བོད་ཡིག་སློབ་ཁྲིད་ཁྲོད་ཀྱི་གཏམ་དཔེ་བཀོལ་སྤྱོད་དང་དེའི་ཕན་འབྲས་རགས་ཙམ་གླེང་བ།

བན་དེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05


གཅིག སློབ་མའི་སྨྲ་བརྗོད་ཀྱི་ནུས་པ་མཐོར་འདེགས་དང་སྐད་ཚོར་བསྐྱེད་བསྲིང་ལ་ཕན།

སློབ་མའི་བོད་སྐད་སྨྲ་བརྗོད་ཀྱི་ནུས་པ་བསྐྱེད་བསྲིང་བྱ་རྒྱུ་ནི་བོད་ཡིག་སྦྱོང་བའི་དམིགས་ཡུལ་ཤིག་རེད། སྐད་ཆའི་སྨྲ་བརྗོད་ཀྱི་ནུས་པ་མཐོར་འདེགས་གཏོང་བ་ལ་ཐ་སྙད་འབོར་ཆེན་ཁོང་དུ་ཆུད་དགོས་པ་མ་ཟད། ཚིག་གི་གནད་འགག་མང་པོ་ངེས་རྟོགས་མ་བྱས་ན། སློབ་མའི་བརྗོད་ནུས་མཐོར་འདེགས་བྱེད་དཀའ། དེའི་སྟབས་ཀྱིས་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱིས་སློབ་ཚན་སློབ་ཁྲིད་ལ་བརྟེན་ནས་སློབ་མའི་བརྗོད་ནུས་མཐོར་འདེགས་གཏོང་བ་ལས་གཞན། གཏམ་དཔེ་སྦྱངས་ཤིང་བསགས་པ་དང་། བདེ་སྤྱོད་བྱས་ན་སློབ་མའི་བརྗོད་ནུས་མཐོར་འདེགས་གཏོང་ཐུབ་སྟེ། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་ངལ་རྩོལ་མི་དམངས་ཀྱིས་རང་བྱུང་ཁམས་ལ་འཐབ་རྩོད་དང་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དངོས་པོ་དང་བྱ་བ་ལ་ཉམས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་བྱས་པའི་བསྡོམས་ཚིག་ཡིན་ལ། བོད་རིགས་ངལ་རྩོལ་མི་དམངས་ཀྱིས་ཡུན་རིང་གི་ངལ་རྩོལ་དང་སྤྱི་ཚོགས་འཚོ་བའི་ཉམས་མྱོང་དག་ཕྱོགས་བསྡོམས་བྱས་ཏེ་ཕྱི་རབས་རྣམས་ལ་བླང་དོར་འདོམས་པའམ་བྱ་བ་དང་དངོས་བོ་གང་རུང་གི་ངོ་བོ་དང་ཆོས་ཉིད་གསལ་པོར་སྟོན་པ་ཞིག་རེད། གཏམ་དཔེའི་རྗོད་ཚིག་ནི་བོད་མི་དམངས་ཀྱི་ངག་ནས་ངག་ཏུ་བརྒྱུད་ཅིང་ཞུན་བརྡར་བཅད་པའི་སྐད་ཆ་དང་། བོད་སྐད་བརྡ་སྤྲོད་ཀྱི་ཟུར་དང་གྲུ་མ་ཆག་པའི་ཁྱད་ཆོས་ཅན་གྱི་རྗོད་ཚིག་ཡིན་པས། གཏམ་དཔེ་སྦྱངས་པས་སློབ་མའི་བོད་སྐད་སྨྲ་བརྗོད་ཀྱི་ནུས་པ་མངོན་སུམ་དུ་མཐོར་འདེགས་གཏོང་ནུས། དཔེར་ན། གངས་རི་མཐོ་འདོད་ཆེ་ལེ་དེ། ཁྲི་གདུགས་ཉི་མ་བརྙས་འདོད་རེད། ཉི་འོད་ཟེར་མདངས་རྒྱས་ཉིན་མོར། གངས་རི་དོག་མོ་ས་ལ་འཐིམ། ཕོ་རྒོད་པོ་གཉའ་ལག་གུག་བྱེད་དེ། སྡུག་མུ་གེ་ཨ་ཚ་སྐེ་རིང་ཡིན། དྲན་རྒྱུ་མང་ན་ཡོང་རྒྱུ་མང་། ཉན་མཁན་མེད་ན་བཤད་མཁན་ཁྱི་དང་འདྲ་ཞེས་པ་སོགས་ཀྱི་གཏམ་དཔེ་དག་གིས་སློབ་མ་རྣམས་གསོན་ཉམས་ལྡན་པའི་སྐད་ཆའི་ནང་དུ་དྲངས་ནས་ཁོ་ཚོའི་སྨྲ་བརྗོད་ཀྱི་ནུས་པ་དང་བོད་རྩོམ་གྱི་གོ་བ་ལོན་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཐུབ། སྤྱིར་བཏང་དུ་གྱེར་ཀློག་དང་བློ་འཛིན་ནི་སྐད་ཚོར་བསྐྱེད་བསྲིང་གི་གལ་ཆེའི་བྱེད་ཐབས་ཡིན་ལ། ཉན་བཤད་ཀྱི་ནུས་པ་གོང་མཐོར་གཏོང་བའི་སྔོན་འགྲོའང་ཡིན་པས། གཏམ་དཔེ་བཀླགས་པ་དང་གསོག་འཇོག་མང་ན་བོད་སྐད་བཤད་པའི་སྐབས་སུ་རང་བཞིན་གྱིས་བོད་སྐད་ཀྱི་ཐུན་མོང་མ་ཡིན་པའི་རོ་ཉམས་ཐོན་གྱི་ཡོད།

