༄༅།།བོད་ཡིག་གི་ཤན་སྦྱར་ཚིག་མཛོད་སྐོར་རོབ་ཙམ་གླེང་བ།

གཡང་འབུམ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-05




—1949ལོའི་ཚུན་ལ་རྒྱལ་ནང་ནས་དཔེ་སྐྲུན་བྱས་པའི་བོད་ཡིག་གི་ཤན་སྦྱར་ཚིག་མཛོད་གཞིར་བཟུང་།
གཡང་འབུམ་རྒྱལ། མི་རིགས་དཔེ་སྐྲུན་ཁང་།

        ཤན་སྦྱར་ཚིག་མཛོད་ནི་རིག་གནས་སྤེལ་རེས་བྱེད་སྤྱད་ཀྱི་གསེར་ཟམ་ལྟ་བུ་ཡིན་ལ། ལོ་ཙཱ་བའི་གཞི་འཛིན་ས་དང་ཐ་སྙད་གཅིག་གྱུར་འབྱུང་བའི་གཞི་མ་ཡིན། ལོ་རྒྱུས་དུས་སྐབས་སོ་སོར། སྔོན་བྱོན་མཁས་པ་དག་གིས་རིག་གནས་ནང་འདྲེན་དང་དར་སྤེལ། གྲ་རྒྱས་སུ་གཏོང་ཆེད་ཤན་སྦྱར་ཚིག་མཛོད་མང་དུ་བརྩམས་ཡོད། རྩོམ་ཡིག་འདིའི་ནང་བོད་ཀྱི་ཤན་སྦྱར་ཚིག་མཛོད་ཐོག་མའི་བྱུང་བ་རོབ་ཙམ་དང་། 1949ལོའི་རྗེས་སུ་རྒྱལ་ནང་ནས་དཔེ་སྐྲུན་བྱས་པའི་བོད་ཡིག་གི་ཤན་སྦྱར་ཚིག་མཛོད་ཕལ་ཆེ་བའི་རྩོམ་པ་པོ་དང་ལོ་ཚིགས། ཡིག་རིགས། ནང་དོན་སོགས་ལ་དབྱེ་ཞིབ་རོབ་ཙམ་བྱས་ཡོད།

 གཅིག ཤན་སྦྱར་ཚིག་མཛོད་ཐོག་མ།
        ཁྲེན་པིང་ཐིའོ་ལགས་ཀྱིས་བརྩམས་པའི་《རང་རྒྱལ་མི་རིགས་སྐད་ཡིག་ཤན་སྦྱར་ཚིག་མཛོད་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པར་“ཤན་སྦྱར་ཚིག་མཛོད་ནི་ཡིག་རིགས་མི་འདྲ་བ་གཉིས་ཡན་གྱིས་ཡིག་སྒྱུར་བྱེད་སྤྱད་ཀྱི་ཚིག་མཛོད་ཡིན་པ་དང་། རང་རྒྱལ་གྱི་ཤན་སྦྱར་ཚིག་མཛོད་དེ་ཐོག་མར་ནང་བསྟན་གྱི་ལོ་ཙཱའི་བྱ་བ་ལས་བྱུང”ཞེས་བྲིས་ཡོད།
        བོད་རང་གི་ངོས་ནས་བཤད་ནའང《བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ》ཞེས་པར་ “བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཆོས་ཀྱི་གཞུང་ལས་འབྱུང་བའི་ཐ་སྙད་རྣམས་ལ་རྒྱ་གར་གྱི་སྐད་དང་བོད་ཀྱི་སྐད་གཉིས་ཤན་སྦྱར་བྱས་ཏེ་གཏན་ཚིགས་ཀྱི་སྒོ་ནས་འགྲེལ་བཤད་བརྒྱབ་ཡོད་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་མིང་མཛོད་དང་པོ་ཡིན་པས”ཞེས་དང་།《དཀར་ཆག་འཕང་ཐང་མ། སྒྲ་སྦྱོར་བམ་པོ་གཉིས་པ》ལས་སྒྲ་སྦྱོར་བམ་པོ་གཉིས་པའི་གསལ་བཤད་ནང“དེང་སང་ལྟར་ན་འདི་ཚིག་མཛོད་ཀྱི་ཁུངས་སུ་བསྡུ་འོས་མོད་ཀྱི་མ་དཔེའི་གཞུང་དངོས་ཀྱི་སྔོན་འགྲོའི་ནང་དུ་དེ་དང་དེ་ལ་སོགས་པ‘བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱིས་སུ་བསྣན་ནོ’ཞེས་འཁོད་པར་གཞིགས་ན་སྔོན་ཆད་གཞུང་འདི་དཀར་ཆག་གི་ཁོངས་སུ་འདུའམ་སྙམ་སྟེ་དཔྱད་པའི་གནས་སོ”ཞེས་འཁོད་ཡོད།
        《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ》ཞེས་པར“སྒྲ་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཞེས་རྒྱལ་ཕྱི་རྒྱལ་ནང་གི་བོད་རིག་པ་སྨྲ་བ་དང་། ཡང་སྒོས་བོད་གངས་ཅན་ཡུལ་གྱི་ཤེས་རིག་དོན་གཉེར་ཅན་དང་མཁས་དབང་རྣམས་ཀྱི་ཁྲོད་ན་རླུང་ལྟར་གྲགས་པ་འདི་ནི་སྤྱི་ལོ་དུས་རབས་བདུན་པར་བོད་དུ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ཐོག་མར་ཁྱབ་སྤེལ་བྱུང་བའི་རྗེས་དང་། ཁྱད་པར་དུ་དུས་རབས་བརྒྱད་པ་དང་དགུ་པར་ནང་ཆོས་དར་རྒྱས་ཤིན་ཏུ་ཆེན་པོ་བྱུང་བའི་སྐབས་སུ་རྒྱ་བོད་ཀྱི་ལོ་པཎ་ཚོས་ཆོས་ཀྱི་རྒྱལ་པོའི་བཀའ་བཞིན་བསྡུ་སྒྲིག་མཛད་པའི་ལེགས་སྦྱར་གྱི་སྐད་དང་བོད་ཀྱི་སྐད་གཉིས་ཤན་སྦྱར་དུ་བགྱིས་པའི་ཚིག་མཛོད་ཅིག་ཡིན་ལ། དེ་ནི་ཐོན་མིས་བོད་ཡིག་གསར་དུ་བཏོད་པ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་ཐོན་པའི་སཾ་བོད་ཚིག་མཛོད་ལ་ཆེས་སྔ་བ་དེའང་རེད། དེའི་མཚན་བྱང་གཞན་ལ་སྒྲ་བྱེ་བྲག་རྟོགས་བྱེད་ཆེན་མོ་དང་། ལོ་པཎ་མང་པོས་མཛད་པའི་སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་ཡང་ཟེར”ཞེས་འཁོད་ཡོད།
        《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ—བོད་ཡིག་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ》ཞེས་པར“《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》ནི་བོད་ཀྱི་ལོ་རྒྱུས་སྟེང་གི་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ་ཡིན་པ་དང”ཞེས་དང“《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》ནི་བོད་ཀྱི་ལོ་རྒྱུས་སྟེང་གི་ཚིག་མཛོད་ཐོག་མ་དང་སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་ཐོག་མ་ཡིན་ལ། ཀྲུང་གོའི་ལོ་རྒྱུས་ཐོག་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཤན་སྦྱར་ཚིག་མཛོད་ཐོག་མ་ཡིན”ཞེས་འཁོད་ཡོད།
        དེ་ལྟར་ན《སྒྲ་སྦྱོར་བམ་པོ་གཉིས་པ》དེ་མིང་མཛོད་དང་པོ་དང་། ཚིག་མཛོད་ཐོག་མ། གཞུང་ལུགས་ཐོག་མ། བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱིས་སུ་བསྣན་ནོ་ཞེས་པ་ལ་སོགས་ཅི་རིགས་བྱུང་ཡོད་པས《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》ནི་ཤན་སྦྱར་ཚིག་མཛོད་ཐོག་མར་བཞག་ནའང་འགལ་བ་ཆེར་མེད་པར་བསམ། སྤྱི་ལོའི་དབང་དུ་བཏང་ན་ཚིག་མཛོད་དེ་དག་བྱུང་བའི་དུས་རབས་ནི་སྤྱི་ལོ་དུས་རབས་བརྒྱད་པ་ནས་དགུ་པའི་ནང་དམ་པའི་ཆོས་མང་དུ་བསྒྱུར་བའི་སྐབས་ཐོག་ཡིན་པ་དང་། རྒྱལ་པོ་སུའི་སྐབས་སུ་མཛད་པའི་སྐོར་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་མཛད་པར་འདོད་མཁན་དང་མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སུ་མཛད་པར་འདོད་མཁན་གཉིས་ཡོད་མོད། ཕལ་ཆེ་བས་སྔ་མར་འདོད།
        དེ་དག་ལས་རང་རྒྱལ་གྱི་ཤན་སྦྱར་ཚིག་མཛོད་ཐོག་མ་དང་བོད་ཡིག་གི་ཤན་སྦྱར་ཚིག་མཛོད་ཐོག་མ་གཉིས་ཀ་དམ་པའི་ཆོས་དར་སྤེལ་གཏོང་བའི་རིག་གནས་ནང་འདྲེན་གྱི་དགོས་མཁོའི་དབང་གིས་བྱུང་བ་གསལ།

 གཉིས། 1949ལོའི་རྗེས་སུ་དཔེ་སྐྲུན་བྱས་པའི་ཤན་སྦྱར་ཚིག་མཛོད།
        དུས་རབས་ཀྱི་འཕོ་འགྱུར་དང་ལོ་རྒྱུས་ཀྱི་དགོས་མཁོའི་དབང་གིས་ཕྱིས་སུ་ཕྱོགས་བསྡུས་སྣ་འཛོམས་ཅན་གྱི་ཚིག་མཛོད་མང་དུ་བྱུང་བ་དང་། ལྷག་པར1949ལོའི་ཚུན་ལ། མི་རིགས་ཁག་བར་གྱི་འབྲེལ་འདྲིས་ཆེ་ནས་ཆེ་རུ་ཕྱིན་པ་དང་འཛམ་གླིང་གི་རིག་གནས་ག་སར་འཕེལ་བ། རྒྱལ་ཁབ་ཕྱི་ནང་གི་དཔེ་སྐྲུན་ལས་ཀའི་ཁོར་ཡུག་སྔར་ལས་ཁོད་ཡངས་པར་སོང་བས། རྒྱ་བོད་ཤན་སྦྱར་དང་བོད་རྒྱ་ཤན་སྦྱར། སཾ་བོད་ཤན་སྦྱར། རྒྱ་བོད་དབྱིན་གསུམ་ཤན་སྦྱར་དང་བོད་རྒྱ་དབྱིན་གསུམ་ཤན་སྦྱར། སཾ་བོད་རྒྱ་གསུམ་ཤན་སྦྱར། སྐད་བཞི་ཤན་སྦྱར་དང་སྐད་ལྔ་ཤན་སྦྱར་གྱི་ཚིག་མཛོད་སོགས་གྲངས་ཚད་ལོན་པ་ཞིག་སྔ་རྗེས་སུ་བྱུང་ནས་ཡི་གེ་སྒྱུར་བའི་བྱ་བར་སྐུལ་འདེད་ཆེན་པོ་བྱས་ལ། རིག་གནས་སྤེལ་རེས་དང་སྐད་ཡིག་གཅིག་མཐུན་ཡོང་བར་ཕན་ཆེན་པོ་ཐོགས། དེར་མ་ཟད་བཅའ་ཁྲིམས་དང་རྩིས་དངོས་རྫས་གསུམ། ས་རྒྱུས། སྐྱེ་དངོས་སོགས་ཀྱིས་མཚོན་པའི་ཤན་སྦྱར་ཚིག་མཛོད་སྔ་རྗེས་སུ་བྱུང་བ་དེས་གསར་བྱུང་རིག་གནས་དང་གསར་བྱུང་ལས་ཀ་སྤེལ་བར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད།
        འདིར1949ལོའི་རྗེས་སུ་རྒྱལ་ནང་ནས་དཔེ་སྐྲུན་བྱས་པའི་བོད་ཡིག་གི་ཤན་སྦྱར་ཚིག་མཛོད་ཕལ་ཆེ་བ་བཀོད་ནས་ལོ་ཚིགས་དང་ཡིག་རིགས། ནང་དོན། རྩོམ་པ་པོ་སོགས་ལ་དབྱེ་ཞིབ་ཅུང་ཙམ་བྱས་ན།
        ལོ་རབས་ལྔ་བཅུ་པར་དཔེ་སྐྲུན་བྱས་པ། 《ཐ་སྙད་གསར་བསྒྲིགས། དེབ་དང་པོ》(མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1954)《ཐ་སྙད་གསར་བསྒྲིགས། དེབ་གཉིས་པ》(མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1955)《དག་ཡིག་ཐོན་མིའི་དགོངས་རྒྱན། སྟོད་ཆ། སྨད་ཆ》(ཚེ་ཏན་ཞབས་དྲུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1955-1957)《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང》(གནའ་བོའི་ཕོ་བྲང་རྟེན་རྫས་བཤམ་མཛོད་ཁང་གིས་ཉར་བ། མི་རིགས་དཔེ་སྐྲུན་ཁང་། 1957)《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་བཞུགས་སོ》(དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས། བློ་བཟང་ཆོས་འཕགས་སོགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར། མི་རིགས་དཔེ་སྐྲུན་ཁང་། 1957)
        ལོ་རབས་བདུན་ཅུ་པར་དཔེ་སྐྲུན་བྱས་པ། 《རྒྱ་བོད་ཤན་སྦྱར་གི་ཚིག་མཛོད》(མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 1976)《རྒྱ་བོད་མིང་མཛོད》(ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དཔྱོད་ཙུའུ། ཀན་སུའུ་མི་དམངས་དཔེ་སྐྲུན་ཁང་། 1979)
        ལོ་རབས་བརྒྱད་ཅུ་པར་དཔེ་སྐྲུན་བྱས་པ། 《བོད་རྒྱ་ཤན་སྦྱར་རྒྱུན་མཁོའི་ཚིག་མཛོད》(བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གྲ་སྒྲིག་ཚན་ཁག་གི་བོད་ཡིག་སློབ་ཁྲིད་ཞིབ་འཇུག་ཚོགས་པས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1980)《རྒྱ་བོད་ཤན་སྦྱར་གྱི་གཏམ་དཔེ》(མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 1980)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྒྱུན་སྤྱོད་ཐ་སྙད》(ཀྲང་ལེན་ཧྲེང་གིས་རྩོམ་སྒྲིག་བྱས། ཀྲུང་གོ་སྤྱི་ཚོགས་ཚན་རིག་དཔེ་སྐྲུན་ཁང་། 1981)《རྒྱ་བོད་ཤན་སྦྱར་གྱི་ཁ་སྐད་ཚིག་མཛོད》(ཡུས་ཏའོ་ཆོན་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 1983)《བོད་རྒྱ་ཤན་སྦྱར་གྱི་ལྷ་སའི་སྐད་ཚིག་མཛོད》(ཡུས་ཏའོ་ཆོན་གྱིས་གཙོ་སྒྲིག་བྱས། ཧྥུ་ཅ་ཀྲང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1983)《བོད་རྒྱ་ཚིག་མཛོད་ཆེན་མོ། སྟོད་སྨད་བར་ཆ་གསུམ》(ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 1985)《བོད་རྒྱ་སྐར་རྩིས་རིག་པའི་ཚིག་མཛོད》(བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་གིས་རྩོམ་འབྲི་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985)《བོད་རྒྱ་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད》(ཝང་དབྱི་ནོན་གྱིས་གཙོ་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986)《རྒྱ་བོད་ཤན་སྦྱར་ལུས་རྩལ་མིང་ཚིག་ཕྱོགས་བསྒྲིགས》(འཕྲིན་ལས་འོད་ཟེར། མཚོ་སྔོན་ལུས་རྩལ་ཚན་རིག་ཞིབ་འཇུག་ཁང་། 1986)《བོད་རྒྱ་ཤན་སྦྱར་གྱི་ཤེས་བྱའི་རྣམ་གྲངས་ཀུན་བཏུས་ཚིག་མཛོད》(ཧའོ་ཝུན་ཞོན། ཏོའུ་ཚུན་ཆི་གཉིས་ཀྱིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987)《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན། པར་གཞི་གཉིས་པ》(རིན་སྤུངས་ངག་དབང་འཇིགས་གྲགས་ཀྱིས་བརྩམས། ལས་དང་ལེན་གྱིས་ཟུར་བསྒྲིགས་བསྒྱུར་མཆན་བཀོད། མི་རིགས་དཔེ་སྐྲུན་ཁང་། 1988)《དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད》 (བཀྲ་ཤིས་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1988)《རྒྱ་བོད་ཤན་སྦྱར་གྱི་རྩིས་རིག་ཐ་སྙད》(རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988)《སཾ་བོད་ཤན་སྦྱར་དབྱངས་གསལ་སྟར་མ་བརྒྱུས་པ་མིང་ཚོགས་གསེར་གྱི་འཕྲེང་མཛེས་ཞེས་བྱ་བ་བཞུགས་སོ》(སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989)《སཾ་བོད་སྐད་གཉིས་ཤན་སྦྱར》(སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989)

        ལོ་རབས་དགུ་བཅུ་པར་དཔེ་སྐྲུན་བྱས་པ།《སྐད་ལྔ་ཤན་སྦྱར་གྱི་མཉྫུ་སྐད་གསལ་བའི་མེ་ལོང་ལས་རྒྱ་བོད་སྐད་གཉིས་ཟུར་དུ་བཏོན་པ》(ཀུའུ་ཝུན་ཡིའི་སོགས་ཀྱིས་འདེམ་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990)《རྒྱ་བོད་ཤན་སྦྱར་ཚིག་མཛོད》(དེབ་འདིའི་རྩོམ་སྒྲིག་མཉམ་སྒྲུབ་ཚོ་ཆུང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1991)《སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད》(རྣམ་རྒྱལ་ཚེ་རིང་གིས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 1991)《ས་རྒྱུས་མིང་ཚིག