རྟའུ་རྫོང་གི་ཞིང་ལས་ལ་གཞི་གྲངས་ཆེན་པོ་སྤྱད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-11



        གཟའ་མཇུག་གི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་སྤྱོད་བཟང་བཟོ་ལས་གླིང་ཁུལ་གྱི་ལས་དོན་མི་སྣ་ཡུས་ཞའོ་པོ་ལ་གླིང་ཁུལ་གྱི་ཁེ་ལས་13གྱི་འབྱུང་འགྱུར་གཟའ་འཁོར་གཅིག་གི་ལས་མི་དགོས་མཁོའི་བརྡ་ཐོ་འབྱོར་བ་དང་། གླིང་ཁུལ་གྱི་ལས་དོན་གྲངས་མཛོད་མ་ལག་ལེགས་སྒྲིག་དང་ཕྱོགས་སྡོམ་བྱས་པ་བརྒྱུད་དེ། ཡུས་ཞའོ་པོ་ཡིས་གཟའ་འཁོར་རྗེས་མར་ལས་ཀ་བྱེད་པའི་ཚོགས་ཆུང་དང་ཁོངས་མིའི་མིང་ཐོ་རེ་རེ་བཞིན་བླངས་ཏེ། སྐད་འཕྲིན་བརྒྱུད་ནས་ལས་དོན་ཚོགས་ཆུང་ཁག་གི་ཚོགས་གཙོའི་ལག་ཐོག་ཁ་པར་སྟེང་བསྐུར་བ་རེད།
ཡངས་ཤིང་རྒྱ་ཆེ་བའི་སྤྱོད་བཟང་བཟོ་ལས་གླིང་ཁུལ་དུ་ལས་མི་རྣམས་ཀྱིས་ངལ་རྩོལ་བྱེད་བཞིན་པ།
        ལས་དོན་ཚོགས་ཆུང་དགུ་པའི་ཚོགས་གཙོ་རྒྱ་མཚོས་ཁོངས་མིའི་མིང་ཐོ་མཐོང་རྗེས། འཕྲལ་དུ་ཚོགས་ཆུང་གི་གྲོང་མི་ངལ་རྩོལ་པ་17ལ་ལས་ཀ་བྱེད་པའི་དུས་ཚོད་དང་ས་གནས་ཀྱི་བརྡ་ཐོ་བཏང་། བཀྲ་ཤིས་སྒྲོལ་མ་ནི་དེའི་ཁྲོད་ཀྱི་ངལ་རྩོལ་མི་སྣ་ཞིག་ཡིན། ད་ལོ་ཁོ་མོས་གླིང་ཁུལ་གྱི་ཁེ་ལས་13ནང་རེས་མོས་ངང་ལས་ཀ་ཉིན་30ལྷག་ཙམ་བྱས་པ་དང་། ཉིན་ལྟར་ཡོང་འབབ་སྒོར་120ཡོད་པ་རེད། ལས་དུས་འཕར་མའི་སྐབས་སུ་ཆུ་ཚོད་རེར་གླ་ཕོགས་འཕར་མ་སྒོར་20ཡོད། འདི་ལྟ་བུའི་ལས་ཀ་བྱེད་སྟངས་ཀྱི་གོ་རིམ་ཁྲོད་ཁོ་མོས་རང་ཉིད་ཀྱི་དུས་ཚོད་སྔ་ས་ནས་བཀོད་སྒྲིག་བྱས་ཆོག་པ་དང་། ལས་ཀ་མེད་དུས་ཁོ་མོ་པཱ་མེ་གྲོང་རྡལ་གྱི་ལས་ཡུལ་དུ་གླ་པ་བྱེད་པར་བསྐྱོད་ཅིང་། ཡོང་འབབ་ཀྱི་ཐབས་ལམ་ཡང་སྔར་ལས་ཇེ་མང་དུ་གྱུར།  
སྤྱོད་བཟང་བཟོ་ལས་གླིང་ཁུལ་དུ་ལས་བཟོ་བ་ཚོས་ནན་ཏན་ངང་ཚོད་མའི་མྱུ་གུ་འདེབས་འཛུགས་བྱེད་བཞིན་པ། 
