དང་པོ། གཉེན་སྲོལ་གྱི་བརྒྱུད་རིམ།
ས་ཁུལ་འདིར་ལྟ་བུ་ཞིག་ལ་མཚོན་ན་གཉེན་སྲོལ་གྱི་བརྒྱུད་རིམ་དེ་འདྲའི་རྙོག་འཛིང་ཆེན་པོ་མེད་པར་མ་ཟད་གཉེན་སྒྲིག་བྱེད་སྟངས་ཡང་ས་ཆ་གཞན་དང་མི་རིགས་གཞན་དང་བསྡུར་ན་ཅུང་རང་དབང་ལྡན་ལ། དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ནས་རང་མོས་རང་འཐད་དགོས་པའི་གཉེན་སྒྲིག་བྱེད་པའི་སྲོལ་ཞིག་ཀྱང་མཐོང་བ་མང་ཤོས་སུ་འགྱུར་བཞིན་འདུག་ལ། ལྷག་པར་དུ་གནའ་མི་འབྲོག་པའི་གོམས་སྲོལ་ལྟར་ཁྱིམ་ཚང་གི་ཕ་མས་བཀོད་སྒྲིག་བྱེད་པ་དང་ཡང་ན་ཆུང་དུས་ནས་བཟུང་ཕ་མས་ཕན་ཚུན་བར་གཉེན་རྟགས་རྒྱག་པའི་གོམས་སྲོལ་རིམ་བཞིན་ཇེ་ཉུང་དུ་འགྲོ་བའི་དུས་སྐབས་ཤིག་ལ་སླེབས་འདུག དུས་རབས་ཀྱི་འཕེལ་རྒྱས་དང་མི་རིགས་ས་ཆའི་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བསྟི་གནས་མང་པོ་བཙུགས་པ་ནས་བཟུང་མིའི་བསམ་བློའི་གོ་རྟོགས་ཇེ་མཐོར་སོང་བ་དང་བསྟུན་ནས་གཉེན་སྲོལ་གྱི་རིག་གནས་ཀྱང་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་འགྱུར་བཞིན་འདུག
དེ་བས་ས་ཁུལ་འདིའི་གཉེན་སློང་སྟངས་དང་སྟོན་མོ་བྱེད་སྲོལ་ལ་སོགས་ཕྱོགས་གང་ཅིའི་ཐད་ནས་བལྟས་ན་ས་ཆ་གཞན་དང་མི་མཐུན་པ་ཆེན་པོ་མེད་མོད། ཡིན་ནའང་སོ་སོའི་མི་འདྲ་ས་དེ་སོ་སོའི་ཁྱད་ཆོས་སུ་བཟུང་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཧ་ཅང་གལ་ཆེ་བར་སྙམ།
གཉེན་སློང་སྟངས་ནི་ཁྱིམ་ཚང་ཕན་ཚུན་ཕྱོགས་གཉིས་ཀར་མཚོན་ཀྱང་སློང་སྟངས་ཕལ་ཆེར་འདྲ་ཤས་སུ་ཆགས་ཡོད་མོད། འོན་ཀྱང་མང་ཆེ་བ་ཞིག་བུ་མོ་ཚོ་མནའ་མར་སློང་རྒྱུ་དང་གནས་ལ་འགྲོ་རྒྱུ་ཅུང་རྒྱུགས་ཆེན་པོར་ཆགས་འདུག