རྒྱ་བོད་ཤན་སྦྱར》(མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ཁྲུའུ་ཡིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992)《སྐྱེ་དངོས་རིག་པའི་རྒྱ་བོད་ཐ་སྙད་ཤན་སྦྱར》(ཆུང་ཚེ་རིང་དང་ནོར་བུས་རྩོམ་སྒྱུར་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992)《ལོ་རྒྱུས་སྐོར་གྱི་མིང་མཛོད། རྒྱ་བོད་ཤན་སྦྱར》(མཚོ་སྔོན་མི་རིགས་བསླབ་གཞི་རྩོམ་སྒྱུར་ཁྲུའུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1992)《བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད》(བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་གིས་རྩོམ་སྒྲིག་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1993)《བཀའ་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར》(ཧུང་ཤན་མིང་གིས་སྒྲིག་སྒྱུར་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1993)《བོད་རྒྱ་ཤན་སྦྱར་གྱི་ཨ་མདོའི་ཁ་སྐད་ཚིག་མཛོད》(དཔའ་མཁར་སོགས་ཀྱིས་སྒྲིག་རྩོམ་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1993)《བོད་རྒྱ་ཚིག་མཛོད་ཆེན་མོ》(ཀྲང་དབྱི་སུན་གྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 1993)《བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད》(བྲག་གདོང་བཀྲས་གླིང་དབང་རྡོར་གྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 1994)《རྒྱ་བོད་ཚིག་མཛོད་ཕྲེང་བསྒྲིགས། སྨན་གཞུང》(དོན་གྲུབ་གྱིས་རྩོམ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1994)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་དངོས་ལུགས་རིག་པའི་ཐ་སྙད་ཕྱོགས་བསྒྲིགས》(མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རང་བྱུང་ཚན་རིག་ཁག་བོད་ཡིག་སློབ་དེབ་སྒྲིག་སྒྱུར་ཚོ་ཆུང་གིས་སྒྲིག་སྒྱུར་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་གྱི་རྫས་འགྱུར་རིག་པའི་ཐ་སྙད་ཕྱོགས་བསྒྲིགས》(མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རང་བྱུང་ཚན་རིག་ཁག་བོད་ཡིག་སློབ་དེབ་སྒྲིག་སྒྱུར་ཚོ་ཆུང་གིས་སྒྲིག་སྒྱུར་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1994)《མི་གྲངས་སྐོར་གྱི་ཤེས་བྱའི་ཚིག་མཛོད》(ཧུའུ་ཧྲོའུ་ཀྲུང་། ཧའེ་ཧྲེང་ཀུའེ། པའོ་ཧྥ་རུང་། ཧྥན་མགོན་པོ། ལི་ཏི་ཁྲེན་བཅས་ཀྱིས་རྩོམ་བསྒྱུར་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996)《སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས། པར་གཞི་གཉིས་པ》(སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996)《བོད་དབྱིན་ཚིག་མཛོད》(དཔལ་ལྡན་བཀྲ་ཤིས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1999)《རྒྱ་བོད་གཏམ་དཔེ་ངོ་མཚར་ཕྲེང་བ》(འཇང་ཤེས་རབ་རྣམ་དག་དང་ཐོ་སྐར་འོད་གསལ་གྱིས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 1999)
        ཉིས་སྟོང་ལོ་ནས་ཉིས་སྟོང་དགུ་ལོའི་བར་དཔེ་སྐྲུན་བྱས་པ། 《བོད་རྒྱ་དབྱིན་སྐད་ཀྱི་རྩིས་འཁོར་ཚིག་མཛོད》(ཟླ་བ་བློ་གྲོས། ཀན་སུའུ་མི་དམངས་མཛེས་རྩལ་དཔེ་སྐྲུན་ཁང་། 2000)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས། དངོས་ལུགས་རིག་པ》(ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ་སྒྲིག་སྒྱུར་བྱས། 2000)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས། གྲངས་རིག་པ》(ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ་སྒྲིག་སྒྱུར་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2000)《རྒྱ་བོད་ཤན་སྦྱར་སངས་རྒྱས་ཆོས་གཞུང་གི་ཚིག་མཛོད》(མ་ཤེས་རབ་དང་མཁའ་འགྲོ་སྐྱབས། ཧྭ་སི། ཚོགས་གསུམ་རྡོ་རྗེ་བཅས་ཀྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000)《བོད་ཀྱི་ཉེར་མཁོའི་ཟས་རིགས་ཚིག་མཛོད》(ཚིག་མཛོད་འདིའི་ཚན་ཆུང་གིས་རྩོམ་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000)《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད》(བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2002)《ཆོས་ཚིག་བོད་དབྱིན་ཤན་སྦྱར》(ཚེ་རིང་དོན་གྲུབ་ཀྱིས་སྒྲིག་སྒྱུར་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2004)《རྒྱ་དབྱིན་བོད་གསུམ་ཤན་སྦྱར་གྱི་བོད་སྐད་ཀྱི་མི་མིང་དང་ས་མིང་གཏེར་མཛོད》(ཁྲེན་ཀོན་ཧྲེང་དང་ཨན་ཚེ་བརྟན་གྱིས་གཙོ་སྒྲིག་བྱས། ཕྱི་ཡིག་དཔེ་སྐྲུན་ཁང་། 2004)《དབྱིན་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད》(བཀྲ་ཤིས་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2004)《དབྱིན་བོད་རྒྱ་ཤན་སྦྱར་ཚིག་མཛོད》(ཡེ་ཤེས་ལྷ་མོ་འཚོས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005)《ཨ་མདོའི་ཁ་སྐད་ཚིག་མཛོད》(ཀེན་ཞན་ཙུང་དང་ལི་ཅུན་ཡིང་། ལྷུན་འགྲུབ་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006)《རྒྱ་བོད་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཚིག་མཛོད》(བཀྲ་ཤིས་ཚེ་རིང་སོགས་ཀྱིས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007)《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད》(ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007)《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》(ཚུལ་ཁྲིམས་བློ་གྲོས་ཀྱིས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009)
        ཉིས་སྟོང་བཅུ་ལོ་ནས་བཅུ་དགུ་བར་དཔེ་སྐྲུན་བྱས་པ། 《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས། རྩིས་འཁོར་རིག་པ》(ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ་སྒྲིག་སྒྱུར་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2010)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་རང་བྱུང་ཚན་རིག་མིང་བརྡའི་དཔེ་ཚོགས། རྫས་འགྱུར་རིག་པ》(ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་མགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ཏེ་སྒྲིག་སྒྱུར་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2010)《རྒྱ་བོད་ཤན་སྦྱར་ཕྱུགས་ལས་སྨན་བཅོས་ཚིག་མཛོད》(བློ་བཟང་རྡོ་རྗེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2010)《རྒྱ་བོད་བརྡ་ཆད་གསར་པ》(ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2011)《རྒྱ་བོད་དབྱིན་གསུམ་ཤན་སྦྱར་དེང་རབས་གསོ་རིག་མིང་མཛོད》(འོ་ཚང་ཚོགས་ཆེན་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 2011)《རྒྱ་བོད་ཁྲིམས་ལུགས་ཚིག་མཛོད་ཆེན་མོ》(རྩོམ་སྒྲིག་པ་གཙོ་བོ། ཀྲང་ཕེའེ་ཀྲུང་། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་རྩོམ་སྒྱུར་བྱས། ཁྲིམས་ལུགས་དཔེ་སྐྲུན་ཁང་། 2011)《གསར་བྱུང་རྒྱུན་བཀོལ་ཐ་སྙད་ཕྱོགས་བསྒྲིགས》(གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲིག་རྩོམ་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2012)《རྒྱ་བོད་ཤན་སྦྱར་གྱི་ཁྲིམས་ལུགས་རིག་པའི་ཚིག་མཛོད》(སྙིང་བོ་རྒྱལ་དང་ཀུན་ཞོན་ཙུང་གིས་གཙོ་སྒྲིག་བྱས། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་། 2012)《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་བསྒྲིགས》(བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་དང་བོད་སྐད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012)《སྐད་གསུམ་ཚིག་མཛོད་གསར་པ》(བཀྲ་ཤིས་ཚེ་རིང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2012)《རྒྱ་བོད་ཤན་སྦྱར་གྱི་སྐྱེ་དངོས་རིག་པའི་ཚིག་མཛོད》(ཡོན་ཏན་རྒྱ་མཚོ་དང་གུ་རུ་འཚོས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2013)《རླུངས་ཁམས་ཆེན་པོའི་ཚན་རིག་གི་ཐ་སྙད》(དེབ་འདིའི་རྩོམ་སྒྲིག་ཨུ་ལྷན་གྱིས་བསྒྱུར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014)《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ》(བུ་ཆུང་ཚེ་རིང་གིས་བསྒྱུར་སྒྲིག་ཞུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2015)《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་དགོན་སྡེ་དང་རི་ཆུའི་མིང་རྒྱ་བོད་ཤན་སྦྱར》(ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2015)《མཚོ་སྔོན་སི་ཁྲོན་ཀན་སུའུ་ཡུན་ནན་ཞིང་ཆེན་བཞིའི་བོད་ཁུལ་གྱི་གྲོང་སྡེའི་མིང་རྒྱ་བོད་ཤན་སྦྱར》(ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2015)《བོད་རང་སྐྱོང་ལྗོངས་ཀྱི་གྲོང་སྡེ་དང་དགོན་སྡེ་རི་ཆུའི་མིང་རྒྱ་བོད་ཤན་སྦྱར》(ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་བོད་ཡིག་ཁང་གིས་སྒྲིག་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2016)《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》(ཇོ་རི་ཀེ་ཐུས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2016)《རྒྱ་བོད་ཤན་སྦྱར་ཉེར་མཁོའི་ཐ་སྙད》(ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས་སྒྱུར་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2016)《རྒྱ་བོད་ནུས་མང་མིང་མཛོད》(རྒྱ་བོད་ནུས་མང་མིང་མཛོད་རྩོམ་སྒྲིག་ཙུའུ། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་། 2016)《ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱི་ཐ་སྙད་གསར་པའི་རྒྱ་བོད་ཤན་སྦྱར》(ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་ཀྱིས་རྩོམ་སྒྱུར་བྱས། མི་རིགས་དཔེ་སྐྲུན་ཁང་། 2016)《རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་མེ་ལོང》(བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་དང་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་ནས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2016)《བོད་ཡིག་ཀུན་ཁྱབ་མིང་མཛོད》(དཔའ་རིས་སངས་རྒྱས་ཀྱིས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017)《རྒྱ་བོད་ཤན་སྦྱར་དཔལ་འབྱོར་རིག་པའི་ཚིག་མཛོད》(དཀོན་མཆོག་ཚེ་བརྟན་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། 2018)《རྫས་འགྱུར་རིག་པའི་རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚིག་མཛོད》(མཆོག་གསུམ་གྱིས་གཙོ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་།2018)《ཨ་མདོའི་ཁ་སྐད་ཚིག་མཛོད། བོད་རྒྱ་དབྱིན་གསུམ་ཤན་སྦྱར》(ཀེན་ཞན་ཙུང་དང་ལི་ཅུན་ཡིང་། ལྷུན་འགྲུབ་རྡོ་རྗེ་བཅས་ཀྱིས་རྩོམ་སྒྲིག་བྱས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018)《ས་ཁམས་རིག་པའི་རྨང་གཞིའི་ཐ་སྙད་གསར་བསྒྲིགས》(བསྐལ་བཟང་འབུམ་གྱིས་གཙོ་སྒྲིག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018)《རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། དམངས་དོན་གཏུག་བཤེར་སྐོར》(མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྒྲིགས། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། 2019)《རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་སྐོར》(མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྒྲིགས། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།2019)《རྒྱ་བོད་སྐད་གཉིས་གཏུག་བཤེར་བཅའ་ཁྲིམས་ཚིག་མཛོད། སྲིད་འཛིན་གཏུག་བཤེར་བཅའ་ཁྲིམས་སྐོར》(མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བསྒྲིགས། མི་དམངས་ཁྲིམས་ཁང་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་།2019)《རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད》(བོད་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་བཀས་བཅད་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་ལས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2019)

1.ལོ་རབས་རེ་རེ་བྱས་ནས་བལྟས་ན།
