གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་འགོ་ཚུགས་པ། ལག་གདང་སྦྲེལ་ནས་མཉམ་དུ་རིམས་འགོག་བྱ་རྒྱུ་འབོད་སྐུལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-08


       

        ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་4ཉིན། དབྱིན་ཇིའི་དབུ་བཞུགས་བློན་ཆེན་པའོ་ལི་སི་གཡོད་ཧན་ཤུན་གྱིས་དབྱིན་ཇི་ནས་དྲ་ཐོག་ཏུ་གཙོ་སྐྱོང་གནང་བའི་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དབུ་ཚོགས་ཀྱི་བརྙན་ལམ་ཚོགས་འདུ་ནི་ས་གནས་དེ་གའི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་13(པེ་ཅིང་གི་དུས་ཚོད་ཚེས་4ཉིན་གྱི་ཆུ་ཚོད་20)ཡས་མས་སུ་འགོ་ཚུགས་པ་རེད། དབུ་ཚོགས་ཀྱིས་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། མ་དངུལ་གྲབས་གསོག་བྱས་ནས་རིམས་འགོག་སྨན་ཁབ་རྒྱག་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་རིམས་ནད་ལ་ཁ་གཏད་བཅག་ནས་ཚེ་སྲོག་སྐྱོབ་དགོས་པའི་འབོད་སྐུལ་བྱས་པ་རེད།  

        རྒྱ་ཁབ་དང་ས་ཁུལ་50ལྷག་ཙམ་གྱི་འཐུས་མིས་ད་ཐེངས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་རིམས་འགོག་ནུས་པའི་མནའ་འབྲེལ(GAVI)ལ་མ་མཐར་ཡང་མ་དངུལ་ཨ་སྒོར་དུང་ཕྱུར་74གསོག་རྒྱུ་དེ་རེད།  དབུ་ཚོགས་དེ་ཉིན་གྲོལ་རྒྱུའི་འཆར་གཞི་འགོད་པ་རེད།

        གཡོད་ཧན་ཤུན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་སྤེལ་དོན། ད་ཐེངས་ཀྱི་དབུ་ཚོགས་ནི་འཛམ་གླིང་ཡོངས་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་རིམས་འགོག་བྱེད་པའི་གལ་ཆེའི་དུས་སྐབས་ཞིག་ཡིན་པ་དང་། དབྱིན་ཇིས་མ་འོངས་ལོ་5ཡི་ནང་མུ་མཐུད་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་རིམས་འགོག་ནུས་པའི་མནའ་འབྲེལ་ལ་དབྱིན་པང་སྒོར་དུང་ཕྱུར་16.5(ཨ་སྒོར་དུང་ཕྱུར་20.7)ཡི་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་དང་། ཁོང་གིས་རྒྱལ་ཁབ་ཁག་གིས་མ་དངུལ་གྲབས་གསོག་དང་།  ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མཉམ་ལས་ཀྱི་དུས་རབས་གསར་པ་གཏོད་པ་དང་། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་རིམས་ནད་ཐོན་རྒྱུ་སྔོན་འགོག་བྱ་ཆེད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།


        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས། གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་དང་རིམས་འགོག་ནུས་པའི་མནའ་འབྲེལ་གྱིས་སྔོན་ནས་དྲན་སྐུལ་ཐ་ཚིག་བསྒྲགས་ཏེ།  ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱུན་ལྡན་གྱི་རིམས་འགོག་སྨན་ཁབ་རྒྱག་པར་འགལ་རྐྱེན་བཟོས་པས་ཚོད་རྩིས་བྱས་ན་རྒྱལ་ཁབ་བཅུ་ཡི་ལོ་1མན་གྱི་བྱིས་པ་ཁྲི་8000ལྷག་ཙམ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1