པེ་ཅིང་དུ་ས་གནས་དེ་གའི་རིམས་ནད་གློ་བུར་དུ་ཐོན་དོན་གང་ཡིན

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-16



སྤྱི་ཟླ6པའི་ཚེས13ཉིན་གྱི་ཆུ་ཚོད24བར། པེ་ཅིང་དུ་ཉིན་གསུམ་བསྟུད་མར་ས་གནས་དེ་གའི་ནད་དཔེ43ཐོན་ཞིང་། པེ་ཅིང་ཤིན་ཧྥ་ཏི་ཞིང་ཟོག་སྡེབ་འཚོང་ཁྲོམ་ར་དེ་རིམས་ནད་ཐོལ་གྱིས་བྱུང་སར་གྱུར་ཡོད།

     ཉིན50ལྷག་བསྟུད་མར་ས་གནས་དེ་གའི་ནད་པ་ཐོན་མེད་པའི་པེ་ཅིང་དུཏོག་གསར་གློ་ཚད་ཀྱི་རིམས་ནད་གང་ནས་ཐོན་པ་རེད་དམ། རིམས་ནད་ཐོན་ཡུལ་དེ་སྡེབ་འཚོང་ཁྲོམ་ར་ཡིན་པའི་རྒྱུ་མཚན་གང་རེད་དམ། གསར་འགོད་པས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་ནད་རིག་པའི་དབུ་བཞུགས་ཆེད་མཁས་ཝུའུ་ཙུན་ཡིའུ་ལ་ཆེད་དོན་བཅར་འདྲི་ཞུས་པ་གཤམ་གསལ།

ད་ཐེངས་པེ་ཅིང་གི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོལ་གྱིས་བྱུང་ས་དེ་སྡེབ་འཚོང་ཁྲོམ་ར་རེད་ཟེར་དོན་ཅི་ཡིན།

    ཝུའུ་ཙུན་ཡིའུ། དྲོད་ཚད་ཇི་ཙམ་དམའ་ན་ནད་དུག་གསོན་པོར་གནས་པའི་དུས་ཡུན་ཇི་ཙམ་གྱི་རིང་བ་ཡོད། སྡེབ་འཚོང་ཁྲོམ་རར་ཡོད་པའི་མཚོ་ཟས་མང་པོ་ཞིག་གྲང་ཉར་བྱེད་དགོས་ཀྱི་ཡོད། དེ་ལྟ་བུའི་ཁོར་ཡུག་འོག ནད་དུག་ཡུན་རིང་པོ་གསོན་པོར་གནས་ཐུབ་པ་མ་ཟད། དེ་མི་ལ་འགོས་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད། གཞན་ད་དུང་ཞིང་ཟོག་སྡེབ་འཚོང་ཁྲོམ་རར་ཉིན་ལྟར་མི་སྣ་འགྲོ་འོང་མང་བས། མི་གཅིག་གིས་ནད་དུག་འཁྱེར་ཏེ་ཁྲོམ་རའི་ནང་འཛུལ་ཕྱིན་པ་ཤེས་རྟོགས་མ་ཐུབ་ན། རིམས་ནད་འགོ་ཁྱབ་འགྲོ་ཉེན་ཆེན་པོ་ཡོད།

