སྨུག་པ་ཡུན་གྱིས་དྭངས་སྲིད་དམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05


སང་ཐ་ན་ནག་པོ་ཞིག་འབའ་འབུར་མི་སྙོམས་པའི་བྱེ་ལམ་སྟེང་གཡག་རྒན་ནད་པ་ཞིག་དང་འདྲ་བར་གོག་ནས་འགྲོ།

ཁ་ལོ་པས་རླངས་འཁོར་གྱི་སྒེའུ་ཁུང་ལས་མདུན་དུ་ལྟ་དུས། སྟོན་མཇུག་གི་རྩྭ་ཐང་སྨུག་ཀློང་ཁྲོད་རེས་གསལ་རེས་མོག་གིས་གཡོ་ཞིང་འཁྱོམ།

ཁོས་ལག་པ་ཡ་གཅིག་དཀྱོག་འཁོར་སྟེང་འཐམ་ཞིང་། ལག་པ་ཡ་གཅིག་གིས་བྲང་ཁུག་གློངས་ནས་མེ་ཆ་འཚོལ་བར་བྲེལ། ཁོས་ཇི་ལྟར་གློངས་ཀྱང་མེ་ཆ་གཏན་ནས་མ་རྙེད་པས་འཚུབ་ཆ་ཞིག་བར་མེད་དུ་ལངས་འོངས། དེ་དུས་ལོགས་སུ་སྡོད་མཁན་དེས་གཉིད་ལྕོག་རྒྱག་ཅིང་མཆིས་པས། ཁོས་དེའི་མགོར་ཐལ་ལྕག་གིས་རྡེབ་ཙམ་བྱས་པ་ན་ཕ་རོལ་པོ་འདྲོགས་ལངས་པ་བཞིན་མགོ་བོ་གཡུག་ཐུབ་ཐུབ་བྱེད་ལ། ཁ་ནས་ཅི་ཟེར་མི་གོ་བའི་གཏམ་ལྡབ་ལྡིབ་ཅིག་ལབ་པར་བྱེད།

“ཅི་ཅི་ཅི……ཅི་རེད།”ཁོས་ཅི་ཡིན་འདི་ཡིན་མ་ཤེས་པར་ཁ་ལོ་པར་འོག་མིག་གིས་ལྟ་བཞིན་འདུག

“སྤྱང་ཀི་ཐོན་ཐལ།”ཁ་ལོ་པས་ཁ་ནས་ཡོང་སྟངས་སུ་དེ་ལྟར་བཤད།

ལོགས་སུ་སྡོད་མཁན་གྱིས་མིག་ཟུང་ཕུར་ཕུར་ལན་འགའ་བྱས་པ་ན་གཞི་ནས་སད་བྱུང་།

“ད་སྐབས་སྤྱང་ཀི་ཞིག་གང་དུ་ཡོད། ཁྱི་ལབ་མ་བརྒྱག”

ཁ་ལོ་པས་ཅི་ཡང་མི་སྨྲ་བར་ལག་པས་མེ་ཆ་སྦར་བའི་བཟོ་ལྟ་ཞིག་བསྟན་པ་ན། ལོགས་སུ་སྡོད་མཁན་གྱིས་འཐད་ལ་མི་འཐད་ངང་མེ་ཆ་བཏོན་ནས་ཁོའི་ཐ་མག་ལ་མེ་ཁ་བསྒོས་བྱུང་།

ཁ་ལོ་པའི་མིང་ལ་ཚེ་རིང་ཟེར་ལ། ལོགས་སུ་སྡོད་མཁན་གྱི་མིང་ལ་པད་མ་ཟེར།

རླངས་འཁོར་གྱི་སྨུག་སྒྲོན་བཀར་ཡོད་ཀྱང་། སྨུག་པས་མཐའ་དབུས་མེད་པར་བཏུམས་འོངས་པས། མིག་རྡོ་འཇུར་ནས་ལྷུང་ལ་ཁད་དུ་བལྟས་ཀྱང་། གོམ་པ་དོ་གསུམ་གྱི་མཚམས་བར་གསལ་ལ་མི་གསལ་བ་ཞིག་ལས་མི་མཐོང་།

ཚེ་རིང་དང་པད་མ་གཉིས་ཀྱིས་ཕྱི་རོལ་གྱི་སྨུག་པར་འགྲན་སློང་བ་བཞིན་ཐ་མག་གཅིག་འཕྲོར་གཅིག་བརྔུབས་པས། རླངས་འཁོར་ནང་དུ་ཡང་དུད་སྨུག་ལང་ལོང་དུ་འཐིབས་འདུག