གཉིས། སློབ་མའི་རྩོམ་འབྲིའི་ནུས་པ་

ཡར་རྒྱས་གཏོང་བར་ཕན།

དམངས་ཁྲོད་རྩོམ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་རྣམ་པ་མང་བ་དང་། ནང་དོན་ཕུན་སུམ་ཚོགས་ལ་མི་རིགས་སྒྱུ་རྩལ་གྱི་ཁྱད་ཆོས་ཟབ་མོ་ལྡན། གཏམ་དཔེའང་དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་ལྡན་པས་ངག་ཐོག་རྩོམ་རིག་གི་སྙིང་བཅུད་དུ་བརྩི་བཞིན་ཡོད། གཏམ་དཔེའི་མངོན་པར་གསལ་བའི་ཁྱད་ཆོས་ནི་ཚིག་ཉུང་དོན་འདུས་ཡིན་ལ། དེར་བློ་འབྱེད་རང་བཞིན་དང་སློབ་གསོའི་དོན་སྙིང་ལྡན་པས་མི་རིགས་རིག་གནས་ཀྱི་སྐར་ཁུང་ལྟ་བུ་ཞིག་རེད། བོད་ཀྱི་གཏམ་དཔེ་རྣམས་ཀྱི་དཔེ་དོན་ལེགས་ཤིང་གསོན་ཉམས་ལྡན་པ་དང་། གཟུགས་སྣང་གསལ་བ། མཚོན་ཤུགས་ཆེ་བ་བཅས་ཡོད་ཕྱིར། སློབ་སྦྱོང་དང་གསོག་འཇོག་བྱས་ན། རྒྱུན་ཆད་མེད་པར་སློབ་མའི་སྐད་ཡིག་གི་འཆད་ཉན་ཀློག་འབྲི་ལ་སྦྱོང་བརྡར་ཐུབ་པ་དང་། སྐད་ཡིག་གི་མཚོན་ཤུགས་ཇེ་བཟང་དུ་འགྲོ་བ་དང་ཆབས་ཅིག་ཏུ། སློབ་མའི་བསམ་བློའི་ཆུ་ཚད་ཀྱང་ཇེ་མཐོར་སོང་སྟེ། རྩོམ་འབྲིའི་ནུས་པ་དོན་དངོས་ཐོག་ནས་མཐོར་འདེགས་གཏོང་ཐུབ།

གསུམ། མི་གཞི་བཟང་པོ་བསྐྱེད་བསྲིང་བྱེད་པར་ཕན།

བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་མི་རིགས་ཤིག་གི་ངག་རྩོམ་ཙམ་མིན་པར་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་ཤེས་རིག་གི་གཏེར་མཛོད་དང་ལེགས་ཉེས་བླང་དོར་གྱི་མེ་ལོང་ཞིག་དང་འདྲ་བས། བོད་རིགས་མི་དམངས་ཀྱིས་དེ་ལས་ཕུན་སུམ་ཚོགས་པའི་ཤེས་བྱ་དང་རྩ་ཆེ་བའི་ཉམས་མྱོང་མང་པོ་སྦྱོང་བཞིན་ཡོད། དེ་ལ་རིམ་པ་མི་འདྲ་བའི་སློབ་གསོའི་ནང་དོན་འདུས་ཤིང་བཀོལ་སྤྱོད་རང་བཞིན་དང་གཏིང་ཟབ་པའི་བློ་འབྱེད་ནུས་པ་ལྡན་པས་སློབ་ཁྲིད་ནང་བེད་སྤྱོད་བྱས་ན་སྲོལ་རྒྱུན་གྱི་སྤྱོད་བཟང་རྒྱུན་འཛིན་བྱེད་པར་དོན་སྙིང་གསར་པ་ལྡན།