        གོང་གསལ་ལྟར་ན། ལོ་རབས་ལྔ་བཅུ་པའི་ནང་ཚིག་མཛོད་སྣ་ཁ5དང་། ལོ་རབས་དྲུག་ཅུ་པར0དང་། ལོ་རབས་བདུན་ཅུ་པར་2། ལོ་རབས་བརྒྱད་ཅུ་པར15། ལོ་རབས་དགུ་བཅུ་པར18། ཉིས་སྟོང་ལོ་ནས་ཉིས་སྟོང་དགུ་བར་ལ14། ཉིས་སྟོང་བཅུ་ནས་ཉིས་སྟོང་བཅུ་དགུ་བར29བཅས་ཁྱོན་སྣ་ཁ83དཔེ་སྐྲུན་བྱས་ཡོད།
        དེ་ལས་གསལ་བ་ནི་ལོ་རབས་དྲུག་ཅུ་པར་དཔེ་སྐྲུན་མ་བྱ་ཐུབ་པ་ལས་གཞན། ལོ་རབས་ལྔ་བཅུ་པ་དང་བདུན་ཅུ་པ། བརྒྱད་ཅུ་པ། དགུ་བཅུ་པ། ཉིས་སྟོང་ནས་ཉིས་སྟོང་དགུ། ཉིས་སྟོང་བཅུ་ལོ་ནས་བཅུ་དགུ་བཅས་གང་དུའང་དཔེ་སྐྲུན་ཐུབ་ཡོད་ལ། གྲངས་ཀ་དང་སྣ་ཁ་ཇེ་མང་ལ་སོང་ཡོད་པ་དང་། ལྷག་པར་དུ་ལོ་རབས་བརྒྱད་ཅུ་པ་ནས་བཟུང་གྲངས་འཕར་ནས་ལོ་རེ་ལ་ཤན་སྦྱར་ཚིག་མཛོད་བཅུ་ཡན་ཐོན་ཡོད་པ་དང་། 2010ལོ་ནས2019ལོའི་བར་ལ་གྲངས་ཚད་འཕར་ནས་དེབ་སྣ་སུམ་ཅུ་ཙམ་དཔེ་སྐྲུན་ཐུབ་ཡོད། ཚིག་མཛོད་དེ་དག་གི་ཁྲོད་ནས1954ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་ནས་སྐྲུན་པའི《ཐ་སྙད་གསར་བསྒྲིགས། དེབ་དང་པོ》ནི་བཅིང་འགྲོལ་རྗེས་སུ་བསྒྲིགས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཐོག་མ་ཡིན་ལ།བསྡུས་པའི་ཐ་སྙད་རྣམས་ནི་སྐབས་དེའི་དགོས་མཁོར་གཞིགས་ནས་ས་གནས་སོ་སོའི་གསར་སྐྲུན་དཔེ་ཆ་ལས་བསྡུས་པའི་མིང་གསར་ཡིན་འདུག

2.ཤན་སྦྱར་གྱི་ཡིག་རིགས་མི་འདྲ་བའི་སྒོ་ནས་བལྟས་ན།
        ཤན་སྦྱར་གྱི་སྐད་རིགས་མི་འདྲ་བའི་ཆ་ནས་བལྟས་ན། རྒྱ་བོད་ཤན་སྦྱར་དང་བོད་རྒྱ་ཤན་སྦྱར། སྐད་གསུམ་ཤན་སྦྱར་བཅས་ཀྱིས་གྲངས་ཚད་ངེས་ཅན་ཟིན་འདུག བརྒྱ་ཆའི་བསྡུར་ཚད་ཀྱི་སྒོ་ནས་བལྟས་ན་རྒྱ་བོད་ཤན་སྦྱར་ཀྱིས43%ཟིན་ཡོད་པ་དང་། བོད་རྒྱ་ཤན་སྦྱར་གྱིས24%། སྐད་གསུམ་ཤན་སྦྱར་གྱིས23%། སཾ་བོད་ཤན་སྦྱར་གྱིས4%། གཞན་དག་གིས6%བཅས་ཟིན་ཡོད། (འདིར་བཀོད་སྐད་གསུམ་ཚང་མ་རྒྱ་ཡིག བོད་ཡིག དབྱིན་ཡིག སཾསྐྲྀཏའི་སྐད་བཅས་སྐད་གསུམ་ཤན་སྦྱར་གྱིས་བརྩམས་པ་ཡིན་ནོ། །)དེ་ཡང་རྒྱ་བོད་མི་རིགས་གཉིས་བར་རིག་གནས་འབྲེལ་འདྲིས་ཀྱི་ཡུན་རིང་བས། རྒྱ་བོད་དང་བོད་རྒྱ་ཤན་སྦྱར་གཙོ་ཆེ་བ་ཡིན་ལ། དམ་པའི་ཆོས་དར་ཞིང་འཕེལ་བའི་ལོ་རྒྱུས་ཡུན་རིང་ལ། རྒྱ་གར་རིག་གནས་ཀྱི་ཤན་ཞུགས་ཚད་མཐོ་བ།《སྒྲ་སྦྱོར་བམ་པོ་གཉིས་པ》དང《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》ལྟ་བུའི་རྨང་གཞི་ཡོད་པས་སཾ་བོད་ཤན་སྦྱར་གྱིས་ཀྱང་གྲངས་ངེས་ཅན་ཟིན་ཡོད་ལ། རིག་གནས་འཛམ་གླིང་ཅན་དང་རྒྱལ་སྤྱིའི་བོད་རིག་པ་དར་བས་བོད་རྒྱ་དབྱིན་གསུམ་དང་། རྒྱ་བོད་དབྱིན་གསུམ་སོགས་སྐད་གསུམ་ཤན་སྦྱར་ཡང་མི་ཉུང་བ་ཞིག་ཐོན་ཡོད། དེ་མིན་ད་དུང་སྐད་བཞི་ཤན་སྦྱར《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་སྐད་བཞི་ཤན་སྦྱར་མ》དང《སཾ་བོད་རྒྱ་སོག་བཞི་ཤན་སྦྱར་གྱི་ཚིག་མཛོད》ལྟ་བུ་དང་སྐད་ལྔ་ཤན་སྦྱར《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང》ལྟ་བུ་ཡང་ཡོད། ལྷག་པར་རྗེས་མ་དེ་ནི་རང་རྒྱལ་གྱི་མི་རིགས་ལྔའི་སྐད་རིགས་འདུས་པའི་ཚིག་མཛོད་ཅིག་ཡིན་པས། སྐད་རིགས་སོགས་གང་གིས་ཐད་ནས་བཤད་ནའང་ཤན་སྦྱར་ཚིག་མཛོད་ཆེ་གྲས་ཤིག་ཡིན།

3.ཚིག་མཛོད་ཀྱི་ནང་དོན་མི་འདྲ་བའི་སྒོ་ནས་བལྟས་ན།
        ཚིག་མཛོད་ཀྱི་ནང་དོན་ལྟར་ན། ཕྱོགས་བསྡུས་རང་བཞིན་གྱི་ཚིག་མཛོད་གཙོ་བོ་ཡིན་ལ། ཆོས་གཞུང་གི་ཚིག་མཛོད། ས་རྒྱུས་རླུང་ཁམས། རྩིས་དངོས་རྫས་གསུམ། བཅའ་ཁྲིམས། ཡུལ་ལུང་གི་ཁ་སྐད། རྩིས་འཁོར། གསོ་བ་རིག་པ་སོགས་ཀྱིས་གྲངས་ངེས་ཅན་ཟིན་ཡོད་པ་དང་། གཏམ་དཔེ་དང་སྐར་རྩིས། མི་གྲངས། ཏང་སྲིད། ལུས་རྩལ་ལ་སོགས་ཀྱང་ཁ་སྐོང་གི་ཚུལ་དུ་རེ་གཉིས་བཏོན་ཡོད། བརྒྱ་ཆའི་བསྡུར་ཚད་ཀྱི་སྒོ་ནས་བལྟས་ན་ཕྱོགས་བསྡུས་ཀྱིས40%དང་། ཆོས་ལུགས7%། རྩིས་དངོས་རྫས་གསུམ9%། བཅའ་ཁྲིམས7%། ས་ཁམས་རླུང་ཁམས7%། ཡུལ་སྐད6%། རྩིས་འཁོར4%། གསོ་རིག3%། གཞན་དག17%བཅས་ཟིན་ཡོད།
        དེ་ཡིས་རིག་གནས་སྣ་མང་ཅན་དང་ཆེད་ལས་སྣ་མང་ཅན་དུ་འགྱུར་བཞིན་པ་ཟུར་ཙམ་མཚོན་ཐུབ་པ་དང་། སློབ་གྲྭ་ཆེ་ཆུང་ཁག་གི་སྐད་གཉིས་སློབ་གསོའི་བྱ་བ་ཡང་ཟུར་ནས་མཚོན་ཐུབ་སྟེ། དཔེར་ན་བཅའ་ཁྲིམས་དང་། རྩིས་དངོས་རྫས་གསུམ། རྩིས་འཁོར་བཅས་གྱི་ཚིག་མཛོད་ཕལ་ཆེ་བ་ད་ཡོད་སློབ་གྲྭ་ཆེན་མོ་ཁག་གི་སྐད་གཉིས་སློབ་གསོའི་འབྲས་བུར་མངོན།

4.རྩོམ་པ་པོའི་ངོས་ནས་བལྟས་ན།
        ཤན་སྦྱར་ཚིག་མཛོད་མང་ཆེ་བ་མཉམ་སྒྲུབ་རྩོམ་སྒྲིག་བྱས་པ་དང་། རྩོམ་སྒྲིག་ཚོ་ཆུང་གི་ནང་དུ་རྒྱ་བོད་མི་རིགས་གཉིས་ཀའི་མཁས་པ་ཡོད་ལ། སྒེར་གྱིས་བརྩམས་པ་དེ་ཚོ་ཡང་བོད་རིགས་རང་གི་མཁས་པ་རྐྱང་རྐྱང་མ་ཡིན་པར་སོག་པོ་དང་རྒྱ་སོགས་མི་རིགས་ཁག་ཐུན་མོང་གིས་འབད་པ་བྱས་པའི་གྲུབ་འབྲས་ཡིན་འདུག དེ་ནི་ཤན་སྦྱར་ཚིག་མཛོད་ཀྱི་ཁྱད་ཆོས་ཤིག་སྟེ། དུས་རབས་བརྒྱད་པ་ནས་དགུ་པའི་བར་སྐབས་ལ། དམ་པའི་ཆོས་བསྒྱུར་བའི་སྐབས་སུའང་གཅིག་ནས་རང་རིགས་ཀྱི་མཁས་པ་རྣམས་ཕྱི་རྒྱལ་ལ་ཆོས་སློབ་པར་སོང་བ་རྣམས་སྐད་རིགས་དུ་མར་མཁས་པ་དང་། དེར་མ་ཟད་གཏན་ལ་ཕབ་དུས་སུ་རྒྱ་གར་གྱི་པཎྜི་ཏ་གཅིག་གམ་གཉིས་ཡན་དང་། བོད་ཀྱི་ལོ་ཙཱ་བ་གཅིག་གམ་གཉིས་ཡན་གྱིས་ཐུན་མོང་ཐོག་བསྒྱུར་ནས་ཞུས་ཅིང་གཏན་ལ་ཕབ་པ་ཤ་སྟག་ཡིན་པ་ནི་ཆོས་ཚན་སོ་སོའི་འགྱུར་བྱང་ལས་རྟོགས་ཐུབ་པ་དེ་བཞིན། 1949ལོའི་རྗེས་སུ་དཔེ་སྐྲུན་བྱས་པའི་ཤན་སྦྱར་ཚིག་མཛོད་ཕལ་ཆེ་བ་ལའང་དེའི་ཁྱད་ཆོས་ལྡན་ཏེ། དཔེར་ན《བོད་རྒྱ་ཚིག་མཛོད་ཆེན་མོ》ནི་རྒྱའི་བློ་མཐུན་ཀྲང་དབྱི་སུན་ལགས་ཀྱིས་གཙོ་འགན་བཞེས་ནས་རྩོམ་སྒྲིག་བྱས་པ། དེ་བཞིན《བཀའ་འགྱུར་དཀར་ཆག་བོད་རྒྱ་ཤན་སྦྱར》ནི་ཧུང་ཤན་མིང་གིས་སྒྲིག་སྒྱུར་བྱས་པ་ལྟ་བུ། ལྷག་པར《བོད་རྒྱ་ཚིག་མཛོད་ཆེན་མོ》ནི་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་གྲངས་ཉུང་གི་རིག་གནས་འཕེལ་རྒྱས་དང་། མི་རིགས་ཁག་གི་རིག་གནས་སྤེལ་རེས་བྱེད་རྒྱུར་དམིགས་པའི་ལས་གཞི་གལ་ཆེན་ཡིན། རྒྱལ་ཁབ་གཞུང་ནས་རོགས་སྐྱོར་དང་ལྗོངས་ཞིང་ལྔའི་མི་རིགས་དཔེ་སྐྲུན་ཁང་། མི་རིགས་སློབ་ཆེན་ཁག སི་ཁྲོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཁག ལྗོངས་ཞིང་ལྔའི་མཁས་པའི་སྡེ་བཅས་ནས་འབད་པ་ལྷུར་ལེན་བྱས་ནས་གྲུབ་པ་ཞིག་ཡིན་ལ། ཕྱོགས་བསྡུས་དང་སྣ་འཛོམས། བསྡུ་ལེན་བྱས་པའི་ཐ་སྙད་ཀྱི་གྲངས་མང་བ་ཞིག་ཡིན་ཐོག གོང་གསལ་ཚིག་མཛོད་སྐོར་ཞིག་འདི་ལས་བྱུང་བ་རྩོམ་པ་པོ་ལ་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་ཚོ་ཆུང་ཞེས་བྲིས་ཡོད་པ་ལས་ཤེས་ཐུབ་ལ། ཚིག་མཛོད་འདིར1987ལོར་ཝུའུ་ཡུས་ཀྲང་བྱ་དགའི་ནང་གསེས་སྐད་ཡིག་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། 1999ལོར་སྐབས་བཞི་པའི་རྒྱལ་ཁབ་དཔེ་དེབ་བྱ་དགའི་མིང་འདོན་བྱ་དགའ་ཐོབ།

མཇུག་བསྡུ་བ།
        ཤན་སྦྱར་ཚིག་མཛོད་བྱུང་འཕེལ་གྱི་གོ་རིམ་ཁྲོད། བཀས་བཅད་པ་དང་དཔེ་སྐྲུན་བྱས་པ་དེས་ལོ་ཙཱ་བ་རྣམས་ལ་གཞི་འཛིན་ས་དང་ཁུངས་གཏུགས་ས་ཡོད་པར་བྱས་ཏེ།བསྒྱུར་བའི་སྤུས་ཚད་དང་གྲངས་ཚད་ཇེ་མཐོ་དང་ཇེ་མང་དུ་འགྲོ་བར་བགྲོད་ལམ་གསར་པ་ཞིག་ཕྱེ་བ་དང་། ཡི་གེ་བསྒྱུར་བའི་བྱ་བར་སྐུལ་འདེད་ཆེན་པོ་བྱས་ལ། སྐད་ཡིག་གཅིག་མཐུན་ཡོང་བར་ཡང་ཕན་ཆེན་པོ་ཐོགས་ཡོད། བོད་ཀྱི་ཤན་སྦྱར་ཚིག་མཛོད་ཐོག་མ《སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ》འམ1949ལོའི་རྗེས་ཀྱི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཐོག་མ《ཐ་སྙད་གསར་བསྒྲིགས། དེབ་དང་པོ》 དེ་བཞིན་ཕྱོགས་བསྡུས་དང་སྣ་འཛོམས་རང་བཞིན་གྱི《སྐད་ལྔ་ཤན་སྦྱར་གྱི་མཉྫུའི་སྐད་གསལ་བའི་མེ་ལོང》དང《བོད་རྒྱ་ཚིག་མཛོད་ཆེན་མོ》གང་འདྲ་ནའང་དེ་ལས་མ་འདས་ཏེ། དུས་སྐབས་དེ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་རིག་གནས་གྲ་རྒྱས་ཕུན་ཚོགས་སུ་འགྱུར་བའི་ཐད་ནུས་པ་མི་དམན་པ་བཏོན་ཡོད་པ་དང་། དེང་དང་ཕྱི་ཆའི་ཚིག་མཛོད་སྒྲིག་རྩོམ་བྱེད་པ་སོགས་གང་ཅིའི་ཐད་ལ་བསུབ་ཏུ་མེད་པའི་ལག་རྗེས་བཞག་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1