ཚེ་རིང་གིས་དུ་སྣེ་སྒེའུ་ཁུང་ལས་ཕྱི་རུ་འཕངས་རྗེས། སྣ་མདོར་ལྷུང་བའི་མིག་ཤེལ་ཡར་འདེད་ཙམ་བྱས་ཤིང་། དེ་ནས་དམིགས་པ་རྩེ་གཅིག་གིས་མདུན་གྱི་ལམ་ངོས་སུ་ལྟ་བཞིན“ཁ་བརྡ་ཞིག་བྱོས་ད”ཟེར། ལོགས་ཀྱི་པད་མས་ཀྱང་གླད་སྒྱིང་བྱེད་ཞོར“ཅི་ཞིག་བཤད་དམ། ང་གཉིད་དུ་འཇུག་རོགས། ”ཟེར་ཞིང་། དེ་ནས་ཡང་བསྐྱར་གླད་སྒྱིང་ཞིག་བྱས་བྱུང་།

ཚེ་རིང་གིས་མུ་མཐུད་དུ“ཁ་སང་གི་བྱ་བ་དེར་འདང་རེ་བརྒྱབ་ན་ངོ་མ་དྲན་རྒྱུ་ཞིག་མེད་ཀི”ཟེར།

པད་མས་དངན་པ་ཞིག་འཐེན་རྗེས་ལན་ཅི་ཡང་མི་འདེབས་པར་ལོགས་ཀྱི་སྒེའུ་ཁུང་གི་ཤེལ་སྒོ་མར་ཕབ་ནས་ལུད་པ་ཞིག་འཕངས་བྱུང་མོད། སྟབས་མ་ལེགས་པ་ཞིག་ལ་ལུད་པ་ཕྱི་རོལ་གྱིས་རླུང་གིས་ཕྱིར་དེད་དེ་ཁོའི་གདོང་ལ་འབྱར་སོང་། ཁོས་ཁ་གཉེར་སྣ་གཉེར་བྱེད་ཀྱིན་གདོང་གི་ལུད་པ་འབྱིད་བཞིན་ཁ་ནས་ཨ་བ་ཨ་མ་ད་ཟེར། ཚེ་རིང་གིས་དེར་སྣང་འཇོག་ཆེར་མ་བྱུང་བ་འདྲ་སྟེ་ཅི་མི་སྙམ་པར་མིག་གཉིས་མདུན་གྱི་སྨུག་པའི་ཁྲོད་བགྲད་འདུག

རྒྱབ་མཐོང་མེ་ལོང་གི་སྐེ་ལ་དགུ་མདུད་ཚི་སྟིག་ཅིག་དང་མའོ་ཀྲུའུ་ཞིའི་སྐུ་པར་ཆུང་ཆུང་ཞིག་བརྒྱུས་ནས་བཏགས་འདུག་ཅིང་། རླངས་འཁོར་གཡོས་པ་དང་བསྟུན་ནས། དགུ་མདུད་དང་མའོ་ཀྲུའུ་ཞིའི་སྐུ་པར་གཉིས་ཀྱང་མིག་མདུན་ནས་ཕར་གཡུག་ཚུར་གཡུག་བྱེད།

ཚེ་རིང་གིས་ཅི་ཡང་མི་སྨྲ་བར་ཡུད་ཙམ་ལ་བསྡད་རྗེས་ཡང་བསྐྱར་གང་ཞིག་ནས་སད་པ་ལྟར“ངོ་མ་བྱ་བཙོག་གི་ཡ”ཟེར།

“ཁྱི་སྐྱག ཁྱི་སྐྱག་ཏག་ཏག་རེད།”པད་མས་དེ་ལྟར་ལན་བཏབ་འཕྲལ་ཁ་ནས་དངན་པ་རིང་པོ་ཞིག་འཐེན་ཞིང་། གདོང་གི་གཉིད་སྣང་མ་ལུས་སྐད་ཅིག་ཉིད་དུ་གང་ཞིག་ཏུ་ཞོགས་སོང་།

“ངའི་སེམས་ལ་དོན་དེ་ཁོ་ན་གཤགས་འདུག”

“ཤུ——”

“ངོ་མ་འཇིགས་ཀི།”

“འཇིགས་ནི་ཞིག་གི་ཚད་དམ།”

