བོད་ལུགས་གསོ་རིག་གི་རིམས་འགོག་ཕན་འབྲས་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-16


      ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་སྤེལ་བར་གཞིགས་ན། འཐབ་ས་དང་པོའི་རིམས་འགོག་དཔའ་བོ་ལ་གུས་འདུད་ཞུ་བ་དང་། རྒྱ་བོད་གསོ་རིག་རིགས་གཅིག་མཁས་པས་ཏོག་གསར་གློ་ཚད་དང་། དབུགས་ལམ་གྱི་འགོས་ནད། དེ་བཞིན་འགོས་ནད་གཞན་དག་འགོག་བཅོས་བྱེད་པའི་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ནུས་པ་མཉམ་དུ་འཚོལ་ཞིབ་བྱེད་ཆེད། ཟླ་6ཚེས་13ཉིན་གྱི་སྔ་དྲོར་བོད་ལུགས་གསོ་རིག་གི་རིམས་འགོག་ཕན་འབྲས་བགྲོ་གླེང་ཚོགས་འདུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། 
     བགྲོ་གླེང་ཚོགས་འདུའི་ཉིན་དེར། ཧུའུ་པེར་སྐྱོད་མཁན་ཀན་སུའུ་སྨན་བཅོས་རུ་ཁག་གི་རུ་མི་དང་དེ་བཞིན་བོད་ལུགས་གསོ་རིག་གི་རིམས་འགོག་ལས་དོན་ནང་ཞུགས་མཁན་རིགས་གཅིག་མཁས་པ་9བཅས་ཀྱིས་རང་ཉིད་ཀྱི་ལས་ཀ་དངོས་དང་འབྲེལ་ནས་ཝུའུ་ཧན་དང་། ཀན་སུའུ། བོད་ལྗོངས་བཅས་ཀྱི་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ནུས་པ་བརྗོད་པ་རེད། ཡོན་ཧྲི་ཀྲུང་ནན་ཧྲན་ཚོགས་པའི་རིགས་གཅིག་མཁས་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སོགས་ཚན་པའི་བོད་ལུགས་གསོ་རིག་རིགས་གཅིག་མཁས་པ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད་པ་རེད། 
     བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་སྐལ་བཟང་གཡུ་སྒྲོན་གྱིས“ད་རེས་ཀྱི་རིམས་ནད་ཁྲོད་བོད་སྨན་གྱིས་ཕན་ཡོན་དངོས་ཀྱི་ཐོག་ནས། བོད་ལུགས་གསོ་རིག་གིས་མིའི་རིགས་ཀྱི་ནད་ཡམས་འགོག་བཅོས་བྱེད་པའི་ཁྲོད་གལ་འགངས་ཤིན་ཏུ་ཆེ་བའི་དངོས་ཡོད་ཀྱི་དོན་སྙིང་དང་ལག་ལེན་གྱི་དོན་སྙིང་གསལ་བཤད་གང་ལེགས་བྱས་ཡོད། ནད་དུག་རང་བཞིན་གྱི་ནད་གཞི་འགོག་བཅོས་བྱེད་པའི་བོད་སྨན་གྱི་སྨན་ཐོ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་སྔོག་འདོན་བྱས་པ་དེས་དབུགས་ལམ་གྱི་འགོས་ནད་འགོག་བཅོས་བྱེད་པར་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། ཕུགས་རིང་ལ་བལྟས་ན། བོད་ལུགས་གསོ་རིག་དྲག་ནད་མཆེད་རྒྱུ་སྔོན་འགོག་ཚོད་འཛིན་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་ཀྱི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུར་སྤྱི་ཚོགས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད། 