        སྤྱོད་བཟང་བཟོ་ལས་གླིང་ནི་རྟའུ་རྫོང་གི་པཱ་མེ་གྲོང་རྡལ་དང་ཞི་བདེ་ཤང་དུ་ཡོད། 2018ལོ་དང་2019ལོར་ས་གནས་དེ་གའི་མང་ཚོགས་ཀྱི་ཨོ་སུན་འདེབས་འཛུགས་ཀྱི་ཡོང་འབབ་ཧ་ཅང་མང་པོ་འཕར་ཡོད། རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་ལས་མི་སྣ་གདན་དྲངས་ནས་ས་གནས་དེ་གའི་གནམ་གཤིས་དང་། ཆུ་དཔྱད། ས་ཞིང་བཅས་ཀྱི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ། 2019ལོའི་ཟླ་9པར་སྤྱོད་བཟང་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། མིག་སྔར་གླིང་ཁུལ་དུ་འདེབས་འཛུགས་ཁེ་ལས་13ནང་འདྲེན་བྱས་པ་དང་ས་ཞིང་མུའུ་ཁྲི་1.1ལ་གཞི་ཁྱོན་ཆེན་པོས་ཨོ་སུན་དང་པད་ཁ་འདེབས་བཞིན་ཡོད། 
        འདེབས་འཛུགས་ལས་རིགས་ཚད་ལྡན་དུ་གཏོང་པ་ནི་གླིང་ཁུལ་འཕེལ་རྒྱས་ཀྱི་མདུན་སྐྱོད་ཁྲོད་ཀྱི་དཀའ་གནད་ཆེན་པོ་ཞིག་རེད། རྫོང་ཨུ་དང་སྲིད་གཞུང་གིས་ཕྱོགས་མང་པོར་རྟོག་ཞིབ་བྱས་པ་བརྒྱུད་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གླིང་ཁུལ་དང་། ཁེ་ལས། བཟོ་བ། གྲངས་གཞི་ཆེན་པོ་བཅས་ཟུང་དུ་སྦྲེལ་བའི་བློ་ལྡན་ལས་མི་བཀོལ་སྤྱོད་བྱེད་སྟངས་གསར་པ་ཞིག་བཏོན་པ་དང་། གླིང་ཁུལ་གྱི་ངལ་རྩོལ་གཞི་གྲངས་བང་མཛོད་བཙུགས་ཤིང་། ལས་དོན་མི་སྣ་ཚང་མས་གླིང་ཁུལ་དང་ངལ་རྩོལ་ཕྱིར་གཏོང་གི་གན་རྒྱ་བཞག་པ་དང་། མི་10རེ་ཚོགས་ཆུང་རེ་བྱས་ནས་ཚོགས་ཆུང་མང་པོ་ཞིག་བཙུགས ། གཙོ་ཤུགས་དང་རྗེས་གྲབས་དཔུང་ཁག་2བཙུགས་ཏེ། གླིང་ཁུལ་ནང་གི་ཁེ་ལས་13གྱི་ལས་མི་སྤྱོད་པའི་དགོས་མཁོར་འགན་ལེན་བྱས་པ་དང་དུས་མཚུངས་ མཐའ་འཁོར་གྱི་ཤང་དང་གྲོང་རྡལ་ལ་ཤུགས་རྐྱེན་ཐེབས་ནས་སྐུལ་ཁྲིད་ཀྱི་ནུས་པ་ཐོན་པ་རེད།
ནན་ཏན་སྒོས་ངལ་རྩོལ་བྱེད་པའི་ལས་བཟོ་བ་རྣམས་ནི་ལྗང་མདོག་གི་ས་ཞིང་སྟེང་གི་མཛེས་ལྗོངས་ཤིག་དང་མཚུངས།  
        གཞི་གྲངས་མཛོད་ཁ་ཕྱེ་ཚེ། ཟླ་བ་གཉིས་ཀྱི་རིང་གི་ལས་མིའི་ལོ་ཚད་དང་། རིག་གནས་ཆུ་ཚད། ལས་ཀ་བྱེད་ཡུལ། ལས་ཀ་བྱེད་ཡུན། ཡོང་འབབ་མང་ཉུང་སོགས་ཀྱི་གནས་ཚུལ་གསལ་པོར་རྩད་གཅོད་བྱེད་ཐུབ་ལ། མིག་སྔར་ལས་མི་500ཡི་གཞི་རྩའི་ཆ་འཕྲིན་གཞི་གྲངས་བང་མཛོད་དུ་བཅུག་ཡོད།