     དེའི་གོང་གི་ཤེས་བྱ་དང་ཉམས་མྱོང་ལ་གཞིགས་ནས་ཐོག་མའི་བརྡར་གཅོད་བྱས་པ་ལྟར་ན། ད་ཐེངས་པེ་ཅིང་དུ་གློ་བུར་དུ་རིམས་ནད་ཐོན་པ་དེ་གནད་དོན་ཁག་གཉིས་དང་འབྲེལ་བ་ཆེན་པོ་ཡོད་པ་སྟེ། གཅིག་ནི། སྡེབ་འཚོང་ཁྲོམ་རའི་ནང་གི་མཚོ་ཟས་སམ་ཤ་རིགས་ལ་ཏོག་གསར་གློ་ཚད་ནད་དུག་འགོས་ནས་ནད་གཞིའི་འབྱུང་ཁུངས་སུ་འགྱུར་ཤས་ཆེ་བ། སྡེབ་འཚོང་ཁྲོམ་རའི་ནང་གི་མཚོ་ཟས་དང་སེམས་ཅན་གྱི་ཤ་རིགས་མང་པོ་ཞིག་ས་ཆ་གཞན་ནས་འབྱོར་བ་མ་ཟད། དེ་དག་གི་ཁྲོད་མངའ་ཁོངས་ཕྱི་ནས་འབྱོར་བའང་ཡོད་པ་རེད། མིག་སྔར་འཛམ་གླིང་ཧྲིལ་པོར་ཉིན་རེར་ཏོག་གསར་གློ་ཚད་འགོས་པའི་ནད་པ་ཆིག་འབུམ་ལྷག་འཕར་བཞིན་ཡོད་པ་དང་། དེའི་ཁྲོད་ཀྱི་ནད་པས་མཚོ་ཟས་དང་སྲོག་ཆགས་ཀྱི་ཤ་རིགས་སོགས་ལ་རེག་ཐུག་བྱུང་ནས་སྦགས་བཙོག་ཐེབས་བཟོ་ཆེན་པོ་ཡོད་ཅིང་། ཐོན་རྫས་དེ་དག་པེ་ཅིང་གི་སྡེབ་འཚོང་ཁྲོམ་རར་འབྱོར་ནས་དེ་གའི་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་སྐབས་འགོ་ཉེན་ཆེན་པོ་ཡོད། དང་ཐོག་མར་ནད་རྟགས་ཚབས་ཆེན་པོ་མ་ཐོན་པར། གལ་སྲིད་དོ་སྣང་མ་བྱུང་ཚེ་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་མི་གཞན་ལ་འགོ་ཉེན་ཆེན་པོ་ཡོད།

     གཉིས་ནི། འགོ་ཁུངས་གཞན། ཤིན་ཧྥ་ཏི་སྡེབ་འཚོང་ཁྲོམ་རར་མི་སྣ་འགྲོ་འོང་ཆེ་བ་མ་ཟད་དེ་དག་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཤ་སྟག་ཡིན་པས། ཤིན་ཧྥ་ཏི་རུ་འགྲོ་འོང་བྱེད་མྱོང་བའི་མི་རྣམས་ནད་དུག་གི་འགོ་ཁུངས་ཡིན་ཤས་ཆེ་བ། དཔེར་ན། རིམས་ནད་ཐོན་བཞིན་པའི་ཡུལ་ནས་འབྱོར་བའི་མི་གཅིག་གིས་ཤིན་ཧྥ་ཏི་སྡེབ་འཚོང་ཁྲོམ་རར་ནད་དུག་འགོས་ཁྱབ་བཏང་རྗེས་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་ཉེན་ཆེན་པོ་ཡོད། མིག་སྔའི་པེ་ཅིང་གི་གནས་ཚུལ་ལ་གཞིགས་ན་གནད་དོན་རིགས་དང་པོ་དེ་རིམས་ནད་ཀྱི་འགོ་ཁུངས་ཡིན་ཤས་ཆེན་པོ་ཡོད།

འོ་ན་སྡེབ་འཚོང་ཁྲོམ་རར་རིམས་ནད་གང་ནས་འབྱོར་བ་རེད་དམ།

     ཝུའུ་ཙུན་ཡིའུ། མིག་སྔར་ཤིན་ཧྥ་ཏི་སྡེབ་འཚོང་ཁྲོམ་རའི་ནད་ཁུངས་གང་ཡིན་མིན་བརྡར་གཅོད་བྱེད་ཁག་པོ་རེད། ཤིན་ཧྥ་ཏི་སྡེབ་འཚོང་ཁྲོམ་རར་མི་ཚོགས་ཆེ་བའི་ཁར་ཚོང་ཟོག་སྣ་མིན་སྣ་ཚོགས་ཡོད་པས། དུས་ཚོད་ཐུང་ངུའི་ནང་ཤེས་རྟོགས་ཐུབ་ཁག་པོ་རེད། དེ་གར་ཡོད་པའི་མི་དང་དངོས་རྫས་ཚང་མར་གྲལ་བཤེར་གསལ་པོ་ཐུབ་ན་གཞི་ནས་གནད་དོན་ཐག་གཅོད་ཐུབ་རེ་ཡོད།

རི་སྐྱེས་སྲོག་ཆགས་ཀྱིས་ན་ཚ་འཁྱེར་བ་དང་ནང་འདྲེན་དངོས་རྫས་ཀྱིས་ན་ཚ་འཁྱེར་བ་གཉིས་ངོ་བོ་འདྲ་གི་མེད། 

    དྲི་བ། དབྱེ་ཞིབ་བྱས་འབྲས་ཁ་ཤས་ལ་གཞིགས་ན། མཚོ་ཟས་ནི་རིམས་ནད་ཀྱི་འགོ་ཁུངས་མིན་ཤས་ཆེ་ཞེས་བསྟན་པ་སྟེ། དེ་ཡང་སན་ཝུན་ཉ(三文鱼དེ་ཉིད་རིམས་ནད་འཁྱེར་གཟུགས་ཡིན་ཤས་ཧ་ཅང་ཆུང་ཆུང་རེད་ཟེར་བར་ཁྱེད་རང་གིས་གཟིགས་སྟངས་གང་འདྲ་འཛིན་གྱི་ཡོད།

     ཝུའུ་ཙུན་ཡིའུ། དབྱེ་ཞིབ་དེ་ལྟ་བུར་གནས་ལུགས་ངེས་ཅན་ཞིག་ཡོད། འོན་ཀྱང་རྦད་དེ་ཡང་དག་པ་མ་རེད། རི་སྐྱེས་སྲོག་ཆགས་ཀྱིས་ན་ཚ་འཁྱེར་བ་དང་ནང་འདྲེན་དངོས་རྫས་ཀྱིས་ན་ཚ་འཁྱེར་ཟེར་བ་གཉིས་མ་གཞི་ནས་ཐ་སྙད་མི་འདྲ་བ་གཉིས་རེད། རི་སྐྱེས་སྲོག་ཆགས་འགར་མ་གཞི་ནས་ནད་དུག་དེ་ཡོད་པ་དང་། མཚོ་ཟས་ནི་གཞན་ནས་ནད་དུག་འགོས་རྗེས་གཟུགས་པོའི་ཕྱི་ངོས་སུ་ནད་དུག་དེ་འཇགས་ནས་སྡོད་ཀྱི་ཡོད།

      རྒྱུན་ལྡན་གྱི་རང་བྱུང་ཁམས་ཀྱི་ཉའི་གཟུགས་པོའི་ནང་ཏོག་དབྱིབས་ནད་དུག་འཁྱེར་མེད་མོད། འོན་ཀྱང་ཉ་དེ་དག་འཇུ་བཟུང་བྱས་ནས་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་། ཏོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ་ནས་ཉའི་གཟུགས་པོའི་ངོས་སུ་ནད་དུག་འགོ་བཟོ་ཡོད། དེ་ལྟ་བུའི་སྦགས་བཙོག་ཐེབས་པའི་མཚོ་ཟས་རྒྱལ་ནང་དུ་དབོར་འདྲེན་བྱས་པའི་རྗེས། འདི་གའི་ལས་མིས་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ནད་དུག་འགོས་ནས། མི་ནས་མི་ལ་འགོས་པ་ཡིན་བཟོ་ཡོད། དེ་ནི་ཚོད་དཔག་ཙམ་ཡིན་པས་ནད་ཡམས་རིགས་པ་བརྒྱུད་མུ་མཐུད་ར་སྤྲོད་བྱེད་དགོས་ཀྱི་ཡོད།

དྲི་བ། གང་འདྲ་བྱས་ནས་སྔོན་འགོག་ཚོད་འཛིན་ཐུབ་པ་བྱེད་དགོས་སམ།

    ཝུའུ་ཙུན་ཡིའུ། སྔོན་འགོག་ཚོད་འཛིན་ཐུབ་པ་བྱེད་དགོས་ཞེས་པ་དེར་གོ་བ་ལེན་སྟངས་མི་འདྲ་བ་ཡོང་སྲིད། སྔོན་འགོག་ཚོད་འཛིན་ཐུབ་པ་བྱེད་ཅེས་པ་ནི་ནད་དཔེ་གཅིག་ཀྱང་མི་ཐོན་པ་བྱེད་པར་མི་ཟེར་བར། དེ་ནི་ནད་དཔེ་ཐོན་པའི་དབང་དུ་བཏང་ཡང་། འཕྲལ་མར་ཤེས་རྟོགས་དང་ཐག་གཅོད་ཐུབ་ནས། ཁྱབ་ཁོངས་ཆུང་ཤོས་ཀྱི་ནང་རིམས་ནད་ཚོད་འཛིན་ཐུབ་པར་གོ་དགོས།

ད་ཐེངས་པེ་ཅིང་གི་རིམས་ནད་འདི་ཁྱབ་གདལ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་དམ།

     ཝུའུ་ཙུན་ཡིའུ། ཤེས་རྟོགས་ཐུབ་པའི་ཆ་འཕྲིན་ལ་བལྟས་ན། ད་ཐེངས་པེ་ཅིང་དུ་རིམས་ནད་བསྐྱར་ལོག་ཐེབས་པ་དེ་གཙོ་བོ་ཤིན་ཧྥ་ཏི་ཁྲོམ་རའི་ཉེ་འགྲམ་ནས་ཐོན་ཡོད། ཤིན་ཧྥ་ཏི་རུ་ལས་ཀ་བྱེད་མཁན་ལས་མི་དང་། ཁོང་ཚོའི་ཁྱིམ་མི། ཁོང་ཚོ་དང་འབྲེལ་གཏུག་དམ་ཟབ་བྱེད་མྱོང་མཁན། དེ་བཞིན་ཁོང་ཚོར་ནད་བཅོས་བྱེད་མཁན་སྨན་ཞབས་མི་སྣ། ཁོང་ཚོ་དང་དུས་མཚམས་གཅིག་གི་ནང་ནད་བཅོས་བྱེད་མཁན་ནད་པ་བཅས་ལ་ཉིར་སྐྱུར་བརྟག་དཔྱད་བྱེད་ཐུབ་ན་འབྲེལ་ཡོད་ལས་དོན་ཅུང་ཟད་གནད་ལ་འཕིགས་པ་བསྒྲུབས་པར་བརྩིས་ཆོག མིག་སྔར་ནད་དུག་པེ་ཅིང་གྲོང་ཁྱེར་ཧྲིལ་པོར་ཁྱབ་མེད་པ་དང་། གྲོང་ཁྱེར་ཧྲིལ་པོའི་མི་ཁྲི2000ལྷག་ལ་ཉེན་ཁ་འཕྲད་མེད།

དྲི་བ། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་གནས་བབ་འོག པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཚོས་དམིགས་བསལ་དོ་སྣང་བྱེད་དགོས་པ་གང་ཡོད་དམ། 

     ཝུའུ་ཙུན་ཡིའུ། མིག་སྔར་པེ་ཅིང་གྲོང་ཁྱེར་གྱིས། ནད་གཞི་ཕོག་པ་གཏན་འཁེལ་བའི་ནད་པ་འགྲོ་མྱོང་བའི་ས་ཆ་ཁྱབ་བསྒྲགས་བྱེད་པ་དང་། ས་ཁོངས་ཁ་ཤས་ཀྱི་ཉེན་ཁའི་རིམ་པ་སྤར་བ་སོགས་ཚུད་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་ཡོད། ཆ་འཕྲིན་དེ་དག་གནད་ལ་འཕིགས་པ་བཟོས་རྗེས། མི་རྣམས་ནས་གཟའ་འཁོར་གཅིག་ནས་གཉིས་ཀྱི་ནང་ཚུན་དུ་ས་ཆ་དེ་དག་ཏུ་འགྲོ་མྱོང་ཡོད་མེད་ཤེས་རྟོགས་ཐུབ་པ་བྱེད་དགོས། ས་ཆ་དེ་དག་ཏུ་འགྲོ་མྱོང་བའི་མི་རྣམས་ཀྱིས་སོ་སོའི་གཟུགས་པོའི་གནས་ཚུལ་ལ་བརྟག་ཞིབ་བྱེད་དགོས་པ་དང་། གལ་སྲིད་མི་བདེ་བའི་གནས་ཚུལ་ཐོན་ན། རང་འགུལ་ངང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་རེ་ཞུ་འབུལ་ཆོག གྲོང་མི་གཞན་དག་ཚོའི་ངོས་ནས་བརྗོད་ན། རླུང་འགྲོ་ལེགས་པོ་མི་ཐུབ་པའི་ས་ཆར་ཁ་རས་རྒྱག་པ་དང་། ལག་པ་ཡང་སེ་འཁྲུ་བ་སོགས་གཞི་རྩའི་འཕྲོད་བསྟེན་གོམས་གཤིས་དེ་དག་རྒྱུན་འཁྱོངས་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1