སྤྱི་བདེ་ཚན་པར་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུ་སྐབས་ནར་འགྱང་དུ་སོང་ཡོད། ཉེས་ཅན་པས་ནི་སྔོན་ཚུད་ནས་ས་ཁོངས་དང་ཞིང་ཆེན་བརྒལ་བའི་ཐོག་ནས་མ་དངུལ་བསྒྱུར་ཟིན་པའམ། ཡང་ན་བར་ཁེ་བ་དང་POSའཕྲུལ་ཆས་སོགས་བརྒྱུད་དེ་དུས་ཚོད་སྐར་ཆ་ཁ་ཤས་ནང་མ་དངུལ་བསྒྱུར་ཟིན་པས། སྤྱི་བདེ་ཚན་པས་གྱོད་དོན་གྱི་ཁུངས་སྣེ་འཚོལ་རྒྱུར་དཀའ་རྙོག་ཆེན་པོ་འཕྲད་ཀྱི་ཡོད།
གཉིས། ཉེས་ཅན་པའི་གནས་ཚུལ་ཞིབ་ཕྲ་བརྩད་འཚོལ་བྱ་རྒྱུ་ཧ་ཅང་ཁག་པོ་ཡོད་པ། གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་མཁན་ཉེས་ཅན་པས་ཁ་པར་གྱི་བྱང་བུའི་ཐོག་ཏུ་རང་མིང་ངོ་མ་མི་འཇོག་པར་མིང་ཚབ་དང་། ཡང་ན་མི་གཞན་གྱི་མིང་ཐོག་ནས་ཁ་པར་གྱི་བྱང་བུ་དང་དངུལ་ཁང་གི་བྱང་བུ་རག་ཐབས་བྱེད་ཀྱི་ཡོད། རྩད་ཆོད་ཟིན་པའི་གྱོད་དོན་ལ་གཞིགས་ན། ཉེས་གསོག་པ་མང་དག་ཅིག་གིས་དྲ་ཐོག་ནས་རིན་གོང་དམའ་པོས་གཞན་གྱི་ཆ་འཕྲིན་ཉོས་ཏེ་དངུལ་ཁང་གི་བྱང་བུ་དང་། ལག་ཐོགས་ཁ་པར་གྱི་བྱང་བུ་ཐོ་བཀོད་ཀྱིས་བེད་སྤྱོད་གཏོང་བ་དང་། དེ་བཞིན་འཆར་འཕྲིན་རྫུན་མར་བརྟེན་ནས་ཐོ་འགོད་པའམ་ཕྱི་རྒྱལ་གྱི་དྲ་ཚིགས་ཞབས་ཞུའི་ཡོ་ཆས་བོགས་མར་གཡར་བ་སོགས་བྱེད་ཀྱི་ཡོད། རྒྱུ་རྐྱེན་དེ་དག་གིས་སྤྱི་བདེ་ཚན་པར་འབྲེལ་ཡོད་ཉེས་ཅན་པའི་ཆ་འཕྲིན་རིན་ཐང་ཅན་རག་པ་ཁག་པོ་ཡོད།
གསུམ། བརྟག་དཔྱད་བྱས་ནས་དཔང་རྟགས་འཚོལ་རྒྱུར་དཀའ་ངལ་ཡོད་པ་དང་། ཉེས་ཅན་པར་རྡུང་རྡེག་གཏོང་ཤུགས་མི་འདང་བ། ཉེས་ཅན་པས་གློག་ཀླད་ཀྱི་ལག་རྩལ་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བ་དང་བསྟུན་ནས་དེ་བས་སྔོན་ཐོན་གྱི་ལག་རྩལ་བེད་སྤྱོད་ཀྱིས་ཉེས་གསོག་པ་དེ་བས་བཙན་སར་གབ་ཐབས་དང་། ལས་སྒོ་ཁག་དེ་བས་ཆེད་ལས་ཅན་ལ་འགྱུར་ཐབས་བྱས་ཏེ། ཉེས་གསོག་གི་ས་ཡུལ་ལྟེ་བ་རི་ཁུལ་དང་། ས་འོག ཕྱི་རྒྱལ་སོགས་སུ་འཛུགས་པ་མ་ཟད། སྔོན་ཐོན་ལག་རྩལ་ལ་བརྟེན་ནས་ཉེན་རྟོག་མྱུལ་ཞིབ་པར་འགོག་རྐྱེན་སྣ་ཚོགས་བཟོ་གི་ཡོད། དེས་ན་མྱུལ་ཞིབ་པས་དེ་འདྲའི་གློག་འཕྲིན་ཁ་བསླུས་རྒྱག་པའི་ཁྱད་ཆོས་ལ་གཞིགས་ནས་མྱུལ་ཞིབ་བྱེད་པའི་བརྒྱུད་རིམ་ཁྲོད་ས་གནས་གཞན་གྱི་དངུལ་ཁང་དང་། གློག་འཕྲིན། རྩིས་ཁྲ་སྒྱུར་གཏོང་སྒྲིག་གཞི་སོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དགོས་པ་དང་། ཚན་པ་དེ་དག་གི་རམ་འདེགས་བརྒྱུད་གྱོད་གཞི་དང་འབྲེལ་བའི་གྲངས་གཞི་སོགས་གནས་ཚུལ་མང་དག་ཅིག་འཚོལ་བསྡུ་བྱེད་དགོས་པ་མ་ཟད། ས་གནས་གཞན་གྱི་ཉེན་རྟོག་པ་དང་ལག་རྩལ་ཚན་པའི་སྟོབས་ཤུགས་བསྐོང་འཐེན་དང་མཐུན་སྦྱོར་གང་ལེགས་ཀྱིས་འབྲེལ་ཡོད་གྱོད་དོན་རྩད་ཞིབ་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་དགོས་ཀྱི་ཡོད། དེ་ནི་ཚན་པ་མང་པོའི་མཐུན་སྦྱོར་རོགས་རེས་ལ་མ་བརྟེན་པར་མྱུལ་ཞིབ་ཚན་པ་གཅིག་པུའི་སྟོབས་ཤུགས་ཀྱིས་སྒྲུབ་དཀའ་བའམ་སྒྲུབ་ཐབས་མེད་པས་ཡིན། སྤྱིར་ན་ས་ཁུལ་དང་གྲོང་ཁྱེར་ཁག་གི་ཁ་བསླུས་འགོག་པའི་ཚན་པ་ཁག་ཉེན་དོན་མྱུལ་ཞིབ་ཚན་པའི་ནང་ཁོངས་སུ་བཀོད་སྒྲིག་བྱས་ཡོད་མོད། དེ་དག་ལ་ཉེན་རྟོག་པ་མང་པོ་མེད་ལ། དེ་དག་ནས་རྒྱུན་དུ་ནག་ཚོགས་ལ་རྡུང་རྡེག་གཏོང་རྒྱུ་དང་། རྒྱུ་དངོས་ཧམ་ལེན་གྱི་གྱོད་དོན། དེ་བཞིན་གྱོད་གཞི་ཆེ་རིགས་རྩད་ཞིབ་བྱེད་རྒྱུ་སོགས་ཀྱི་ལས་དོན་ཁག་ཀྱང་གཅིག་ལྕོགས་སུ་སྒྲུབ་དགོས་པས། གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་རྩད་ཞིབ་ཀྱི་ལས་ཀར་ཉེན་རྟོག་པ་ཉུང་དྲགས་པ་དང་། དེར་མཁོ་བའི་སྒྲིག་བཀོད་མ་འདང་བ་སོགས། མདོར་ན། ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་ལ་ཁ་གཏད་གཅོག་རྒྱུར་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད།
བཞི་པ། གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་མཁན་ཉེས་ཅན་པར་ཁ་གཏད་གཅོག་ཐབས།
གཅིག ཁ་བསླུས་སྐོར་གྱི་སྙན་ཞུ་འབྱོར་རྗེས་འཕྲལ་མར་མ་དངུལ་བསྡམས་བཅད་ཀྱི་བྱ་ཐབས་སྤེལ་ཏེ་མ་དངུལ་ཚུར་རག་ཚད་མཐོ་རུ་གཏོང་དགོས། གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་ཡིན་ཕྱིན། རིམ་ཁག་ཉེན་དོན་མྱུལ་ཞིབ་ཚན་པས་འཕྲལ་དུ་གཅིག་གྱུར་མྱུལ་ཞིབ་ཀྱི་འགན་ཁུར་ཏེ་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། དེའི་རྨང་གཞིའི་ཐོག་སྤྱི་བདེ་མངགས་གཏོང་ཁང་དང་། ཉེན་རྟོག་ཞབས་ཞུ་ཚན་པས་འཕྲལ་མར་མ་དངུལ་བསྡམས་བཅད་ཀྱི་ལས་རིམ་ཁག་བསྒྲུབས་ཏེ་དུས་ཚོད་ཐུང་ཤོས་ནང་ཁ་བསླུས་ཕོག་མཁན་གྱི་གྱོང་གུན་ཆུང་དུ་གཏོང་དགོས་པ་ཡིན།
གཉིས། རྒྱུན་མཐུད་ནས་སྔོན་འགོག་གི་དྲིལ་བསྒྲགས་ལས་ཀ་གཏིང་ཟབ་ཏུ་སྤེལ་ཏེ། གློག་འཕྲིན་ཁ་བསླུས་ཕོག་ཚད་ཉུང་དུ་གཏོང་དགོས། དེ་ཡང་“ཁྱད་རྟགས་མངོན་གསལ་དོད་པའི་གློག་འཕྲིན་ཁ་བསླུས་གྱི་གྱོད་དོན་ལ་དམིགས་ནས། དེ་འབྲེལ་གྱི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་གྱིས་གྱོད་དོན་ཉུང་དུ་གཏོང་བའི་ལས་ཀའི་བསམ་གཞི་རྒྱུན་འཁྱོངས་བྱེད་པ་དང་། སྔོན་འགོག་གི་དྲིལ་བསྒྲགས་ལས་ཀར་ཤུགས་སྣོན་བརྒྱབ་སྟེ་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་གཞིའི་འབྱུང་རྩ་མེད་པར་བཟོ་དགོས་”②ཞེས་པ་ལྟར། མཉམ་ཞུགས་གྲོས་ཚོགས་ཀྱི་སྒྲིག་གཞིར་བརྟེན་ནས་སྔོན་འགོག་གི་དྲིལ་བསྒྲགས་ལས་འགན་ཁག་རིམ་པ་གོང་འོག་ཚང་མར་ཁྱབ་པར་བྱེད་པ་དང་སྦྲགས། ནམ་ཞག་རྒྱུན་དུ་དྲིལ་བསྒྲགས་ཀྱི་ལས་ཀ་སྤེལ་བ་སྨོས་མེད་ཐོག དུས་དང་ས་གནས་གཏན་འཁེལ་གྱི་ཆེད་དོན་དྲིལ་བསྒྲགས་ཀྱི་ལས་དོན་ཡང་སྤེལ་དགོས་པ་དང་། དུས་ཐོག་ཏུ་མི་དམངས་མང་ཚོགས་ལ་གློག་འཕྲིན་ཁ་བསླུས་སྔོན་འགོག་བྱེད་པའི་ཤེས་བྱའམ་ཐབས་ཤེས་གསར་པ་དྲིལ་བསྒྲགས་བྱས་ཏེ་ཐོག་མ་ཉིད་ནས་གློག་འཕྲིན་ཁ་བསླུས་ཀྱི་མགོ་སྐོར་འོག་ཏུ་མི་ཚུད་པ་བྱེད་དགོས། ནམ་ཞིག་མགོ་སྐོར་འོག་ཏུ་ཚུད་ན། དེར་ཁ་གཏད་ཇི་ལྟར་གཅག་ཐབས་ཀྱི་ཤེས་བྱའམ་ཐབས་ཤེས་བསླབ་དགོས་པ་ཡིན། དེ་ཡང་མང་ཚོགས་ལ་འབྲེལ་ཡོད་ཤེས་བྱའི་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་། སྡེ་ཁུལ་སོ་སོར་སྦྱར་ཚིག་སྦྱོར་བ། འཕྲིན་ཕྲན་ཚོགས་པ་བརྒྱུད་ཁ་བསླུས་སྔོན་འགོག་གི་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་དེ་མི་ཚང་མས་གློག་འཕྲིན་ཁ་བསླུས་ཀྱི་ཉེས་ཚབས་ཤེས་རྟོགས་ཡོང་བ་དང་། ཁ་བསླུས་མི་ཕོག་པ་བྱས་ཏེ་རང་ཉིད་ཀྱི་རྒྱུ་ནོར་ལ་བདག་ཉར་གང་ལེགས་ཐུབ་པ་ཡོང་བ་བྱེད་དགོས།
གསུམ། འགན་ནུས་ཚན་པ་ཁག་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ཏེ་གྱོད་གཞི་འབྱུང་རྩ་ནས་བཅོས་ཐབས་བྱེད་དགོས། དེ་ཡང་གཅིག་ནས་མང་ཚོགས་ཀྱི་ཆ་འཕྲིན་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས་པ་སྟེ། “གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་སྐབས་ཉེས་གསོག་པ་མང་ཆེ་བས་ཆ་འཕྲིན་རྐུ་རྒྱག་བྱེད་པ་ནི་ཉེས་གསོག་གི་གོམ་པ་དང་པོ་སྤོས་པ་ཞིག་ཡིན་པས། ཁ་བསླུས་ཕོག་མཁན་གྱི་ཆ་འཕྲིན་མ་རག་ན་ཉེས་ཅན་པས་ཁ་བསླུས་རྒྱག་ཐབས་མེད་”③པ་ལྟར། འགན་ནུས་ཚན་པ་ཁག་གིས་དམིགས་བཀར་གྱི་བྱ་ཐབས་སྤེལ་བ་དང་འཆར་གཞི་བཀོད་ཐོག