1.ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སློང་བ།

རྩོམ་རིག་སྒྱུ་རྩལ་ནི་འཚོ་བ་ལས་བྱུང་བ་དང་བོད་རིགས་ཀྱི་གཏམ་དཔེ་ཡང་དེ་དང་འདྲ་བར་ལོ་ངོ་སྟོང་ཕྲག་རིང་གི་མི་དང་རང་བྱུང་ཁམས་ཀྱི་འཐབ་རྩོད་ཁྲོད་ཕྱོགས་བསྡོམས་བྱས་ནས་གྲུབ། དཔེར་ན། སྡོང་རྩེ་ལྷ་ཡི་གོང་ན་ཡོད། སྡོང་རྩ་ཀླུ་ཡི་འོག་ན་ཡོད། ཉིན་རི་ལྷ་ཤིང་ཤུག་པ་སྐྱིད། སྐྱིད་རོགས་ལྷ་བྱ་གོང་མོ་ཡོད། སྲིབ་རི་ཐང་ཤིང་འབོལ་ལོ་སྐྱིད། སྐྱིད་རོགས་ཁུ་བྱུག་སྔོན་མོ་ཡོད། ཐང་ཤིང་སྔོན་མོས་བློ་སྟོབས་རྒྱས། གཡང་གཟར་བྲག་རིས་ཁྱད་འཕགས་བསྩལ། གངས་དཀར་པོའི་རྩེ་མོ་ལྷ་ལ་ཐུག །ཆབ་སྔོན་མོའི་བཞུར་སྣེ་ཀླུ་ལ་ཐུག་སོགས་ཀྱིས་བོད་རིགས་མི་དམངས་རྩྭ་ཆུར་བརྟེན་ནས་འབྲོག་པའི་འཚོ་བ་སྐྱེལ་བ་དང་རང་ཉིད་ལ་མཁོ་བའི་ཡོད་ཚད་རང་བྱུང་ལས་བྱུང་ཞིང་རང་བྱུང་ཁམས་ཀྱིས་རིགས་རྒྱུད་བུ་ཕྲུག་གསོ་སྐྱོང་བྱས་པས། རང་བྱུང་ཁམས་ཆེན་མོར་གུས་བརྩི་དང་དྲིན་གཟོའི་བསམ་པ་བཅངས་ཡོད། གཏམ་དཔེ་འདི་རིགས་ཀྱིས་བུ་རབས་ཚ་རྒྱུད་ཚོས་རི་གཙང་ཆུ་གཙང་གི་ཁོར་ཡུག་ཏུ་མུ་མཐུད་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་དང་ཞི་མཐུན་མཉམ་གནས་བྱེད་པར་འབོད་སྐུལ་གཏོང་ཡོད།

2.རིག་གནས་སྦྱང་བརྩོན་གྱི་ངར་ཤུགས་བསྐྱེད་པ།

རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ན་རང་མི་རིགས་ཀྱི་མི་མང་གིས་ཤེས་རིག་ལ་དགའ་ཞེན་བཅངས་ཐོག་ཡུན་རིང་སློབ་སྦྱོང་དང་ལག་ལེན་བྱེད་པར་ཁ་འབྲལ་ཐབས་མེད་པ་ཞིག་རེད། བོད་ཀྱི་གཏམ་དཔེ་ལས། བསླབས་པའི་དཔེ་ཆ་བློ་ལ་ཟུངས། བསྟན་པའི་བློ་རིག་དོན་ལ་བཀོལ། ཆུང་དུས་བསླབ་ལ་མ་བརྩོན་ན། རྒས་དུས་འགྱོད་ཀྱང་ཕན་པ་མེད། ཆོས་བདག་མེད་སྙིང་རུས་སུ་ཆེ། ནོར་བདག་མེད་སྣང་བ་སུ་མཐོ། ཨ་མའི་བུ་ལ་ཡོན་ཏན་འཛོམས་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་པ་སོགས་ཀྱིས་བོད་མི་རིགས་ཀྱིས་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པར་བརྩི་མཐོང་བྱེད་པ་རྟོགས་སླའོ། །དེ་བཞིན་དུ། ཉི་མ་ཤར་ན་ས་གཞི་གསལ། དཔེ་ཆ་བཏོན་ན་ཤེས་རྒྱ་ཆེ། ལྟ་བུ་ནི་ཕ་མས་བུ་ཕྲུག་ལ་གདམས་པའི་བློ་དཀར་བསླབ་བྱ་ཡིན། དགེ་རྒན་གྱིས་སློབ་མར་བཏབ་པའི་ཟོལ་མེད་ཀྱི་སྐུལ་ལྕག་ཡིན། བསླབ་བྱ་དང་སྐུལ་ལྕག་འདི་རྣམས་གོ་སླ་ཞིང་གཟུང་བདེ་བའི་གཏམ་དཔེ་ཚོགས་ཀྱིས་ཕྱི་རབས་རྣམས་ཀྱི་དྲན་པའི་ངོས་སུ་དྲངས་ཏེ། རང་ཉིད་འཐུས་ཚང་དང་ཡར་བསྐྱེད་གཏོང་བར་གཞེན་སྐུལ་བྱེད།