པད་མའི་སྐད་གདངས་ཁྲོད་ཞེ་སྡང་ཞིག་འཁྱིལ་འདུག

ཚེ་རིང་གིས་ཁ་ལ་ཐ་མག་རྐང་གཅིག་བཙུགས་ཏེ་ཤུགས་ཀྱིས་བརྔུབས་བྱུང་།

ཁོ་གཉིས་སྨྲ་བ་མེད་པར་ཡུན་རིང་ལུས།

ཕྱོགས་མཚམས་གང་ཞིག་ཡིན་པ་མ་ངེས་མོད། སྨུག་པ་སྟུག་པོའི་ཁོང་དུ་ནོར་གནག་གི་ངུར་སྒྲ་གསལ་ལ་མི་གསལ་བ་ཞིག་གྲགས་འོངས་ཤིང་། དེའི་འཕྲོར། སྐྱེས་པ་ཞིག་གིས་ཀི་སྒྲ་སྒྲོག་པའི་སྐད་ཀྱང་རྒྱང་རིང་ནས་ཉེ་བར་མཆེད་ཡོང་། དེ་ནི་དོང་ཞབས་ཤིག་ནས་རྐང་གླིང་བུས་པ་དང་འདྲ་བར་གཉོམ་ལ་བརྗིད་པ་ཞིག་རེད།

“སྨུག་པ་འདི་ནམ་ཞིག་ལ་དྭངས་སམ།” པད་མའི་གདོང་ལ་སུན་སྣང་ཞིག་གིས་ཁེངས་འདུག །ཁོས་སྒེའུ་ཁུང་གི་ཤེལ་སྒོ་མར་ཕབ་ཅིང་ལག་པ་ཡ་གཅིག་ཕྱི་རོལ་ཏུ་བསྲིངས་པ་ན། ཟམ་ཟིམ་དུ་འཇོ་བའི་ཆར་བ་ཁོའི་ལག་མཐིལ་དུ་ཟགས་ཡོང་། ཁོས་དེ་ལྟར་ལག་པ་ཆར་ནང་དུ་བསྲིངས་ནས་ཡུད་ཙམ་འགོར་རྗེས་ཕྱིར་བསྐུམས་ཤིང་། དེ་ནས་ལག་པ་སྐྲ་གསེང་དུ་བཙུགས་ཏེ་ལྟག་གར་ཐེངས་འགར་ཤད་བྱུང་བས། ཁོའི་དཀར་ནག་འདྲེས་མའི་སྐྲ་ལོ་རྩུབ་པོ་དེ་རློན་ཤིག་ཤིག་ཏུ་གྱུར།

“སྨུག་པ་འདིར་དྭངས་མཐའ་ཞིག་མེད་པ་ཅི་ཡིན་ནམ”ཚེ་རིང་གིས་དེ་ལྟར་ལབ་རྗེས། གཞས་འཁོར་གྱི་ཁ་ཕྱེས་ཏེ་ཕར་སྣོག་ཚུར་སྣོག་ཅིག་བྱས་མོད་ཟེར་སྡེར་ལ་སྐྱོན་ཞུགས་ཡོད་པ་འདྲ་སྟེ། བདུད་བྷེས་བླངས་པའི《 རྩྭ་ཐང་དྲན་གླུ》 ཞེས་པའི་རྡུང་ལེན་དེ་ཆད་མ་མཐུད་དུ་ཙ་ཙིར་གྱི་སྒྲ་མང་པོ་དང་ཆབས་ཅིག་གྲགས་ཡོང་།

པད་མས་འདུག་སྟེགས་གཞུག་མའི་སྟེང་ལག་པ་བསྲིངས་ནས་ཅ་ནིན་རྟགས་ཅན་གྱི་པར་ཆས་ནག་པོ་དེ་བླངས་ཤིང་། མདུན་ཕྱོགས་སུ་བསྐོར་ཏེ་བསྟུད་མུར་ཚག་སྒྲ་དང་བཅས་ལན་འགའ་མནན། ཁོས་པར་ཆས་མིག་མདུན་དུ་བླངས་ནས་ལྟ་དུས། འཆར་ཤེལ་ངོས་སུ་ནག་རོག་གེར་ཅི་ཡང་ཤར་མི་འདུག ཁོས་མུ་མཐུད་དུ་པར་ཆས་གཡས་ཀྱི་སྒེའུ་ཁུང་ངོར་གཏད་དེ་ཐེངས་འགར་མནན་རྗེས། འཆར་ཤེལ་ངོས་སུ་ལྟ་ཙམ་ཡང་མི་བྱེད་པར་འདུག་སྟེགས་གཞུག་མའི་སྟེང་དུ་གཡུག་སོང་།

