གངས་ལྗོངས་ས་མཐོའི་མུ་ཏིག་རྡོག་གཅིག

སྒྲོལ་མ་ཚེ་བརྟན་གྱིས་བྲིས། བསྟན་འཛིན་ཉི་མས་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-08



རྔ་བ་རྫོང་གིས་བྱང་ཚད་སློབ་གསོ་ཁྱབ་གདལ་དུ་བཏང་ནས་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་གི་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭ་དེ་སློབ་མའི་དགའ་ཚལ་གཞན་ཞིག་ཏུ་གྱུར་འདུག 

        ཉེ་བའི་ལོ་འདི་དག་གི་རིང་། སི་ཁྲོན་བོད་ཁུལ་གྱི་སློབ་གསོའི་བྱ་གཞག་ཆ་སྙོམས་ངང་འཕེལ་རྒྱས་ཡོང་བཞིན་ཡོད་ལ་གྲུབ་འབྲས་ཀྱང་ཡིད་ཚིམ་པ་ཞིག་བླངས། མ་ཟད་རིག་གནས་སློབ་གསོའི་ཐད་དུ་ཡང་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་པ་དང་བྱང་ཚད་སློབ་གསོ་ལ་ཡང་སློབ་མ་དང་ཁྱིམ་བདག་གི་དགའ་བསུ་ཆེན་པོ་ཐོབ། དེ་ཡང་རྔ་བ་ཁུལ་རྔ་བ་རྫོང་དུ་ཀ་ཁའི་གྱེར་འདོན་གྱི་གདངས་དབྱངས་སྙན་མོ་མཐོན་པོའི་མཁའ་དབྱིངས་སུ་མཆེད་བཞིན་པའི་དགའ་ཚལ་ཞིག་ཡོད་དེ། དེ་ནི་རྔ་བ་རྫོང་གངས་ལྗོངས་ཚོང་པའི་སློབ་གྲྭའམ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ཞེས་པ་དེ་རེད།

        རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནི་1988ལོར་མི་རིགས་ལ་ལྷག་བསམ་དཀར་བའི་ཚོང་པ་ཁཱ་ཤཱིའི་ཚེ་རིང་ལགས་ཀྱིས་དམངས་སྒོར་ཁྲི་54ལྷག་གི་སྦྱིན་བདག་མཛད་དེ་ལས་འགོ་ཚུགས་ཤིང་། 1990ལོའི་ཟླ་10པར་དངོས་སུ་ལེགས་གྲུབ་བྱུང་ལ་སློབ་གྲྭའི་མིང་ལ་རྔ་བ་རྫོང་གངས་ལྗོངས་ཚོང་པའི་སློབ་གྲྭ་ཞེས་སུ་བཏགས་པ་དང་ཁོང་གིས་མཚན་འཛིན་སློབ་གཙོའི་འགན་བཞེས། 2001ལོའི་ཟླ་3པར་སྔར་གྱི་གངས་ལྗོངས་ཚོང་པའི་སློབ་གྲྭ་དང་ཀིརྟི་དགོན་སློབ་ཆུང་གཉིས་མཉམ་སྡེབ་བྱས་ནས་ད་ལྟ་ཀུན་གྱི་མིག་གི་མཐོང་ཆོས་སུ་གྱུར་ཡོད་པའི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དུ་བསྒྱུར།
ད་ལྟ་སློབ་གྲྭའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་20278.82ལྷག་ཡོད། སློབ་གྲྭ་ཡོངས་སུ་ཁྱོན་དགེ་བཟོ་པ་89སློབ་མ་1016ཡོད། སློབ་མ་ཚང་མ་རྔ་བ་རྫོང་གི་གྲོང་ཚོ་21ནས་ཡོང་བའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་རྐྱང་པ་ཡིན། སློབ་གྲྭ་རུ་བོད་ཡིག་དང་རྒྱ་ཡིག །རྩིས་རིག །དབྱིན་ཡིག །ལུས་རྩལ། གླུ་དབྱངས། མཛེས་རྩལ། ཆ་འཕྲིན་སོགས་ཀྱི་བསླབ་ཚན་བཅུ་ཙམ་གྱི་སློབ་ཁྲིད་ཡོད།