རྒྱུ་མཚན་ནི་གནའ་མི་བོད་ཀྱི་ཁ་དཔེར་“སྟག་ཤ་ར་འགྲོ་ས་ཇག་ཡིན། སྨན་བུ་མོ་འགྲོ་ས་གནས་ཡིན།” ཞེས་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་དཔེ་མཚོན་ཅན་གྱི་གཏམ་དཔེ་ཞིག་ཅི་ལ་མིན། དེ་བས་འདི་ལྟ་བུའི་གནས་འགྲོ་སྟངས་ཁྱབ་བརྡལ་དུ་སོང་ཡོད་པ་ནི་གནའ་མི་རྒན་པ་ཚོའི་རིང་ནས་དར་ཞིང་རྒྱུན་འཛིན་བྱས་ཡོད་པའི་དམངས་ཁྲོད་གཏམ་དཔེ་ཞིག་ཡིན་ལ། གཏམ་དཔེ་དེས་ཁོ་ཚོའི་གཉེན་འགྲོ་སྟངས་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་སྨྲོས་མི་དགོས་སོ། ཐོག་མར་བག་མ་སློང་མཁན་ཚང་གིས་གྲོས་ཐག་བཅད་མཐར་ནང་མི་ཞིག་གིས་ཁ་བཏགས་དཀར་པོ་ཞིག་བཟུང་ནས་ཕ་རོལ་པོ་ཨ་ཞང་ཚང་ལ་གཉེན་སློང་དུ་མངགས་པ་ཞིག་རེད། ཁོ་རང་ཨ་ཞང་ཚང་སོང་ནས་ཁོ་རང་ཉིད་མངགས་པའི་མི་དང་འཕངས་བའི་མདའ་ཡིན་ཟེར་བཞིན་གཉེན་སློང་གི་གནས་ཚུལ་དག་གསལ་བཤད་བྱེད་པ་ཞིག་རེད། ཨ་ཞང་ཚང་གིས་ཀྱང་ཁ་ཕྱིར་འཁོར་ནས་ཁོང་ཚང་གི་ཁྱིམ་ཚང་གི་སྐྱེ་རབས་འཁྲུངས་རབས་དང་བུ་མོའི་གནས་ཚུལ་སོགས་རགས་བཤད་ཅིག་བྱས་ནས་ཁྱིམ་གྱི་གཙོ་བོ་ཕ་དང་ལུས་ཀྱི་གཙོ་བོ་མགོ་ཡིན་ཡང་ད་དུང་ཤ་ཉེ་རིང་དང་ནང་སྤུན་ཟླ་ཚོར་གྲོས་ཞིག་མ་བྱས་ནས་བསྟེར་ཐག་ངས་མི་ཆོད་པས། ཁོང་ཚོར་གྲོས་ཞིག་བྱས་རྗེས་ད་གཟོད་ཁྱེད་ཚོར་གཏམ་བཟང་ངན་གཉིས་ཀྱི་སྙིང་བཅུད། གཉེན་གཡང་གསུམ་འཛོམས་པའི་སྐད་ཅིག་གཞག་ཡོང་ཟེར་ནས་གཉེན་འབྲེལ་གྱི་དབུ་འཁྱུད་འདི་ལྟར་བྲིས་ཡོང་བ་ཞིག་ཡིན་ནོ། །
1. སྟ་གོན།
གཉེན་སྟོན་གྱི་སྟ་གོན་ཞེས་པ་ནི་གཉེན་སྟོན་མ་བྱས་སྔོན་གྱི་མགོ་མཇུག་བར་གསུམ་གྱི་གྲ་བསྒྲིག་གི་གོ་རིམ་ཡོངས་རྫོགས་བྱ་ཞིང་། དེར་ཁྱིམ་ཚང་ཕྱོགས་གཉིས་ཀྱིས་རང་གི་ས་ནས་གཉེན་སྟོན་ཕུན་སུམ་ཚོགས་པར་འཁྱོངས་བར་ཆུ་མ་ཡོང་གོང་གི་རགས་གྱིས་ཚུལ་དུ་བྱ་བ་ཙག་ཙིག་བསྒྲུབ་དགོས་པ་ཞིག་ཡིན། ཉིན་འགའི་སྔོན་ནས་བཟུང་སྟོན་མོའི་ཅ་ལག་ཉོ་བ་དང་ཨ་ཞང་ཚང་བག་མ་བསུ་རུ་ཡོང་བར་ནངས་སྔ་མོ་ནས་གྲ་སྒྲིག་བྱེད་པར་མ་ཟད་ད་དུང་བག་མའི་ཅ་ལག་དང་རྫོངས་བ་ཡོད་ཚད་ཀྱང་སྔོན་མ་ནས་གྲ་སྒྲིག་བྱེད་དགོས། ཉིན་བཟང་བསྐལ་བཟང་གི་དུས་དེར་སླེབས་དུས་ནངས་སྔ་མོ་ནས་ཤ་མར་གྱི་སྡེར་ཁ་བཤམས་ནས་ཨ་མྱེས་ཚང་གི་བག་མ་བསུ་མཁན་ཚང་མ་སྣེ་ལེན་བྱེད་པར་གྲ་སྒྲིག་བྱེད་པ། གྲྭ་བ་གཅིག་གཉིས་ཤིག་ལ་སྔོན་ནས་བཤད་དེ་གཡང་འབོད་ཀྱི་ལས་ཀ་བཀོད་སྒྲིག་བྱེད་པ། བག་མའི་རྟ་སྒའི་སྟེང་ལ་ཤ་ཞིག་གམ་ལྭ་རྒྱུ་ཞིག་ཡང་ན་ཁ་བཏགས་ཤིག་འཕེན་སྲོལ་འདུག་ལ་དེ་དག་ཚང་མ་རིམ་བཞིན་དུས་ཚོད་ནང་བཞིན་དུ་གྲུབ་ཚར་དུ་འཇུག་པ་ལ་སོགས་གོ་རིམ་མདོར་བསྡུས་ཙམ་འདི་ལྟར་ཡིན།
2. གཉེན་སྒྲིག་ཚུལ།
མཛོད་དགེ་གླིང་ཡུལ་གྱི་གཉེན་སྒྲིག་ཚུལ་ལ་གཙོ་བོ་ནི་ཕྱོགས་ཆེན་པོ་གཉིས་འདུག་སྟེ། ཁྱིམ་ཚང་ཕྱོགས་གཉིས་ཀྱིས་ཕ་མ་གཙོར་བྱས་པའི་ཨ་ཁུ་དང་ཨ་ཞང་ཚོས་བསམ་ཚུལ་གཙིགས་ཆེར་བཟུང་ནས་གཉེན་སྒྲིག་བྱེད་ཚུལ་དང་རང་གཉིས་ཀྱི་རང་མཐུན་གྱི་གདམས་ཀ་ལ་བརྩི་བཀུར་བྱས་ནས་མཐར་ནང་མི་དང་ཐུན་མོང་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱེད་བཞིན་པའི་གཉེན་སྒྲིག་སྲོལ་རིགས་གཙོ་བོ་འདི་གཉིས་ཡིན་ལ་ཆུང་དུས་ནས་ཕ་མ་ཚོས་གཉེན་རྟགས་རྒྱག་པའི་སྲོལ་ཞིག་ཀྱང་ཡོད་མོད་དེང་སང་དར་ཁྱབ་དེ་འདྲ་ཆེར་མེད་པར་ཞུ།
3. བག་མ་སློང་ཚུལ།
བག་མ་སློང་ཚུལ་གྱི་སྐོར་ལ་བྱང་འབྲོག་ལམ་ཡིག་ཏུ་ཐོག་མར་སུ་ཞིག་གིས་བག་མ་ལེན་འདོད་ཡོད་པའི་བུ་མོ་དེ་དང་། བག་མ་བླང་ཡུལ་གྱི་བུ་བཅས་ལོ་ཁམས་མཐུན་མིན་སོགས་རྩིས་པར་རྩིས་བྱེད་དུ་བཅུག་ཅིང་། ལོ་ཁམས་སོགས་མཐུན་ན་བག་མ་ལེན་མཁན་གྱི་ནང་མིའི་གཙོ་བོ་ཕའམ་ཁུ་བོ་གང་རུང་ཞིག་བུ་མོ་དེའི་ནང་དུ་ཕྱིན་ཏེ། སྣ་ཐག་བཏགས་