     2020ལོའི་ཟླ་1ཚེས་26ཉིན་བོད་རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་ཀྱི་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞི》(བོད་རྒྱ་ཡིག་གཉིས་ཀྱི་པར་གཞི) བཏོན་པ་རེད། ཀན་སུའུ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་2020ལོའི་ཟླ་2ཚེས་15ཉིན《རྒྱལ་ཡོངས་སུ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཀྲུང་ལུགས་གསོ་རིག་གི་སྨན་ཐོ་རབ་དང་རིམ་པ་ཁྱབ་གདལ་དང་བེད་སྤྱོད་གཏོང་བའི་སྐོར་གྱི་བརྡ་ཐོ》བཏོན་ཅིང་། བོད་ལྗོངས་ཀྱི་ཆེས་བྲིན་བོད་སྨན་ཀུང་སིས་ཐོན་སྐྱེད་བྱས་པའི་བོད་སྨན་གྱི་འཕྲུལ་ཐང་དང་། ལོ་གྱོན་མ། རིན་ཆེན་མང་སྦྱོར་བཅས་ཏོག་གསར་གློ་ཚད་སྔོན་འགོག་དང་། སྨན་བཅོས། བདེ་ཐང་སླར་གསོ་བཅས་ཀྱི་སྨན་དུ་གཏན་འཁེལ་བྱས་ཡོད། 
     ཆེས་བྲིན་བོད་སྨན་ཀུང་སིའི་ཏུང་ཧྲི་ཀྲང་ལེ་ཅུས་ཧྥང་གིས“བོད་ལུགས་གསོ་རིག་ནི་མཚོ་བོད་ས་མཐོ་ནས་བྱུང་བ་ཡིན་ཞིང་། དེར་རིག་གནས་ཀྱི་སྙིང་བཅུད་ལྡན་པས་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་འཛིན་བྱས་པའི་ལོ་རྒྱུས་ཀྱི་ལག་ལེན་ཁྲོད། ནད་རྐྱེན་མི་གསལ་བ་དང་། བརྟག་དཔྱད་མི་གསལ་པ། ལམ་སྲོལ་རྙོག་འཛིང་ཆེ་བའམ་ཡང་ན་སྤྱོད་ཆོག་པའི་སྨན་མེད་པའི་ནད་དུག་རང་བཞིན་གྱི་འགོས་ནད་རིགས་ལ་བོད་ལུགས་གསོ་རིག་ལས‘ད་ཡོད་སྨན་རྫས་ཀྱི་ཐོན་ཁུངས’སྤྱད་དེ་མགྱོགས་མྱུར་དང་ནུས་ལྡན་ངང་ནད་གཞི་མི་གསལ་བ་ཐག་གཅོད་བྱེད་པའི་བསམ་ཕྱོགས་དང་ཉམས་མྱོང་གྲུབ་ཡོད”ཅེས་བཤད་པ་དང་། “བོད་སྨན་དེ་དག་རིམས་འགོག་སྨན་རྫས་ཀྱི་མིང་ཐོར་བཀོད་པ་ལས་ང་ཚོར་གཟི་བརྗིད་ཀྱི་སྣང་བ་སྟེར་ཡོད་ལ། འགན་འཁྲི་དང་གནོན་ཤུགས་སྔར་བས་ཆེ་བའི་ཚོར་བ་ཡང་བྱུང་ཞིང་། ལས་འཛོལ་ཕྲན་ཙམ་འབྱུང་བའང་སེམས་ཁྲལ་བྱེད་བཞིན་ཡོད”ཅེས་བརྗོད། 
     རིམས་ནད་ཐོན་པ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་བོད་སྨན་ཐོན་སྐྱེད་ཁེ་ལས་ཁག་དང་རིམ་ཁག་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིས་འཕྲལ་མར་མ་དངུལ་གྲབས་གསོག་བྱས་ཏེ“ནག་པོ་དགུ་སྦྱོར་ནད་གདོན་ཀུན་འཇོམས”སོགས་རིམས་ནད་འགོག་པའི་བོད་སྨན་གང་མགྱོགས་ཐོན་སྐྱེད་བྱས་པ་རེད། 2020ལོའི་ཟླ་2ཚེས་15ཉིན་ནས་བཟུང་། ཀན་སུའུ་ཡི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོས་སྔོན་འགོག་དུས་མཚམས་ལ་འཕྲུལ་ཐང་སྤྱད་པ་དང་སྨན་བཅོས་དུས་མཚམས་ཀྱི་སྤྱིར་བཏང་གི་ནད་པར་འཕྲུལ་ཐང་དང་ལོ་གྱོན་མ་སྤྱད་པ། སླར་གསོ་དུས་མཚམས་ལ་རིན་ཆེན་མང་སྦྱོར་ཆེན་མོ་སྤྱོད་པའི་སྨན་སྤྱོད་ཀྱི་རྩ་དོན་གཞིགས་ནས། ཝུའུ་ཧན་གྲོང་ཁྱེར་ལྟེ་བའི་སྨན་ཁང་ཧོའུ་ཧུའུ་ཁུལ་གྱི་ཚ་རྒྱས་ནད་ཁུལ་19རུ་བོད་སྨན་བེད་སྤྱོད་གཏོང་འགོ་ཚུགས་པས་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1