ཕྱི་རོལ་གྱི་སྨུག་པ་སྟུག་པོས་གནམ་ས་གཉིས་གཞི་གཅིག་ཏུ་བསྲེས་ནས། ནམ་མཁའ་དང་ས་གཞིའི་དབྱེ་བ་ཡང་འབྱེད་དཀའ་ལ། རྒྱབ་མཐོང་མེ་ལོང་གི་སྐེ་རུ་དཔྱངས་ཡོད་པའི་དགུ་མདུད་དང་མའོ་ཀྲུའུ་ཞིའི་སྐུ་པར་གཉིས་བྲོ་འཆམ་པ་བཞིན། ཁོ་གཉིས་ཀྱི་མིག་ལམ་ནས་ཕར་འཁྱོམ་ཚུར་འཁྱོམ་བྱེད།

དེ་དུས། མདུན་ཕྱོགས་སུ་རླངས་འཁོར་ཞིག་གིས་ཏུའུ་སྒྲ་སྒྲོག་ཅིང་གློག་འོད་དམར་འཁྱུག་འཁྱུག་ཏུ་སྤྲོ་བཞིན་འོངས། རླངས་འཁོར་དེ་ཁོ་གཉིས་ཀྱི་མདུན་དུ་སླེབས་འཕྲལ་ཏུའུ་སྒྲ་སྔར་ལས་ཀྱང་རིང་པོ་ཞིག་བསྒྲགས་བྱུང་། དེ་ནི་ཟོང་སྐྱེལ་རླངས་འཁོར་ཨོང་སྒམ་ཅན་ཞིག་རེད། རླངས་འཁོར་གཉིས་ཀ་ཕན་ཚུན་གཟུར་ནས་འགྲོ་དུས། ཕ་རོལ་པོའི་རླངས་འཁོར་གྱི་ཨོང་སྒམ་དུ་མགོ་ལ་ཆུ་ཤོག་གཡོགས་པའི་བྱིས་པ་གཉིས་བསྡད་འདུག་ལ། དེ་གཉིས་ཀས་རྣམ་འགྱུར་སྣ་ཚོགས་སྟོན་ཞིང་ལག་པ་ཕར་གཡུག་ཚུར་གཡུག་བྱེད། ཚེ་རིང་གིས་སྒེའུ་ཁུང་ལས་ཕྱི་རོལ་ཏུ་སྐེ་བསྲིངས་པ་ན། བྱིས་པ་གཉིས་ཀར་ངར་ལངས་ཏེ་ལྷག་ཏུ་ཚད་ལས་བརྒལ་བའི་རྣམ་འགྱུར་ཅི་རིགས་སྟོན། ཡིན་ནའང་། ཏོག་ཙམ་གྱིས་ཟོང་སྐྱེལ་རླངས་འཁོར་དེ་སྨུག་པའི་ཁྲོད་འཐིམ་སོང་ལ། བྱིས་པ་གཉིས་ཀ་ཡང་རབ་རིབ་ནས་མག་མོག་ཏུ་མི་སྣང་བར་ཡལ་སོང་།

ཁོ་གཉིས་ཀྱིས་ཅི་ཡང་མི་སྨྲ་བར་གཅིག་གིས་ལག་ཟུང་དཀྱོག་འཁོར་ལ་འཐམ་ཞིང་། སྐེ་མདུན་དུ་བསྲིངས་ནས་ལམ་ངོས་སུ་མིག་གིས་ཕུར་ཚུགས་སུ་ལྟ་ལ། ཅིག་ཤོས་དེས་འདུག་སྟེགས་ཀྱི་རྒྱབ་བསྙེས་ལ་བསྙེས་ཡག་བྱས་ཏེ་འགྲམ་གྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་སྨུག་པ་སྟུག་པོར་གཡེང་འདུག