ཞེས་བྱ་བ་དར་དང་། སྣམ་བུ། རས་ཡུག་རིང་ཐུང་གང་འཛོམས་ཀྱི་ལག་རྟགས་དང་བཅས་ཏེ། བུ་མོའི་ཕ་མ་གཉིས་ལ་བུ་མོ་སྟེར་རོགས་ཞེས་ལབ་དགོས་ཤིང་། ཕ་མ་གཉིས་ཀྱིས་རྒྱུ་རྫས་དེ་དག་བླངས་ཤིང་བུ་མོ་སྟེར་བར་ཁས་བླངས་པ་ནི་ཉེ་ཐག་བཅད་ཅེས་པ་སྟེ། དེའི་རྗེས་སུ་བུ་མོ་དེ་མི་ཚང་གཞན་དག་ལ་སྟེར་མི་ཆོག་ཅིང་། གལ་ཏེ་སྟེར་ན་བག་སྟོང་ཞེས་བྱ་བའི་ཁ་མཆུ་ཆེན་པོ་ཡོང་གི་ཡོད་པ་རེད། དེར་མ་ཟད་བུ་མོ་སློང་མཁན་ནས་ཀྱང་འགྱུར་ལྡོག་བྱེད་མི་ཆོག་ཅིང་། གལ་ཏེ་འགྱུར་ལྡོག་བྱས་ན་བག་སྟོང་འདྲ་བར་རྩོད་སྲོལ་ཡོད་པ་རེད། ཞེས་པར་བལྟས་ན་སྔོན་སྲོལ་མང་པོ་ཞིག་ད་ལྟ་ད་དུང་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བཞིན་ཡོད་མོད། འོན་ཀྱང་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་བ་དང་བསྟུན་ནས་མིའི་འདོད་མོས་དང་དགོས་མཁོ་སོགས་ལ་ཡང་དེར་བསྟུན་གྱིས་འགྱུར་ལྡོག་འགྲོ་བ་ཞིག་ཡིན་པ་རེད། དེ་བཞིན་དུ་དེང་དུས་ཀྱི་བག་མ་སློང་ཚུལ་ལ་ཞིབ་ཕྲའི་ཆ་ནས་འགྱུར་བ་ཅུང་ཟད་རེད་ཡོད་པ་ལས་སྤྱིའི་ཆ་ནས་འགྱུར་ལྡོག་ཆེར་མེད་ལ་ལྷག་པར་དུ་འབྲོག་ཕྱོགས་ས་ཁུལ་སོ་སོར་བསྡུར་ན་ཅུང་འཐུས་ཚང་ཡིན་པ་རྟོགས་ཐུབ།
གཉིས་པ། གཉེན་སྟོན་གྱི་ཆོ་ག
གཉེན་སྟོན་གྱི་ཆོ་ག་ནི་གཉེན་སྟོན་བྱེད་པའི་གོ་རིམ་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་སྔ་ཕྱི་གོ་རིམ་ཡོད་པའི་སྒོ་ནས་ཚགས་དམ་ཞིང་རིམ་པ་ལྟར་བྱ་བ་སྒྲུབ་པའི་གནས་ཚུལ་ལ་བྱ་ཞིང་དེར་གཉེན་སྟོན་བྱེད་པའི་གོ་རིམ་ཡོངས་ཀྱི་བྱེད་སྒོ་སྣ་ཚོགས་འདུ་ཤིང་སོ་སོར་རྒྱུ་ཆ་དང་ཡོ་བྱད། ནུས་པ་སྤྱོད་སྒོ་ལ་སོགས་མི་འདྲ་བའི་དབང་གིས་གཉེན་སྟོན་བྱེད་པའི་གོ་རིམ་ཁྲོད་དུ་ཆོ་ག་གང་མང་འདུ་བ་འདི་ཡང་གཉེན་སྟོན་