ཞི་ཅིན་ཕིང་གིས་ཁོ་སི་ཐཱ་རེ་ཁཱའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་བརྙན་འཕྲིན་དྲ་བ། སྤེལ་དུས། 06-08


        རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་དགོང་མོར་ཁོ་སི་ཐཱ་རེ་ཁཱའི་ཙུང་ཐུང་ཨ་ཨར་ཝ་ལཱ་ཏའོ་དང་ཁ་པར་གྲོས་མོལ་མཛད། 
        ཞི་ཅིན་ཕིང་གིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཁོ་སི་ཐཱ་རེ་ཁཱ་ཕྱོགས་ཀྱིས་རང་འགུལ་གྱིས་ཀྲུང་གོའི་ཕྱོགས་ལ་སྨན་བཅོས་མཁོ་དངོས་ཀྱི་རོགས་སྐྱོར་བྱས་པ་དང་། མཛའ་བཤེས་དེ་ང་ཚོས་ནམ་ཡང་ཡིད་ལ་དམ་པོར་བཅངས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཁོ་སི་ཐཱ་རེ་ཁཱ་རྒྱལ་ཁབ་དེ་ལཱ་ཏེན་མཱེ་གླིང་ས་ཁུལ་དུ་རིམས་འགོག་མཉམ་ལས་སྤེལ་བའི་གྲོགས་པོ་གཙོ་བོར་བརྩིས་ཡོད་པ་དང་། ཁོ་སི་ཐཱ་རེ་ཁཱའི་ཕྱོགས་ལ་རིམས་འགོག་མཁོ་དངོས་ཞལ་འདེབས་སུ་ཕུལ་བར་མ་ཟད། རིམས་འགོག་ཉམས་མྱོང་བརྗེ་རེས་བྱེད་པའི་བརྙན་རིས་གྲོས་ཚོགས་སྤེལ། མིག་སྔར་ལཱ་ཏེན་མཱེ་གླིང་ས་ཁུལ་གྱི་རིམས་ནད་གནས་བབ་ཛ་དྲག་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཁོ་སི་ཐཱ་རེ་ཁཱའི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ་དང་། ཁོ་སི་ཐཱ་རེ་ཁཱའི་དགོས་མཁོ་ལྟར་དུ་རང་ནུས་ཅི་ལྕོགས་ཀྱིས་རོགས་རམ་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆུང་འབྲིང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཁོ་སི་ཐཱ་རེ་ཁཱ་དང་མཉམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རིམས་འགོག་བྱ་བ་ཧུར་ཐག་སྒོས་སྤེལ་ནས་འཛམ་གླིང་ཡོངས་ཀྱི་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་ནི་ཀྲུང་གོའི་ཕྱོགས་ཀྱིས་ཡིད་རྟོན་རུང་བའི་འཐབ་ཇུས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐེབས་ཡོད། རིམས་ནད་ཀྱིས་ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ཀྱང་། ཀྲུང་གོའི་ཕྱོགས་ཀྱིས་ཁོ་སི་ཐཱ་རེ་ཁཱའི་བར་གྱི་དུས་ཡུན་རིང་བོའི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་འགྱུར་མི་སྲིད་པ་དང་། ཁོ་སི་ཐཱ་རེ་ཁཱ་ཕྱོགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་དམངས་འཚོ་ལེགས་བཅོས་བྱེད་པའི་ལངས་ཕྱོགས་འགྱུར་མི་སྲིད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་དུ་རིམས་འགོག་མཇུག་སྒྲིལ་རྗེས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་འཆར་འགོད་བྱས་ཏེ། བརྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་དགོས། ཀྲུང་གོ་དང་ཁོ་སི་ཐཱ་རེ་ཁཱའི་འབྲེལ་བ་དེ་མཉམ་དུ་རིམས་འགོག་བྱས་པའི་རྗེས་སུ་སྔར་ལས་འཕེལ་རྒྱས་གསར་བ་འབྱུང་སྲིད་པར་ཡིད་ཆེས་ཡོད་ཅེས་གསུངས། 
        ཨ་ཨར་ཝ་ལཱ་ཏའོ་ཡིས་བསྟན་དོན། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཅུ་གསུམ་རིང་ལ། ཕྱོགས་གཉིས་ཀྱི་བར་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། ཕན་ཚུན་བར་གྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཞིན་ཡོད། ཁོ་སི་ཐཱ་རེ་ཁཱའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སྤྱི་བའི་འཕྲོད་བསྟེན་དང་རྨང་གཞིའི་སྒྲིག་ཆས། རིག་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཀྲུང་གོའི་ཕྱོགས་མཱེ་གླིང་དབུས་མར་བསྐྱོད་པའི་ཟམ་པ་ལྟ་བུར་འགྱུར་འདོད་ཡོད་པ་དང་། ཁོ་སི་ཐཱ་རེ་ཁཱ་དང་ཀྲུང་གོའི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ནི་རླབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཁོ་སི་ཐཱ་རེ་ཁཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་ཞིབ་འཇུག་གསར་སྤེལ་བྱས་པའི་འགོག་སྨན་དེ་རྒྱལ་སྤྱིའི་སྤྱི་བའི་ཐོན་རྫས་སུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པར་གཟེངས་བསྟོད་བྱེད་པར་མ་ཟད། ཀྲུང་གོའི་ཕྱོགས་ཀྱིས་ཁོ་སི་ཐཱ་རེ་ཁཱའི་རིམས་འགོག་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད། ཁོ་སི་ཐཱ་རེ་ཁཱ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1