རིང་པོ་མ་འགོར་བར། མདུན་ཕྱོགས་སུ་མིའི་སྐད་སྒྲ་ཟ་ཟི་ཞིག་རྒྱུ་འོངས། ཚེ་རིང་གིས་རླངས་འཁོར་སྔར་ལས་ཀྱང་ཇེ་དལ་དུ་བཏང་ནས་མདུན་ཕྱོགས་སུ་ཅེར་འདུག །དེ་དུས་པད་མ་ཡང་མདུན་དུ་དགྱེ་ཙམ་བྱས་ནས་ལམ་ངོས་སུ་ལྟ་བཞིན་མཆི། རླངས་འཁོར་མདུན་ཕྱོགས་སུ་ཡུད་ཙམ་ཕྱིན་པ་ན། ལམ་འགྲམ་དུ་སྐྱེས་པ་ཞིག་དང་བུད་མེད་ཅིག་འགྲེངས་འདུག སྐྱེས་པ་དེས་ལག་འཁྱེར་ཁ་པར་རྣ་རྩར་གཏད་ནས་སྐད་ཆེན་པོས་ཅི་ཞིག་བཤད་ཀྱིན་འདུག་ལ། བུད་མེད་དེའི་གདོང་ཡོངས་མགོ་རས་གློ་སྐྱ་ཞིག་གིས་བཏུམས་ནས་མིག་མ་གཏོགས་ཅི་ཡང་མི་མཐོང་། ཁོ་གཉིས་ཉེ་བར་བཅར་བ་དང་བསྟུན་ནས་ལམ་འགྲམ་དུ་འདྲུད་འཁོར་རྐང་གསུམ་ཞིག་ཀན་རྐྱལ་དུ་ལོག་ཡོད་པ་མཐོང་བྱུང་། འདྲུད་འཁོར་རྐང་གསུམ་གྱི་འཁོར་ལོ་ཡ་གཅིག་ད་དུང་བར་སྣང་དུ་སྟོང་འཁོར་རྒྱག་གིན་འདུག་པར་བསམས་ན། འདྲུད་འཁོར་དེ་ཁ་ལོ་འཁོར་ནས་རིང་བོ་འགོར་མེད་པ་ཤེས། སྐྱེས་པ་ཞིག་གིས་མཚམས་མེད་པར་ཁ་པར་གཏོང་བཞིན་མཆི་ལ། དེའི་གམ་དུ་ལངས་སྡོད་པའི་བུད་མེད་དེས་ཀན་རྐྱལ་དུ་ལོག་པའི་འདྲུད་འཁོར་རྐང་གསུམ་ལ་བལྟས་ནས་ཧད་འདུག ལམ་འགྲམ་ཀུན་ཏུ་ལུག་བལ་མང་པོ་གང་སར་ཐོར་ཞིང་དཀར་ཆིལ་ཆིལ་དུ་མངོན། ཚེ་རིང་གིས་གཞས་འཁོར་གཏན་ཏེ་རླངས་འཁོར་འདུག་གྲབས་ཤིག་བྱས་མོད། ཕྱི་རོལ་གྱི་མི་དེ་གཉིས་ཀྱིས་ཚུར་ལྟ་ཙམ་ཡང་མི་བྱེད་པས། ཁོས་སྣུམ་སྒོ་ཡང་མོར་མནན་ཏེ་མདུན་དུ་ཕྱིན་སོང་།

རླངས་འཁོར་མདུན་ངོས་ཀྱི་ཤེལ་སྒོའི་སྟེང་དུ་ཆར་ཕྱིས་ཧྲོག་སྒྲ་དང་བཅས་ཕར་གཡོ་ཚུར་གཡོ་བྱེད།

ཁོ་གཉིས་རང་རང་ས་རུ་ཁ་རོག་གེར་འདང་རྒྱག་གི་ནང་དུ་ལྷུང་འདུག །

“རྒད་པོ་དེར་སྙིང་མ་རྗེ”ཚེ་རིང་གིས་དེ་ལྟར་ཁ་གྲགས་བྱུང་།

“རྒད་པོ་དེར་བུ་ཁྱི་སྐྱག་འདྲ་བ་གཉིས་འཁེལ་ཡོད་ཀི་ཡ”པད་མས་སྔོན་ནས་གྲ་སྒྲིག་བྱས་ཡོད་པ་ལྟར་འཕྲལ་དུ་དེ་ལྟར་ལན་བཏབ་བྱུང་།

“རྒད་པོ་ལས་ངན། འེ — ”

“རྒད་པོ་དེའི་བུ་ཆེ་བར་ད་དུང་ཆང་འཐུང་ནས་འདུག་པའི་སེམས་ཤིག་གང་དུ་ཡོད་དམ།”

“དེའི་ནུ་བོ་ད་དུང་སྨད་འཚོང་ཁང་ཞིག་ཏུ་ཉལ་འདུག་ཟེར་བ་མ་གོའམ།”

“རྒད་པོ་དེས་ཚེ་མཇུག་ཇི་ལྟར་བསྐྱལ་རྒྱུ།”

“ཤི་བོ་དེར་སྙིང་མ་རྗེ།”

“ཁྱོད་ཀྱིས་མ་རིག་གམ། ཟམ་པའི་སྒྲོམ་སྐྱོར་སྟེང་དུ་མཛུབ་མོའི་ཁྲག་ཤུལ་གསལ་བོར་བབས་འདུག”