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པར་འགྱུར་བ་དང་མ་འོངས་པའི་ལོ་ཟླའི་ནང་དུ་ཁྱིམ་ཚང་འདིར་གཡང་འཁོར་ཞིང་སྒོ་རུ་ནོར་ལུག་གིས་བཀང་པའི་སྨོན་འདུན་ཟབ་མོ་བཅོལ་བ་དང་མཚུངས་ལ་ཆོ་ག་སོ་སོ་ཁྱིམ་ཚང་གི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་བདེ་སྐྱིད་དང་བྲལ་ཐབས་མེད་པ་ཞིག་ཡིན་པ་གསལ་པོོར་མཐོང་ནུས།
1. བག་མའི་ཞྭ་མོ་ལེན་ཚུལ་སྐོར།
བག་མའི་ཞྭ་མོ་ལེན་ཚུལ་ལ་ནི་བྱང་འབྲོག་ལམ་ཡིག་ལས་བུ་མོ་དེ་བག་མ་ལེན་མཁན་གྱི་མི་ཚང་དེ་དང་ཉེ་བའི་སར་སླེབས་པའི་ཚེ། བག་མ་ལེན་མཁན་གྱི་མི་ཚང་དེའི་ཕྱོགས་ནས་བག་མའི་ཞྭ་མོ་ལེན་མཁན་གྱི་རྟ་པ་གཉིས་དེར་འབྱོར་ཞིང་། དེའི་ཚེ་བག་མའི་མིང་པོ་དེས་རྟ་ཐོག་ནས་ལྕག་ཚན་གྱིས་བུ་མོའི་ཞྭ་ལ་སྒུལ་ཙམ་བྱས་པའི་རྗེས་སུ་ཞྭ་ལེན་མཁན་གཉིས་ཀྱིས་ཞྭ་མོ་ཐད་དཀར་གནམ་དུ་བཏེགས་ཤིང་།
དེ་ནས་བག་མའི་གཡས་ཕྱོགས་སམ་གཡོན་ཕྱོགས་གང་རུང་དུ་ལེན་དགོས་པ་ཞིག་ཡིན། ཞེས་པར་གཞུག་ནས་དེང་དུས་ཞྭ་མོ་ལེན་དུ་འགྲོ་མཁན་ཉུང་དུ་འགྲོ་བཞིན་འདུག་ལ་བག་མའི་ཁྱིམ་ཚང་གི་སྒོར་སླེབས་ཙ་ན་ཕྱིང་པའི་གདན་དཀར་པོའི་སྟེང་དུ་ནས་སམ་འབྲས་ཀྱིས་གཡུང་དྲུང་གི་རི་མོ་བྲིས་ཡོད་པའི་ཕྱིང་གདན་སྟེང་དུ་མ་བབས་པའི་སྔོན་ལ་ཞྭ་མོ་ལེན་བཞིན་པའི་ལུགས་སྲོལ་ཞིག་དར་ཁྱབ་ཆེ་བ་ཡིན་ལ། ཉེ་བའི་དུས་སུ་ཕལ་ཆེར་ཚང་མའི་རྟ་པ་དཀར་དཀར་ཀྱི་ཚབ་ཏུ་རླངས་འཁོར་དཀར་པོ་དག་བསྒྲིགས་ནས་འགྲོ་བ་ཇེ་མང་རེད།
2. ཕྱེ་མར་བསྟོད་པ།
ཕྱེ་མར་བསྟོད་སྲོལ་འདི་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་ལ་དེའི་རྒྱུ་ཆ་གཙོ་བོ་ཕྱེ་དང་མར་གཉིས་ལས་གྲུབ་པ་སྟེ། དཀར་ཡོལ་འབྲུག་རིས་མ་ཞིག་གི་ནང་དུ་ཕྱེ་མགོ་སྤུངས་བ་ཞིག་བླུགས་ནས་དེའི་སྟེང་དུ་