        སྐལ་བཟང་གཡང་མཚོ་ནི་ཁྱིམ་ཚང་གི་རྐྱེན་པས་ཕྱི་ལ་ཞོར་ལས་བྱེད་པར་འགྲོ་མི་ཐུབ། ལོ་མགོར་ཁོ་མོས་རང་ཁྱིམ་གྱི་ས་ཞིང་མུའུ་26གླིང་ཁུལ་དུ་བརྒྱུད་བཤུག་བྱས་པ་དང་། འཁོར་རྒྱུག་གི་འགྲོ་གྲོན་ཕྱེད་ཀ་ཐོབ་ཅིང་། དུས་མཚུངས་སུ་ཁོ་མོ་གླིང་ཁུལ་གྱི་ལས་དོན་ཚོགས་ཆུང་དུ་ཞུགས། ད་ལྟ་ཁོ་མོ་ཡོད་སའི་ཚོགས་ཆུང་གིས་གླིང་ཁུལ་དུ་ལས་ཀ་བྱས་ནས་ཉིན་30ལྷག་ཙམ་སོང་བ་དང་། ཉིན་ལྟར་ཡོང་འབབ་སྒོར་120ཡོད། ངལ་རྩོལ་ཁྲོད་ཀྱི་སྐལ་བཟང་གཡང་མཚོས་རང་གི་ངོ་གདོང་ཉི་མས་ཚིག་པ་འགོག་ཆེད་སེང་རས་ཀྱིས་བཀབ་ཡོད། ཁོ་མོས་བརྗོད་དོན། སྔོན་ཆད་གླ་པ་བྱེད་པར་སོང་དུས་རྟག་པར་གཞན་གྱིས་ལས་ཀ་མང་པོ་བྱས་པ་དང་རང་གིས་ཉུང་ཉུང་ལས་བསྒྲུབ་མེད་པར་སེམས་ཁུར་བྱས ། ད་ལྟ་ཚོགས་ཆུང་ཡོད་པ་དང་། ལས་ཀ་སྔར་ལས་ཚད་ལྡན་དུ་བཏང་པས། ཚང་མས་བསྒྲུབ་པ་ཕྱི་གསལ་ནང་གསལ་ཡིན་ལ། ཡོང་འབབ་ཀྱང་ཁ་གསལ་པོ་རེད། ད་རུང་རང་གི་ཁྱིམ་ཚང་ཡང་བདག་སྐྱོང་བྱེད་ཐུབ་པས། ཡོང་འབབ་འཚོལ་བ་དང་ཁྱིམ་ཚང་བདག་སྐྱོང་བྱེད་པ་གཉིས་ཀ་འཐུས་ཤོར་དུ་མི་འགྲོ་ཞེས་ཟེར།
ངལ་རྩོལ་བྱེད་བཞིན་པའི་ལས་བཟོ་བ་ཚོས་ཚོད་མྱུག་རེ་རེ་བཞིན་ལག་པ་ཧ་ཅང་འཇམ་པོའི་སྒོ་ནས་འདེབས་འཛུགས་བྱེད་བཞིན་པ། 
        ཁམས་པའི་མེ་ཏོག་ནི་གླིང་ཁུལ་གྱི་ཆེས་སྔ་བའི་འདེབས་འཛུགས་ཁེ་ལས་ཀྱི་གྲས་ཤིག་ཡིན། ལོ་2ལ་བསྟུད་མར་ཞེ་བདེ་ཤང་དུ་སྔོ་ཚོད་འདེབས་འཛུགས་བྱེད་པའི་ཁེ་ལས་ཀྱི་གྲས་ཤིག་ཀྱང་རེད། བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་བྱེད་པའི་སྐོར་གླེང་སྐབས། ཁེ་ལས་ཀྱིས་འགན་འཛིན་པས། གླིང་ཁུལ་གྱི་ས་ཞིང་ཡུག་གཅིག་ཏུ་སྦྲེལ་བ་དང་དོ་དམ་སྔར་ལས་སྟབས་ཇེ་བདེ་རུ་ཕྱིན་པ་དང་བསྟུན་ནས། གླིང་ཁུལ་དུ་ལྕགས་དྲ་སྐོར་བ་དང་། ཚད་གཞི་མཐོ་བའི་ཞིང་ཁ་དང་སྒྲིག་བཀོད་ཞིང་ལས། འཁྱགས་སྦྲེལ་ཟོག་འགྲེམས་སོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད། ས་ཞིང་མུའུ་200བརྒྱུད་བཤུག་གཏོང་བའི་བྱ་དགའ་དང་ཁ་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས། ཁེ་ལས་ཀྱི་མ་དངུལ་གྱི་གནོན་ཤུགས་ཇེ་ཆུང་དུ་སོང་ལ། ལྷག་པར་དུ་གླིང་ཁུལ་དུ་གཟའ་འཁོར་རེར་ངལ་རྩོལ་མི་སྣ་མངགས་གཏོང་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པས། ཁེ་ལས་དང་གྲོང་མིའི་དབར་གྱི་འབྲེལ་གཏུག་མ་གནས་གྲོན་ཆུང་བྱས་པ་དང་། ལས་མི་བཀོལ་སྤྱོད་སྔར་ལས་ལུགས་མཐུན་དང་ཕན་འབྲས་ལྡན་པར་གྱུར་ཅིང་། ལས་མི་ཚན་རིག་དང་མཐུན་པར་དོ་དམ་བྱེད་པའང་མངོན་འགྱུར་བྱུང་བ་རེད།
        རྟའུ་རྫོང་ཨུའི་ཧྲུའུ་ཅི་ཕུའུ་ཡུང་ཧྥུང་གིས་ངོ་སྤྲོད་བྱས་དོན། “ལས་མི་བཀོལ་བ་ཚད་ལྡན་དུ་གཏོང་བ་དང་ཞི་མཐུན་ལས་ཞུགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་འདེབས་འཛུགས་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བའི་ཐབས་ལམ་ལེགས་གྲས་ཤིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཚོང་རས་སྐུལ་འདེད་གཏོང་བ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན་ལ། ལས་ཀ་བྱེད་འདོད་ཡོད་པའི་མི་རེ་རེའི་རྩལ་ནུས་དང་ཆུ་ཚད། ལས་ཞུགས་དགའ་ཕྱོགས་བཅས་ལ་རྒྱུས་ལོན་གསལ་པོ་བྱས་པ་དང་། གཞི་གྲངས་ཆེན་པོ་སྤྱད་ནས། གླིང་ཁུལ་དང་། ཁེ་ལས། ལས་གཉེར་མི་སྣ་བཅས་ཕན་ཚུན་དབར་གྱི་བགྲོ་གླེང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་པ ། ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གནས་ཚུལ་དུས་དང་བསྟུན་ནས་རྒྱུས་ལོན་བྱས། ཤང་དང་། གྲོང་རྡལ། ཐོན་ལས་ལས་བརྒལ་བ་བཅས་ཀྱིས་ངལ་རྩོལ་ནུས་ཤུགས་ཀྱི་ཆ་འཕྲིན་མཉམ་འདྲེས་དབྱེ་ཞིབ་བྱས་པ་དང་། ལས་ཞུགས་ལས་གནས་དང་ངལ་རྩོལ་ནུས་ཤུགས་གནད་སྨིན་ཆ་འགྲིག་ཡོང་བར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྟན་པོ་དྲུག་གི་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པོར་བསྒྲུབས་པ་ཡིན།”ཞེས་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1