དྲ་སྦྲེལ་འཕྲིན་གཏོང་གི་ལྟ་སྐུལ་ལས་དོན་ཁག་ཚགས་ཚུད་པོ་ཡོང་བ་བྱེད་དགོས། གཉིས་ནས་ཁ་པར་བྱང་བུ་དང་། དངུལ་ཁང་བྱང་བུ། POSའཕྲུལ་འཁོར་སོགས་མིང་ངོ་མའི་ཐོག་ནས་ཐོ་འགོད་བྱ་རྒྱུ་ལག་བསྟར་ནན་པོ་བྱེད་དགོས། ཚན་པ་ཁག་གིས་ནན་ཏན་གྱིས་ཐོ་འགོད་ལམ་ལུགས་བཟོས་ནས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་ཚན་པའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ནན་ཏན་གྱིས་མིང་ངོ་མ་འགོད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། གསུམ་ནས་ལམ་སྲོལ་ལས་བརྒལ་བའི་ཚན་པ་དང་མི་སྒེར་གྱི་རིགས་ལ་བཅོས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏོང་དགོས།
བཞི། མཐུན་སྦྱོར་གཞོགས་འདེགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཕྲལ་དུ་ཐག་ཆོད་པའི་རྡུང་རྡེག་གི་མ་ལག་ཅིག་གཏོད་དགོས། གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཁྱད་ཆོས་ནི་སྲོལ་རྒྱུན་གྱི་ཉེས་གསོག་དང་མི་འདྲ་སྟེ། ཉེས་ཅན་པས་དེང་དུས་ཀྱི་འཕྲིན་གཏོང་དང་དྲ་ཐོག་དངུལ་ཁང་སོགས་ལ་བརྟེན་པ་དང་། ཉེས་གསོག་ནག་ཚང་ཡང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་གབ་ཡིབ་ཀྱིས་གནས་པ། དུས་ཚོད་ཐུང་ངུའི་ནང་མ་དངུལ་བགོ་བའམ་བསྒྱུར་རྒྱུ་མངོན་འགྱུར་ཡོང་བ་བྱེད་ཀྱི་ཡོད་པས། དེས་སྤྱི་བདེ་ཚན་པའི་སྲོལ་རྒྱུན་གྱི་མྱུལ་ཞིབ་བྱེད་སྟངས་ལ་བླང་བྱ་ནན་པོ་བཏོན་ཡོད་ལ། སྲོལ་རྒྱུན་གྱི་མྱུལ་ཞིབ་ལས་དོན་ལ་འགྲན་རྩོད་ཆེན་པོ་འཕྲད་ཀྱི་ཡོད། མིག་སྔར་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་གྱོད་དོན་ལ་རྡུང་རྡེག་གཏོང་རྒྱུའི་ལས་རིམ་ཧྲིལ་པོ་ནི་མ་དངུལ་གྱི་རྒྱུན་དང་། ཆ་འཕྲིན་གྱི་རྒྱུན། མི་སྣའི་རྒྱུན་སོགས་འབྲེལ་ཡོད་ཆ་འཕྲིན་དང་ཁ་བྲལ་དུ་མེད་དེ། དཔེར་ན་ཉེས་ཅན་པ་སུ་ཡིན་མིན་དང་། གང་དུ་སྡོད་ཀྱི་ཡོད་མེད། ཁ་བསླུས་རྒྱག་སྐབས་ཁ་པར་དང་དངུལ་ཁང་གི་བྱང་བུ་གང་ཞིག་སྤྱད་ཡོད་མེད་སོགས་ཀྱི་སྐོར་ཤེས་རྟོགས་བྱེད་དགོས་པས། དེ་དག་ཇི་བཞིན་ཤེས་རྟོགས་བྱེད་པར་མྱུལ་དཔྱད་ཚན་པ་གཅིག་གིས་མི་ནུས་ཏེ། ཚན་པ་མང་དག་ཅིག་གི་ནུས་པར་བརྟེན་དགོས་པ་མ་ཟད། ཕན་ཚུན་མཐུན་སྦྱོར་གཞོགས་འདེགས་ཀྱིས་བསྒྲུབ་དགོས་པ་རེད། དེས་ན་སྤྱི་བདེ་ཚན་པ་ནང་ཁུལ་དུ་ཕན་ཚུན་རམ་འདེགས་ལེགས་པར་བྱེད་པ་སྨོས་ཅི། “ཕྱི་ཕྱོགས་སུ་མཐུན་སྦྱོར་བྱས་ནས་འཕྲལ་ཐག་ཆོད་པའི་མྱུལ་དཔྱད་སྒྲིག་གཞི་ཞིག་འཛུགས་ཐུབ་ན། ད་གཟོད་ཐོན་ཁུངས་བེད་སྤྱོད་བདེ་བླག་ངང་ཐུབ་ནས་མྱུལ་ཞིབ་དང་གྱོད་དོན་རྩད་ཞིབ་ལ་ནུས་པ་ཆེན་པོ་ཐོན་ཐུབ་”④པ་ཡིན། དེ་ཡང་གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་མཁན་ལ་རྡུང་རྡེག་གཏོང་རྒྱུ་དེ་ནི་སྤྱི་བདེ་ཚན་པ་གཅིག་པུས་བསྒྲུབ་ཐུབ་པ་ཞིག་མ་ཡིན་པས། ལས་རིགས་ནང་ཁོངས་ཀྱི་ལམ་ལུགས་ཚད་ལྡན་བཟོ་བ་དང་། ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། འཕྲིན་གཏོང་དང་དངུལ་ཁང་སོགས་འབྲེལ་ཡོད་འགན་ནུས་ཚན་པས་ཐུན་མོང་ཐོག་རམ་འདེགས་གང་ལེགས་ཀྱིས་མ་ལག་དང་ལྡན་པའི་དོ་དམ་ཚོད་འཛིན་བྱེད་དགོས་ལ། དེ་བཞིན་སྤྱི་ཚོགས་ཐོག་གི་རིམ་ཁག་ཚན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དྲིལ་བསྒྲགས་དང་སྔོན་འགོག་གི་ལས་དོན་ལ་ཧུར་ཐག་ཞུགས་ནས་ཐུན་མོང་ཐོག་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་གླེང་ཕྱོགས་ཀྱི་ཁོར་ཡུག་ཞིག་གཏོད་དགོས་པ་ཡིན། དེ་ལྟར་བྱུང་ཚེ། ད་གཟོད་ཁ་བསླུས་རྒྱག་མཁན་གྱིས་ཁ་བསླུས་རྒྱག་མི་ཐུབ་པ་དང་། རྒྱག་མི་ཕོད་པ་ཞིག་ཡོང་ངེས་ རེད། །
ལུང་འདྲེན་དཔྱད་ཡིག
① རྨའོ་ཁྲེན། 《གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་བཅོས་སྒྲིག་གནད་དོན་ལ་དཔྱད་པ་》ཞེས་པ་ནི་《སུའུ་ཀྲའུ་སློབ་ཆེན་རིག་དེབ་》༢༠༡༠ལོའི་དུས་དེབ་གསུམ་པའི་ཐོག་འཁོད། དེབ་ངོས་༢༦ན་གསལ།
② ཧུའུ་ཤང་ཡང་། ལིའུ་ཞང་ཝུད། ཕོང་ཝུད། 《གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་ཚོད་འཛིན་དང་དེར་ཁ་གཏད་གཅོག་ཐབས་སྐོར་གླེང་བ་》ཞེས་པ་ནི་《ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན་རིག་དེབ་》(སྤྱི་ཚོགས་ཚན་རིཀ་དཔར་གཞི་)༢༠༡༠ལོའི་དུས་དེབ་ལྔ་པ། དེབ་ངོས་༥༨ན་གསལ།
③ ཚུད་མིང་ཅིང་། 《གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་རྒྱུར་སྔོན་འགོག་དང་དེར་ཁ་གཏད་གཅོག་ཐབས་ལ་དཔྱད་པ་》རྐོང་ཏུང་ཕྱི་སྐད་ཕྱི་ཚོང་སློབ་ཆེན་ནས་༢༠༡༥ལོར་བསྐྲུན། དེབ་ངོས་༣༩ན་གསལ།
④ ཐང་ཙེ་ཅུན། 《གློག་འཕྲིན་བརྒྱུད་ཁ་བསླུས་རྒྱག་པའི་ཉེས་གསོག་ལ་རྡུང་རྡེག་དང་དེར་ཁ་གཏད་གཅོག་ཐབས་སྐོར་》ཞེས་པ་ནི་《ཐན་ཅིང་སློབ་ཆེན་རིག་དེབ་》༢༠༡༣ལོའི་དུས་དེབ་གསུམ་པར་འཁོད། དེབ་ངོས་༦༢ན་གསལ།