མར་ཆེ་ཆུང་འབྲིང་ཙམ་ཞིག་བཞག་ནས་བཟོས་བའི་རྣམ་པ་ཞིག་ཡིན་ལ་གླུ་པའི་ལག་གཡོན་མའི་ནང་བཟུང་ཞིང་ལག་གཡས་པའི་འགྲམ་པ་སྐྱོར་ནས་གླུ་ལེན་དགོས་པའི་རྣམ་པ་ཞིག་རེད། གཉེན་སྟོན་བྱེད་པའི་ཉིན་དེར་བག་མ་ཚང་གི་ནང་མི་དག་བག་མ་སློང་མཁན་ཚང་གི་ཁྱིམ་ལ་སླེབས་རྗེས་སུ་བག་མ་སློང་མཁན་ཚང་གི་མི་ཞིག་གིས་ཕྱེ་མར་ལག་གཡོན་མའི་ནང་ལ་བཟུང་ནས་ལག་གཡས་པས་འགྲམ་པ་སྐྱོར་ནས་ཕྱེ་མར་གྱི་བསྟོད་པ་རྣམ་གསུམ་ཏེ་མགྲོན་པོ་ཚང་ལ་དྲི་བའི་ཚུལ་དུ་ལེན་པ་ཞིག་ཡིན།
ཕྱེ་མར་གཏད་ཚར་བ་ནས་བཟུང་རིམ་བཞིན་གླུ་ལེན་པའི་གོ་རིམ་དུ་བཞུགས་པ་ཡིན་ལ། མང་ཆེ་ཤོས་ཤིག་ཕན་ཚུན་བར་ལེན་རེས་བྱེད་པའི་འགྲོ་ལུགས་ཤིག་ཡིན། ས་ཆ་འདིར་མཚོན་ན་མང་ཆེ་ཤོས་ཤིག་གླུ་ཡི་རྣམ་པའི་ཚུལ་གྱིས་ལེན་སྲོལ་ཡོད་ལ། འགའ་ཞིག་གཏམ་བཤད་གྱི་རྣམ་པའི་སྒོ་ནས་སྟོན་བཤད་བྱེད་ཚུལ་ཡང་ཉུང་ཤས་ཡོད། ཡིན་ནའང་ཉེ་བའི་ལོ་དུ་མའི་རིང་དུ་མང་ཆེ་བ་གླུའི་རྣམ་པ་བྱས་ནས་ལེན་སྲོལ་ཅུང་མང་ལ་དར་སྲོལ་ཡང་ཆེ་གྲས་སུ་མཐོང་། རིམ་པ་བཞིན་དུ་གཉེན་གྱི་དར་ཚུལ་དང་བཤད་པ་དང་ཁ་མཚར། སྲིད་པའི་བུ་ཆུང་། ནས་གླུ། འབའ་འཚེ་རུ། ཨ་མགྲོན། རྒྱན་ཆ་བཤད། གསེར་གླུ། སྒོ་གླུ། བཀྲ་ཤིས་འཇོག་པ་བཅས་གོ་རིམ་བཞིན་བྱེད་ལ་དེ་ལས་ང་ཚོའི་གཉེན་སྲོལ་གྱི་སྣ་མང་རང་བཞིན་མང་པོ་ཞིག་ལ་ཕྱིར་རྟོག་དང་རྒྱུས་ལོན་བྱེད་ཐུབ་པ་རེད།
གསུམ་པ། གཉེན་སྲོལ་གྱི་ཁྱད་ཆོས།
1. སྐད་ཆའམ་ནང་དོན་གྱི་ཆ་ནས།
བསྐལ་པ་སར་ཆགས་བ་སོ་ཁར་སྐྱེས་ནས་བཟུང་འཇིག་རྟེན་སྣོད་བཅུད་ཀྱི་བཀོད་པའི་ཆགས་ཚུལ་དང་གཉེན་ཀྱི་བྱུང་སྲོལ། འཕེལ་རྒྱས། གཉེན་གྱི་དར་བ་རྣམ་གསུམ་བཅས་རིམ་པ་ལྟར་བཤད་ཡོད་པས་དེར་ལོ་རྒྱུས་ཀྱི་དགེ་མཚན་ཐོན་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་མཐུག་ལ་ནང་དོན་ཡང་ཕུན་སུམ་ཚོགས་པ་དང་གཉེན་སྲོལ་བརྒྱུད་རིམ་ཚགས་དམ་པ་ཞིག་ང་ཚོ་རྗེས་རབས་པ་རྣམས་ཀྱི་ཡིད་ཀྱིས་དགའ་སྟོན་དུ་ཝ་ལེར་ཤར་ཡོང་བའི་སྣང་བརྙན་གསོན་པོ་ཞིག་བཞེངས་སྐྲུན་བྱས་ཡོད་པ་རེད།
2. བརྗོད་བྱེད་ཀྱི་ཆ་ནས།
གཉེན་སྟོན་གྱི་བཤད་པ་དང་གཉེན་གླུ་མང་ཤོས་ཤིག་ནི་ཚིགས་བཅད་ཀྱི་རྣམ་པའི་སྒོ་ནས་ལེན་པར་སྟབས་བདེ་བ་དང་ཕ་རོལ་བའི་གོ་བདེ་བའི་གནས་སུ་བྱས་ཡོད་ལ་དེ་ཡང་ཚིག་རྐང་མང་ཆེ་ཤོས་ནི་ཚེག་བར་བདུན་མ་དང་བརྒྱད་པ་གཉིས་སུ་བཟོས་ནས་གྲུབ་ཡོད་པ་ཞིག་རེད། ཁ་སྐད་བཀོལ་སྤྱོད་ཀྱི་ཚད་ཆེ་ལ་གླུ་པ་མང་ཆེ་བས་ལེན་སྐབས་སུ་སྐད་ཀྱི་གདངས་དབྱངས་དང་འགྲོགས་ནས་བབས་བསྟུན་གྱིས་ཁ་སྐད་བཀོལ་སྤྱོད་བྱེད་པ་ནི་ཁོ་ཚོར་གོམས་གཤིས་སུ་ཆགས་ཡོད་པ་ཞིག་ཡིན་པར་སྙམ། དེ་བས་སྐད་ཡིག་གི་རྨང་གཞི་མེད་མཁན་ཞིག་ཡིན་ཡང་གཉེན་སྲོལ་དང་འབྲེལ་བའི་གླུ་མང་པོ་ཕར་ལེན་ཚུལ་ལེན་བྱེད་པར་དཀའ་ཁག་ཅི་ཡང་མེད་ལ་གཞན་གྱིས་བླངས་པའི་དྲི་གླུ་དེ་ཚོར་རང་ཉིད་ཀྱིས་ལན་གནང་བར་དཀའ་ཁག་གང་ཡང་ཡོད་པ་མ་རེད། ཁ་སྐད་ཀྱི་ལམ་ནས་གཉེན་གླུ་ལེན་པ་ནི་ཁོ་རང་ཚོའི་ཁྱད་ཆོས་ཤིག་ཡིན་པ་གདོན་མི་ཟའོ། འདི་འདྲའི་གླུ་པ་གླུ་མ་འཇོན་ཐང་ཅན་སྐོར་ཞིག་དམངས་ཁྲོད་ཀྱི་ཡིག་རྨོངས་བའི་སྡེ་རུ་མཐོང་རྒྱུ་ཉུང་ཉུང་ག་ལ་ཡིན་ཏེ་ཁོ་ཚོས་གྲེ་འགྱུར་ངག་སྒོ་ལས་ང་ཚོས་སྔར་ཐོས་མ་མྱོང་ཞིང་རིན་ཐང་བྲལ་བའི་གླུ་གཞས་མང་པོ་ཞིག་ཉན་ཐུབ་ལ་ངང་གིས་ཤེས་ཀྱང་ཡོང་བ་ཞིག་རེད། ད་དུང་ཁོང་ཚོས་གླུ་གཞས་ཀྱི་རྒྱ་མཚོའི་གཏིང་མཐའ་ནས་ཆུ་ཐིགས་རྡོག་པོ་ལྟ་བུའི་གླུ་གཞས་མང་དག་ཅིག་སྔོག་འདོན་བྱེད་རྒྱུ་རིན་ཐང་ཆེན་པོ་ལྡན་སྙམ། བརྗོད་བྱེད་ཀྱི་ཚིག་དོན་དག་མང་ཚོགས་ཀྱི་བློ་ཁ་དང་འཚམས་ལ་སྐད་ཆར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་རང་བཞིན་ཡང་ལྡན་པ་ཞིག་རེད།