“ངོ་མ་གདོན་འདྲེ་ཟེར་བ་རེད།”

“……”

པད་མས་འདུག་སྟེགས་གཞུག་མའི་སྟེང་གི་པར་ཆས་བླངས་ཏེ་མཛུབ་མོས་ལན་འགའ་མནན་པ་ན་ཁ་སང་བླངས་པའི་པར་རྣམས་རེ་རེ་བཞིན་མངོན་བྱུང་སྟེ། འཆར་ཤེལ་ངོས་སུ་ཐོག་མར་ཟམ་པའི་སྒྲོམ་སྐྱོར་ཞིག་ཤར་བྱུང་ལ། སྒྲོམ་སྐྱོར་སྟེང་དུ་ཁྲག་གིས་བརྫིས་པའི་མཛུབ་ཤུལ་རིང་བོ་ཞིག་གསལ་བོར་མངོན་བྱུང་། ཁོས་མུ་མཐུད་དུ་མཛུབ་སྣོན་ཞིག་བྱས་པ་ན། གཙང་བོ་རྙོག་ལྡིར་ཞིག་རྒྱང་རིང་གི་གནམ་སའི་འདྲེས་མཚམས་སུ་འཐེན་འདུག །དེར་མཐུད་ནས་གཙང་འགྲམ་གྱི་བྱེ་ཟགས་ནང་བེམ་པོ་ཞིག་ཁ་སྦུབས་སུ་འགྱེལ་བ་ཤར་འོངས། དེར་མཐུད་ནས་དཔྲལ་ངོས་སུ་རྨ་ཤུལ་བཏོད་པ་ཞིག་དང་། སྐྲ་ལོ་གཡག་རྔ་བཞིན་འཕྱིང་བའི་གསར་བུ་རིག་འདྲ་གཉིས་ཤར་འོངས། དེ་ནས་སོ་ཕག་གིས་བརྩིགས་པའི་ཁང་པ་ཤུར་མོ་ཞིག་གི་མདུན་དུ། རྒད་པོ་ཞིག་གཉའ་སྒོང་སྒོང་དུ་འགྲེངས་འདུག་པ་ཤར་འོངས་ཏེ། རྒད་པོའི་གདོང་དུ་ཁྲག་ཐིག་པ་ཙམ་ཡང་མེད་པ་དང་འདྲ་བར་སྐྱ་ཤུར་ཤུར་དུ་སྣང……

ཚེ་རིང་གིས་སྐེ་ཚུར་བསྲིངས་ནས་པར་ཆས་ཀྱི་འཆར་ཤེལ་ངོས་ཀྱི་རྒད་པོ་དེར་མིག་བཤེར་ཞིག་བྱས་རྗེས། སླར་ཡང་མིག་དབང་མདུན་གྱི་ལམ་ངོས་སུ་གཏད། ཁོས་ལག་པ་ཡ་གཅིག་གིས་བྲང་ཁུག་གློངས་ནས་ཐ་མག་རྐང་གཅིག་ལོགས་ཀྱི་པད་མར་བྱིན་པ་དང་། ཐ་མག་རྐང་གཅིག་རང་གི་ཁར་བཙུགས་པ་ན་པད་མས་བྲང་ཁུག་ལས་མེ་ཆ་བཏོན་ཏེ་ཐག་སེ་བསྒྲོན། ཁོ་གཉིས་ཀྱིས་ཐ་མག་སྔོ་ལིང་ངེར་འཐེན་བཞིན་རང་རང་ས་རུ་ཁུ་སིམ་མེར་བསྡད་བྱུང་།

པད་མས་པར་དེ་དག་ལ་ཡང་བསྐྱར་ལན་གཅིག་བལྟས་རྗེས་སེམས་པ་ལྷག་ཏུ་ཚ་བེར་བེར་དུ་གྱུར་ཅིང་། ཁ་སང་པར་དེ་དག་ལེན་སྐབས་ཡུལ་དངོས་ནས་མཐོང་བའི་རྣམ་པ་དག་ཡིད་ལ་འཕྲོ་རིམ་འཕྲོར་ཤར། མི་ངན་སྤུན་མཆེད་དེ་གཉིས་ཀྱིས་གསར་བུ་དེ་ཟམ་ཁ་ནས་མར་འཕེན་དུས། གསར་བུ་དེ་ཅི་འདྲས་འཕག་འཚག་ཅིག་བརྒྱབ་ཡོད་པ་སུས་ཤེས། ཟམ་པའི་སྒྲོམ་སྐྱོར་སྟེང་གི་མཛུབ་མོའི་ཁྲག་ཤུལ་རིང་མོ་དེ་དང་། བྱེ་ཟེགས་ནང་ཁ་སྦུབས་སུ་འགྱེལ་བའི་བེམ་པོ་དེ ……

“ཝེ། ཅི་ཞིག་ལ་འདང་རྒྱག་བཞིན་ཡོད།”ཚེ་རིང་གིས་དེ་ལྟར་ཟེར་ཞོར་གཡས་ལག་པད་མའི་མིག་ལམ་ནས་གཡུག་གཡུག་ལན་འགའ་བྱས།

པད་མ་ཁ་རོག་གེར་ཡུད་ཙམ་བསྡད་རྗེས། “སྨུག་པ་འདིར་སུན་པ་ལ་ཨང”ཟེར།

ཕྱི་རོལ་གྱི་སྨུག་པ་སྔར་དང་བསྡུར་ན་ཅུང་ཟད་དྭངས་བཞིན་པ་འདྲ། མིག་གི་མཐོང་ཚད་ཀྱང་མངོན་གསལ་གྱིས་ཐག་ཇེ་རིང་དུ་སོང་འདུག

རླངས་འཁོར་ལམ་འགྲམ་དུ་དལ་གྱིས་བསྡད་བྱུང་། སྔོན་ལ་ཚེ་རིང་རླངས་འཁོར་ལས་བབས་ཤིང་། ལྕགས་དྲའི་གསེབ་ནས་རྩྭ་རའི་ནང་གཅིན་པ་ཤག་ཤག་ཏུ་གཏོང་མགོ་བརྩམས། དེ་དུས། པད་མས་ཀྱང་ལྡོག་ཕྱོགས་ཀྱི་ལམ་ངོགས་སུ་ཕར་འཁོར་ནས་གཅིན་པ་གཏོང་བཞིན་འདུག །ཚེ་རིང་གིས་གཅིན་པ་བཏང་ཚར་རྗེས་ལག་པ་གཉིས་ཀ་རང་རང་སར་བརྐྱངས་ནས་བྱ་རྨྱང་ཡིད་ཚིམ་པ་ཞིག་བྱས་ཤིང་། ཕྱིར་རླངས་འཁོར་དུ་ལོག་རྗེས་མིག་ཤེལ་སྟེང་གར་གོར་དུ་བབས་པའི་ཆར་ཐིགས་དག་གཙང་མར་ཕྱིས།

ཁོ་གཉིས་མུ་མཐུད་དུ་ལམ་ལ་ཆས། འཕྲུལ་རྟ་དམར་ལྡང་ཞིག་རྒྱབ་ལོགས་ཀྱི་སྨུག་པའི་ཀློང་ནས་གློ་བུར་དུ་ལྡིང་ཡོང་སྟེ། ཚམ་ཚོམ་མེད་པར་མདུན་ཕྱོགས་སུ་ལྡིར་སྒྲ་དང་བཅས་ཤོར་སོང་། ཚེ་རིང་གིས་འཕྲུལ་རྟ་གློ་བུར་ལྡིང་ཡོང་བ་དེར་མཉམ་མ་བཞག་པ་འདྲ། དཀྱོགས་འཁོར་རྟབ་རྟབ་པོར་ཕར་དཀྱོགས་ཙམ་བྱས་པ་དེས་ཅུང་ཟད་མིན་ན་ཁོ་གཉིས་ཀྱི་རླངས་འཁོར་ལམ་འགྲམ་དུ་ལྷུང་སོང་། ཁོས་ཁ་ནས“ཨང་ཨང”ཞེས་ཤོར་བ་དང་ལྷན་དུ་པད་མས་ཀྱང“ཝེ་ཝེ་ཨ་རོག་ཨ་རོག”ཅེས་ཤོར་སོང་།

ཚེ་རིང་གིས“གླེན་པ་ཁ་ནག་ཀན”ཟེར་ཞོར་རླངས་འཁོར་ལམ་འགྲམ་དུ་ཏན་སེ་བསྡད་བྱུང་མོད། འཕྲུལ་རྟས་སྒྲ་གསལ་ལ་མི་གསལ་བ་ཞིག་ཁོ་གཉིས་ཀྱི་རྣ་ལམ་དུ་བསྐྱུར་རྗེས་ཤུལ་ཙམ་ཡང་མི་སྣང་བར་གྱུར།