3.མི་གཞི་ཀུན་སྤྱོད་ཀྱི་ལེགས་ལམ་སྟོན་པ།

བོད་ཀྱི་ཡུལ་སྲོལ་གོམས་གཤིས་སུ་མི་རིགས་ཀྱི་གུས་སྲོལ་དང་། བཟའ་བཏུང་གོམས་གཤིས། མི་རིགས་ཀྱི་འཛེམ་བྱ་སོགས་ཚུད་ཡོད། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དམངས་སྲོལ་དེ་དག་ལ་བརྟེན་ནས་མི་རྣམས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་གི་ཡོད་དེ། ཕྱུག་པོའི་རྒྱུ་ངོ་མ་བལྟ། བཙན་པོའི་ཚིག་རྗེས་མ་འདེད། གངས་དཀར་པོའི་མཐའ་ཡག །མི་བཟང་པོའི་སེམས་དཀར། གཏམ་ཡག་དགོས་ན་དཔེ་ཤོད། མོ་ཡག་དགོས་ན་རྒྱན་ཐོགས། མི་ངན་ལ་མ་བལྟ། གཏམ་ངན་ལ་མ་ཉན། ཆུ་བརྒྱ་རྒྱ་མཚོར་འདུས་ན་ཉི་མས་མི་སྐེམ། བུ་བརྒྱའི་བློ་ཁ་མཐུན་ན་ཕྱི་དགྲས་མི་ཚུགས། གྲོགས་བཟང་པོ་བསྟེན་ན་ཡོན་ཏན་འཕེལ། གྲོགས་ངན་པ་བསྟེན་ན་སྤྱོད་ངན་འགོས། རང་གི་ཉེས་སྐྱོན་ལྟོས། གཞན་གྱི་ཡོན་ཏན་སློབས། ལྟ་བུ་ལས་བོད་མི་རྣམས་ཀྱིས་བདེན་པ་དང་། བཟང་པོ། མཛེས་པ་བཅས་ནི་འབྲེལ་འདྲིས་ཀྱི་ཚད་ཤིང་དུ་འཛིན་པ་དང་ཐོག་མཐའ་ཀུན་ཏུ་ལྷག་བསམ་རྣམ་དག་དང་སེམས་པ་བཟང་པོ་བྱེད་པ་ནི་མི་ཚེའི་ནང་གི་རྒྱུ་ནོར་རྩ་ཆེན་ཞིག་ཏུ་བརྩི་བའང་སྔོན་བྱོན་མེས་པོ་རྣམས་ཀྱིས་སྔ་ས་ནས་མི་གཞི་ཚུལ་ལྡན་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

བོད་ཀྱི་རིག་གནས་ལོ་རྒྱུས་དང་རྩོམ་རིག་སྒྱུ་རྩལ་གང་གི་ངོས་ནས་བལྟས་ཀྱང་། གཏམ་དཔེས་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་འགྱུར་ལྡོག་གཏོང་གི་ཡོད་པ་དང་། བོད་རིགས་མི་དམངས་ཀྱིས་གསར་པ་ཤེས་རྟོགས་དང་དགེ་སྡིག་དབྱེ་འབྱེད་བྱེད་པར་ཤེས་རབ་ཀྱི་རམ་བུ་འདེགས་ཀྱི་འདུག ང་རང་གིས་སློབ་ཁྲིད་དངོས་ཐོག་ཏུ་གཏམ་དཔེ་བེད་སྤྱོད་བྱེད་གང་ལེགས་བྱས་པས་སློབ་མ་ཚོས་འཚོ་གནས་དང་སྤྱི་ཚོགས་ངེས་རྟོགས་ཐུབ་པར་ཁྲིད་སྟོན་བྱེད་ནུས་གལ་ཆེན་ཐོན་ཅིང་། ཡང་མི་གཞི་བཟང་བོ་བྱེད་པར་སློབ་གསོའི་ནུས་པ་བླ་ལྷག་ཐོན་གྱི་འདུག་པས་གཏམ་དཔེ་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུ་མ་ཟད། བོད་ཡིག་སློབ་ཁྲིད་ཁྲོད་བཀོལ་སྤྱོད་བྱེད་པར་དགེ་མཚན་ཆེ་བ་དོན་དངོས་སུ་མཐོང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1