ལྔ་བ། མཇུག་བསྡུ་བ།
སྤྱིར་རྒྱལ་ཁབ་དང་མི་རིགས་གང་ཞིག་ལ་མཚོན་ན་གཉེན་སྲོལ་རིག་གནས་ནི་གང་དེའི་སྲོལ་རྒྱུན་རིག་གནས་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་ཡིན་ལ་དེ་བས་བོད་ཡུལ་འདིར་མཚོན་ནས་བཤད་ན་གཉེན་སྲོལ་རིག་གནས་ལ་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་དང་བརྒྱུད་རིམ་ལྡན་པ་ནང་དོན་དང་བརྗོད་བྱ་གང་ཅིའི་ཐད་ནས་བལྟས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཡིན་པས་བོད་ཀྱི་རིག་གནས་གྲུབ་ཆ་གཙོ་བོ་ཞིག་དུ་ཆགས་འདུག་ལ་དེའི་ནང་དོན་ཐད་ནས་བལྟས་ན་ང་ཚོའི་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་པ་ངང་གིས་ཚོར་ནུས་ལ་འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་ཁྲོད་ནས་ནམ་ཡང་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ཤོག་ཕྲེང་ཞིག་ཀྱང་ག་ལ་མིན།
དེ་བས་དམངས་ཁྲོད་གྱི་གཉེན་སྟོན་རིག་གནས་ལ་སོགས་པར་མཚོན་ནས་བཤད་ན་སྲིད་པ་ས་ཆགས་ནས་བ་སོ་ཁར་སྐྱེས་བ་ནས་བཟུང་ཏེ་གཅིག་མ་ཆད་གཉིས་མ་ལུས་པར་གཉེན་སྲོལ་རིག་གནས་ཀྱི་ཆགས་ཚུལ་དང་བྱུང་འཕེལ་སོགས་རིམ་བཞིན་གསལ་བཤད་བྱས་ནས་ཡོད་པ་ཞིག་ཡིན་པས་དེར་ལོ་རྒྱུས་དང་རིག་གནས་ཀྱི་ཕྱོགས་གང་ནས་བལྟས་ཀྱང་རིན་ཐང་ཆེན་པོ་ཞིག་ལྡན་ཡོད་པ་རེད། དེང་སང་སྲོལ་རྒྱུན་རིག་གནས་མང་པོ་ཉམས་དམས་སུ་འགྲོ་བ་ཅུང་ཚབས་ཆེ་བར་མཐོང་བས་གཞོན་སྐྱེས་དག་ལ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པའི་སྙིང་ཕུར་གདབ་པ་དང་ཆབས་ཅིག་ཏུ་རང་ཉིད་ཀྱིས་ཡིད་ལ་འཇོག་ཕྱིར་འདི་འདྲ་ཞིག་སྤེལ་བ་ཀུན་ལ་ཕན་ཐོགས་པའི་རྒྱུ་རུ་འགྱུར་བར་སྨོན། །