རོལ་དབྱངས་སློབ་ཁང་། 

        དེ་ཡང་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་མེས་པོའི་སྲོལ་རྒྱུན་མ་དོར་བར་ཀ་ཁའི་གདངས་དབྱངས་མཐོ་རུ་གྱེར་བཞིན་ཡོད་ལ། དགེ་སློབ་ལྷན་རྒྱས་ཀྱིས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ཏེ་ཤེས་རིག་གི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་དང་ལེན་བཞིན་ཡོད།

མཛེས་རྩལ་སློབ་ཁང་། 

        སློབ་གསོ་ནི་མེས་པོའི་སྲོལ་རྒྱུན་མ་དོར་ཧུར་བརྩོན་གྱིས་སྦྱངས་དགོས་པ་ཞིག་དང་དེང་རབས་གསར་གཏོད་མ་འཕྱ་རང་འབད་ཀྱིས་བརྩོན་དགོས་པ་ཞིག་ཡིན། དེ་ཡང་སྲོལ་རྒྱུན་དེང་རབས་ཟུང་དུ་འབྲེལ་བའི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་དེ་སློབ་མའི་དགའ་ཚལ་གཞན་ཞིག་ཏུ་གྱུར་འདུག

བོད་ཡིག་ཡིག་གཟུགས་སྦྱོང་བརྡར་ཁང་། 

        ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་ནི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་སློབ་མའི་དགའ་ཕྱོགས་སྐྱེད་སྲིང་དུ་དམིགས་ནས་ཞབས་བྲོ་དང་རི་མོ། རྡུང་ལེན་དང་རོལ་ཆ། བོད་རྒྱ་ཡིག་གཟུགས། གྱེར་འདོན། ལག་ཤེས་དང་བཟོ་རྩལ་སོགས་འདུས་པའི་གསར་གཏོད་རང་བཞིན་ལྡན་པའི་སློབ་མའི་དགའ་ཚལ་གསར་པ་ཞིག་རེད།

འགྲེམ་སྟོན་ཁང་། 

        རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་དུ་སྐྱོད་སྐབས། དག་ཅིང་གསལ་བའི་དབྱངས་གསལ་གྱེར་འདོན་གྱི་སྒྲ་དང་སྙན་འཇེབས་ལྡན་པའི་བོད་ཀྱི་དཀྲོལ་ལེན་གྱི་སྒྲ་སྤྲོ་སྣང་འཛིན་གྲྭའི་སློབ་ཁང་ནས་གྲགས་ཡོང་ཞིང་། སློབ་གཙོ་རིན་ཁོ་ལགས་ཀྱིས་འདི་ནི་བོད་རྒྱ་སྐད་ཀྱི་གསུང་རབ་གྱེར་འདོན་བྱེད་པ་དང་མི་རིགས་དཀྲོལ་ལེན་འཛིན་གྲྭའི་ཁྱད་ཆོས་ལྡན་པའི་སློབ་མ་ཚོས་སློབ་ཁྲིད་བྱེད་བཞིན་པ་རེད་ཅེས་ངོ་སྤྲོད་བྱས།
        དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭ་ནི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ཁྱད་ཆོས་ལྡན་པའི་ཁྲིད་ཚན་ཅིག་ཡིན། 2014ལོར་སློབ་གྲྭ་འདི་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་གྲོང་གསེབ་བྱིས་པའི་ཕོ་བྲང་དཔེ་སྟོན་རྣམ་གྲངས་ཀྱི་སློབ་གྲྭའི་ནང་ཚུད་པ་དང་། 2015ལོའི་ཟླ་3པར་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་འཛུགས་སྐྲུན་དང་འཁོར་རྒྱུག་བྱེད་འགོ་ཚུགས། ད་ལྟའི་བར་ལོ་ཆུང་བྱིས་པའི་ཕོ་བྲང་ལ་ཁྱོན་ཡོ་ཆས་སྣ་ཁ་90ཙམ་ཡོད་པ་དང་། བྱེད་སྒོ་ཁང་9ཡོད་ལ། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ་360ཙམ་ཟིན་ཡོད། དོ་དམ་མི་སྣ་དང་ཟུར་ཁྲིད་དགེ་རྒན་15དང་སློབ་མ་600ལྷག་ཙམ་ཞུགས་ཡོད།
        ང་གཞས་གཏོང་རྒྱུར་ཧ་ཅང་དགའ་པོ་ཡོད། སློབ་གྲོགས་ཚོས་གར་སྟེགས་སུ་འཁྲབ་སྟོན་བྱེད་སྐབས་རང་སེམས་སུ་ཡི་རང་ཚད་མེད་བྱས་མྱོང་ལ་དེ་བཞིན་ང་ཡང་རང་བཞིན་གྱིས་དགའ་ཕྱོགས་འཛིན་གྲྭར་ཞུགས་པ་ཡིན། ད་ལོ་ལོ་13ལ་སླེབས་པའི་མཚོ་མོ་ནི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་ཡིན། ན་ནིང་ཁོ་མོས་དགའ་ཕྱོགས་འཛིན་གྲྭའི་མི་རིགས་དཀྲོལ་ལེན་འཛིན་གྲྭར་ཞུགས་རྒྱུའི་རེ་ཞུ་བྱས་པ་དང་གཟའ་འཁོར་རེའི་གཟའ་ཕུར་བུའི་ཉིན་ལ་རོལ་དབྱངས་དཀྲོལ་ལེན་གྱི་གསོ་སྦྱོང་སློབ་ཁྲིད་ཡོད་ལ། རང་ཉིད་ལ་དུས་ཚོད་ཀྱི་ཁོམ་ལོང་ཡོད་ན་གཟའ་མིག་དམར་དང་གཟའ་ལྷག་པ་སོགས་སུ་རང་སྦྱོང་ཡང་བྱ་ཆོག །ཁོ་མོས་ད་ལྟ་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭས་རང་ཉིད་ལ་ཡིད་ཆེས་ཆེན་པོ་སྟེར་བྱུང་།
ཕྱིན་ཆད་རང་ཉིད་ཀྱིས་ཀྱང་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཐུབ་རྒྱུའི་རེ་བ་ཡོད་ཅེས་ངོ་ལ་རེ་བའི་འཛུམ་གྱིས་ཁེངས་ནས་བཤད་བྱུང་།
        སློབ་གཙོ་རིན་ཁོས་བཤད་རྒྱུར། ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་ནི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་ཚན་ཁག་གཅིག་ཡིན་ལ། ཞིང་འབྲོག་ས་ཁུལ་གྱི་ལོ་ཆུང་བྱིས་པའི་རིག་གནས་གསོ་སྐྱོང་དང་སྒྱུ་རྩལ་བློ་སྦྱོང་། བསམ་ཚུལ་སོགས་ཕྱོགས་མང་པོར་ཤུགས་རྐྱེན་བཟང་པོ་ཐེབས་པའི་གཡུལ་ས་གལ་ཆེན་ཞིག་ཡིན། ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་ནི་ཞིང་འབྲོག་ས་ཁུལ་གྱི་བྱིས་པ་ཚོས་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་བའི་བྱང་ཚད་སློབ་གསོ་ལོངས་སྤྱོད་བྱེད་ཐུབ་སའི་སྟེགས་བུ་གལ་ཆེན་ཞིག་ཀྱང་ཡིན། ད་ཆ་བོད་རྒྱ་སྐད་གྱེར་འདོན་བྱེད་པ་དང་མི་རིགས་དཀྲོལ་ལེན་བྱེད་པའི་ཁྱད་ལྡན་འཛིན་གྲྭ་ཕུད་ད་དུང་རི་མོ་དང་ལག་ཤེས་བཟོ་ལས། མི་རིགས་ཞབས་བྲོ། ཡིག་གཟུགས། ལག་རྩེ་སྤོ་ལོ་སོགས་བྱེད་སྒོའི་རྣམ་གྲངས་9བཙུགས་ཡོད། རྣམ་གྲངས་དེ་དག་གིས་སློབ་གྲྭའི་བྱང་ཚད་སློབ་གསོ་ཁྱབ་རྒྱ་ཆེ་རུ་ཕྱིན་པར་མ་ཟད། སློབ་གྲྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་སློབ་མ་རྣམས་ལ་དེ་བས་གསོན་ཉམས་དོད་པོ་དང་དེ་བས་ཧུར་བརྩོན་ཆེ་བའི་སྒོ་ནས་སློབ་ཁྲིད་ནང་ཞུགས་སུ་འཇུག་ཐུབ་ཅེས་ཟེར།
        ང་ཚོ་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་གི་དགའ་ཕྱོགས་སྐྱེད་སྲིང་འཛིན་གྲྭའི་སློབ་ཁང་རེ་རེ་བཞིན་བརྒྱུད་ནས་འགྲོ་དུས། སེམས་དངོས་སུ་སྔར་བྱུང་མ་མྱོང་བའི་སྤྲོ་བ་དང་དགའ་བ་ཞིག་སྐྱེས་བྱུང་།
        སྲོལ་རྒྱུན་གྱི་བྲོ་བ་མ་ཡལ་ཞིང་དེང་རབས་ཀྱི་ཚོན་མདངས་བཀྲ་བའི་མི་རིགས་བཅའ་སྡོད་སློབ་ཆུང་འདི་ལྟ་བུ་དོན་ངོ་མ་མི་རིགས་ཤིག་གི་མ་འོངས་པ་གསོ་སྐྱོང་བྱེད་ཡུལ་དུ་བོས་ན་ཅིས་མི་ཆོག །དེ་ཡང་བོད་ཁུལ་གྱི་མི་རིགས་སློབ་ཆུང་གཞན་རྣམས་ལ་དགེ་མཚན་མེད་ཟེར་བ་གཏན་ནས་མིན། ཁོ་ཚོ་ཡང་ས་གནས་དེ་ཡི་མི་རིགས་སློབ་གསོའི་གདུང་འདེགས་ཀ་བ་ལྟ་བུ་ལོས་ཡིན། འོན་ཀྱང་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་རང་གི་ལོ་ངོ་དུ་མའི་འབད་པར་བརྟེན་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་མི་རིགས་སློབ་གསོ་རྒྱུན་བསྐྱངས་པའི་རྨང་གཞིའི་སྟེང་ཞིང་སྡེའི་ལོ་ཆུང་གཞོན་ནུའི་ཕོ་བྲང་སྟེ། དུས་རབས་ཀྱི་གོམ་འགྲོས་དང་མཐུན་པའི་དགའ་ཕྱོགས་སྐྱེད་སྲིང་གི་འཛིན་གྲྭ་བཙུགས་པ་ནི་དུས་རབས་དང་བསྟུན་ནས་ཡར་རྒྱས་གོང་འཕེལ་དང་སྔར་མེད་གསར་གཏོད་ཀྱི་སྲོལ་འབྱེད་པའི་མཛད་རྗེས་ཆེན་པོ་ཞིག་ཡིན་འདུག
        སློབ་གཙོ་རིན་ཁོས། རང་ཉིད་གནས་འདིར་ཡོང་ནས་ལོ་ངོ་གཉིས་འགོར་སོང་། སྤྱིར་སློབ་གསོ་ཡི་ལས་དོན་བསྒྲུབ་རྒྱུ་ནི་ངོ་མ་ཧ་ཅང་དཀའ་ལས་ཆེན་པོ་ཞིག་ཡིན་པར་མ་ཟད་རླབས་ཆེ་བའི་བྱ་བ་ཞིག་ཀྱང་རེད། བྱིས་པ་གང་དང་སུ་ཡིན་རུང་། ཆེས་ཐོག་མའི་འདུ་ཤེས་སུ་ཆགས་ཡོད་པ་ནི་རང་གི་ཕ་སྐད་མ་ཡིག་རེད། དེ་ལྟར་ཕ་སྐད་མ་ཡིག་གཞིར་བྱས་པའི་རྨང་གཞིའི་སྟེང་སྐད་རིགས་གཞན་པ་དང་སྦྱོང་ཚན་གཞན་པ་མང་པོར་འབད་བརྩོན་བྱས་ན་མ་འོངས་པར་ལམ་ཡག་པོ་ཞིག་ཡོད་པའི་གདེང་ཚོད་ཡོད། སློབ་མ་བསྐྱངས་པའི་དམིགས་ཡུལ་ནི་མི་གཞི་ཡག་པོ་ཞིག་དང་མི་འཇོན་ཐང་ཅན་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ཡིན། ང་ཚོས་ཐོག་མར་ཀུན་སྤྱོད་སློབ་གསོ་ཡག་པོ་ཞིག་གསོ་སྐྱོང་བྱེད་པའི་རྨང་གཞིའི་སྟེང་ནས་སློབ་མའི་རིག་ལམ་སྣ་མང་ཅན་དུ་སྐྱེད་སྲིང་བྱེད་པར་འབད་པ་བྱས་དང་བྱེད་བཞིན་ཡོད་ཅེས་བཤད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1