“འཕྲུལ་ཆས་འདི་ངོ་མ་ངར་བ་རེད” “སྐྱིད་པོ་འདུག སྔོན་ཆད་ས་ཆ་འདི་འདྲ་ཞིག་ལ་ཉུང་མཐར་ཡང་ཉིན་གཉིས་དགོས་པ་རེད། ད་ལྟ་ཆུ་ཚོད་ཁ་ཤས་ཙམ་ལས་དགོས་ཀྱི་མི་འདུག དངོས་གནས་ཚན་རྩལ་གྱིས་འཚོ་བ་བསྒྱུར་ཞེས་པ་དེ་རང་རེད།” ཞིང་རའི་དོས་ལམ་ཐོག་ཚང་མས་གྲོས་བསྡུར་བྱེད་པའི་འཕྲུལ་ཆས་འདི་ནི་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་ཞིག་རེད། རྒྱང་རིང་ནས་ཚོད་འཛིན་བྱས་པ་བརྒྱུད། མི་མེད་གནམ་གྲུ་གྲོ་ཞིང་དུ་འཕུར་ནས་ཞིང་སྨན་གཏོར་ཏེ་གྲོ་སྙེའི་བཙའ་ནད་དང་དེ་བཞིན་ནད་འབུའི་གནོད་འཚེ་ཚབས་ཆེན་མ་ཐོན་གོང་དུ་མེད་པར་བཟོས་པ་རེད།
ཉེ་ཆར། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་གི་ཞིང་ལས་ཐོན་སྐྱེད་ཁྲོད་ཐོག་མར་ཞུགས་ནས་འབྲུ་རིགས་བདེ་འཇགས་ངང་ཐོན་སྐྱེད་བྱེད་པར་གཞོགས་འདེགས་བྱས་ཡོད། འབའ་ཐང་རྫོང་ཞིང་འབྲོག་གྲོང་གསེབ་དང་ཚན་རྩལ་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ནུས་ལྡན་སྒོས་ཞིང་ལས་རྩི་ཤིང་སྲུང་སྐྱོང་གི་དེང་རབས་འཕྲུལ་ཆས་ལག་རྩལ་ཁྱབ་གདལ་བེད་སྤྱོད་བྱས་ཚད་མཐོ་རུ་བཏང་ནས་ཞིང་གསུམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་ཆེད། ས་གནས་དེ་གས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་ནང་འདྲེན་བྱས་ནས་ནད་འབུའི་གནོད་འཚེ་འགོག་བཅོས་དང་ལོ་མའི་ངོས་སུ་ལུད་རྒྱག་པ་སོགས་ཞིང་ལས་ཐོན་སྐྱེད་ཁྱབ་ཁོངས་སུ་སྤྱད་དེ་ཞིང་ལས་ཐོན་འཕར་འབབ་འཕར་ཡོང་རྒྱུར་རམ་འདེགས་བྱས་ཡོད།
ཉི་འོད་འོག་དང་བསིལ་རླུང་ཁྲོད། གྲོ་ཞིང་ནི་སྔོ་ལྗང་གི་རྦ་རླབས་འཕྱུར་བཞིན་པ་དང་འདྲ། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྐབས་རེར་མགྱོགས་པོར་མདུན་དུ་འཕུར་ལ། སྐབས་རེར་དལ་བུར་དཀྱོག་ནས་མུའུ་200ལྷག་ཙམ་གྱི་གྲོ་ཞིང་ལ་སྨན་གཏོར་ནས་“ཕན་ཆེ་དང་། གནད་སྨིན། མགྱོགས་པོ་”བཅས་ཀྱི་ཕྱི་རོལ་དུ་སྨན་གཏོར་བའི་ལས་ཀ་ཁྱོན་ཡོངས་ལ་ཁྱབ་པ་བྱས་ཡོད།
“ཐོག་མར་ཞིང་ལས་ལོ་ཏོག་གི་རིགས་དང་། ལས་ཀའི་རྒྱ་ཁྱོན། ས་དབྱིབས། ནད་དང་འབུ་སྐྱོན་གྱི་གནས་ཚུལ། འགོག་བཅོས་ཀྱི་དུས་འཁོར་བཅས་གཏན་ཁེལ་བྱེད་དགོས་པ་དང་། དེ་ནས་ས་དབྱིབས་དེ་རྩི་ཤིང་སྲུང་སྐྱོང་གི་ལས་སྒྲུབ་དང་འཚམ་མིན་ལ་རྩད་ཞིབ་བྱེད་དགོས། རྩི་ཤིང་སྲུང་སྐྱོང་གི་ལས་ཀ་བྱེད་སྐབས། ལས་ཀ་བྱེད་སའི་ཉེ་བའི་ཉིན་འགའི་རིང་གི་གནམ་གཤིས་གནས་ཚུལ་སྔོན་ནས་ཤེས་རྟོགས་བྱེད་དགོས་”ཞེས་ཆེད་ལས་མི་སྣ་ཚའོ་ཧྥུང་ལེས་འབའ་ཐང་རྫོང་གི་ཞིང་ལས་ལག་རྩལ་མི་སྣར་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་འཁྲབ་སྟོན་བྱས་པ་དང་། ཡུལ་དངོས་སུ་མི་མེད་གནམ་གྲུ་སྙོམ་སྒྲིག་ཚོད་ལྟ་དང་མི་མེད་གནམ་གྲུ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་འགྲེལ་བཤད་བརྒྱབ་པ་རེད། ཞིང་ཁའི་གསོ་སྦྱོང་སློབ་ཚན་སྐབས་ཚའོ་ཧྥེང་ལེའི་དངོས་སུ་བཀོལ་སྤྱོད་དང་འགྲེལ་བཤད་བརྒྱབ་པ་ཟུང་འབྲེལ་གྱི་རྣམ་པས་ཞིང་ལས་ལག་རྩལ་པ་ཚོ་འཚང་ཁ་ཤིག་ཤིག་ངང་ལག་རྩལ་གསར་པ་དེ་སློབ་སྦྱོང་དང་ཁོང་དུ་ཆུད་པར་ཡིད་དབང་བཀུག་ཡོད། ཞིང་ལས་ལག་རྩལ་པ་བློ་བཟང་འབུམ་པས་ཐེངས་དང་པོར་བཀོལ་སྤྱོད་བྱེད་སྐབས་དགེ་རྒན་གྱི་གཟེངས་བསྟོད་ཐོབ། “འཕུར་སྐྱོད”ཐེངས་དང་པོ་བྱས་རྗེས་ཁོས་“ད་ཐེངས་ཀྱི་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་ཡུལ་དངོས་སུ་འཁྲབ་སྟོན་བྱས་པ་དེས་ང་ཚོ་ཞིང་ལས་ལག་རྩལ་མི་སྣས་རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུའི་གཤིས་ནུས་བཟང་པོ་དང་ལས་ཕྱོད་ཆེན་པོར་ངོས་འཛིན་དེ་བས་ལེགས་པ་བྱུང་ཡོད། རང་གིས་དངོས་སུ་བཀོལ་སྤྱོད་བྱས་པས་ཚན་རྩལ་གྱི་སྟོབས་ཤུགས་ཚོར་ཐུབ་པ་བྱུང་ཡོད། རྗེས་སུ་ངེས་པར་དུ་དྲི་བ་འདྲི་རྒྱུར་ངོ་མི་ཚ་བ་བྱས་ནས་ལག་རྩལ་འདི་ཁོང་དུ་ཆུད་པ་བྱ་རྒྱུ་ཡིན”ཞེས་བརྗོད།
ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུར་བརྟེན་ནས་ས་ཞིང་མུའུ་གཅིག་ལ་སྨན་གཏོར་བར་སྐར་མ་3ལས་དགོས་ཀྱི་མེད། དེ་སྲོལ་རྒྱུན་གྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་བསྡུར་ན་ཕན་ནུས་ཆེ་བ་དང་། ཁྱོན་ཆེ་བ། སྨན་སྤྱོད་གནད་དུ་འཁེལ་བ། ལོ་ཏོག་ཐོག་ཞིང་སྨན་འཕྲོ་ལུས་ཉུང་བ། དེ་བས་ལྗང་མདོག་ཡིན་པ། དེ་བས་བདེ་འཇགས་ལྡན་པ། མི་སྤྱོད་ཚད་ཉུང་བ། གཞི་ཁྱོན་ཆེན་པོའི་ཐོག་ནས་མཉམ་འགོག་ལས་སྒྲུབ་ཐུབ་པ་བཅས་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད་པས། འབྲུ་རིགས་ཐོན་འཕར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྩི་ཤིང་སྲུང་སྐྱོང་གི་མི་མེད་གནམ་གྲུ་སྤྱོད་འགོ་ཚུགས་པ་དེས་ནད་འབུའི་རིམས་ནད་ཚབས་ཆེན་ལ་ཁ་གཏད་གཅོག་པའི་འཕྲལ་སྡོམ་སྔོན་འགོག་ཚོད་འཛིན་གྱི་ནུས་པ་དང་ཚན་རིག་དང་མཐུན་པའི་ནད་འགོག་འབུ་འགོག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ་རེད། ནད་འབུའི་རིམས་ནད་བྱུང་ཚུལ་དང་མཆེད་པའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱེད་ཐུབ་ཅིང་། ཞིང་སྨན་ཉུང་དུ་བཏང་བ་དང་གནོད་འཚེ་ཚོད་འཛིན་ཐུབ་པ་བྱས་ཏེ་ཞིང་ལས་ཐོན་སྐྱེད་ཀྱི་བདེ་འཇགས་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ཀྱི་བདེ་འཇགས། སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་བཅས་འགན་ལེན་བྱེད་ཐུབ་པ་རེད།