རླངས་འཁོར་མུ་མཐུད་དུ་ལམ་ལ་ཆས། མདུན་ཕྱོགས་ཀྱི་ལམ་དེ་སྨུག་པ་རབ་རིབ་ཁྲོད་ཟུག་འདུག །

པད་མས་གློ་བུར་དུ་ཅི་ཞིག་དྲན་པ་བཞིན། འདུག་སྟེགས་གཞུག་མའི་སྟེང་དུ་ལག་པ་བསྲིངས་ནས་རྒྱབ་ཁུག་ནག་པོ་དེ་ལས་འབྲི་དེབ་ཅིག་དང་སྨྱུ་གུ་ཞིག་བླངས་བྱུང་། འབྲི་དེབ་དེའི་རྒྱབ་ཤུན་སྟེང་དུ“བཅར་འདྲི་ཟིན་དེབ”ཅེས་ཡིག་འབྲུ་སེར་པོ་བཞི་འོད་ལམ་ལམ་བྱེད། ཁོས་འབྲི་དེབ་ཀྱི་ཁ་ཕྱེས་པ་ན་ཤོག་ངོས་ཡོངས་སུ་དབུ་མེད་ཀྱི་ལམ་ནས་ཡི་གེ་ཁྱར་ཁྱོར་མང་པོ་བྲིས་འདུག །ཁོས་སྨྱུ་གུ་ཤོག་ངོས་ཀྱི་འདབས་སུ་སྟོང་ཆ་ཞིག་ཡོད་པ་དེར་བཙུགས་ནས་ཅི་ཞིག་འབྲི་བར་བརྩམས་མོད། ཏག་ཏག་སྐབས་དེར་རླངས་འཁོར་རྐོ་དོང་ཞིག་ཏུ་ལྷུང་སྟེ་ཤུགས་ཀྱིས་གཡོས་པས། ཟིན་དེབ་སྟེང་དུ་ནག་ཐིགས་རིང་བོ་ཞིག་ལས་ཅི་ཡང་འབྲི་མ་ཐུབ།

སྨུག་པ་ཅུང་ཟད་དྭངས་པ་དང་བསྟུན་ནས་རླངས་འཁོར་ཡང་ཇེ་མགྱོགས་སུ་ཕྱིན། པད་མས་གཞས་འཁོར་གྱི་ཁ་ཕྱེས་ཏེ་ཟེར་སྡེར་གཞན་ཞིག་བཞག་པ་ན། སྒྲ་སྒམ་ལས་ཨ་ནུ་ཚན་སྡེབ་ཀྱི《འཕུར》ཞེས་པའི་གཞས་དེ་ཤུགས་ཀྱིས་གྲགས་འོངས།

འཕུར།

འཕུར་ཡ།

མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།

མ་འཕུར་ན་རེ་བ་བརླག་རྒྱུ་རེད།

མ་འཕུར་ན་མི་ཚེ་ཚར་རྒྱུ་རེད།

མ་འཕུར་ན་རེ་བ་བརླག་རྒྱུ་རེད།

……

སྨུག་པ་ནི་སུ་ཞིག་གིས་བཤུས་པ་ལྟར་ཡོངས་སུ་དྭངས་སོང་།

མདུན་ཕྱོགས་ཀྱི་བྱེ་ལམ་ཀྱག་ཀྱོག་དེ་བལྟས་བལྟས་ལ་མཚན་སྨག་གིས་བཏུམ་འོངས། རླངས་འཁོར་ཕར་གཡོ་ཚུར་གཡོ་བྱས་པ་དང་བསྟུན་ནས། ལམ་ངོགས་སུ་འཕྲོས་པའི་གློག་འོད་ཀྱང་ཡར་ལྡིང་མར་ལྡིང་བྱེད་ལ། མིག་མདུན་དུ་བསྣར་བའི་དགུ་མདུད་དང་མའོ་ཀྲུའུ་ཞིའི་སྐུ་པར་གཉིས་ཀྱང་མཚམས་མེད་པར་ཕར་ཅམ་ཚུར་ཅམ་བྱེད། པད་མས་ལག་པ་ཕར་བསྲིངས་ཏེ་དགུ་མདུད་དང་མའོ་ཀྲུའུ་ཞིའི་སྐུ་པར་ལ་སྤར་སྙོབ་ཅིག་བྱས་སོང་།

དེ་དུས། རྒྱང་རིང་གི་གཏན་ཁེལ་མི་ཐུབ་པའི་ཡུལ་གང་ཞིག་ཏུ། ཁྱིའི་ཟུག་སྐད་ཐར་ཐོར་ཞིག་རྣ་ལམ་དུ་རྒྱུ་འོངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1