ཡབ་མེས་ཀྱི་སྨྱུག་རྩལ། ཕྱི་རབས་པའི་རྒྱུད་འཛིན།

ཆོས་དབྱིངས་ནོར་བུ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-18


        བོད་ཡིག་ཡིག་གཟུགས་ནི་བོད་མི་རིགས་ལ་ཐུན་མིན་དུ་ཡོད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། ལོ་རྒྱུས་ཡུན་རིང་བ་དང་སྒྱུ་རྩལ་ཡིད་དབང་འཕྲོག་པས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་འོད་མདངས་རབ་དུ་འཚེར་བའི་མུ་ཏིག་ལྟ་བུ་ཞིག་ཏུ་གྱུར་ཡོད།  ཕྱི་རབས་པ་ཚོས་བོད་ཡིག་ཡིག་གཟུགས་ཀྱི་མཛེས་པར་མྱོང་ཚོར་དང་། བོད་ཡིག་འབྲི་བའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཁྲིད་སྟོན་བྱེད་པ། བོད་ཡིག་གི་ཡིག་གཟུགས་ཀྱི་བྲིས་རྒྱུན་གྱི་སྔོག་འདོན་བྱས་ཏེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ།   བོད་ཡིག་གི་ཡིག་གཟུགས་སྨྱུག་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མཚོན་ཆེད།  བོད་ཟླ༤བའི་ཚེས༢༦སྟེ། སྤྱི་ཟླ༦པའི་ཚེས༡༦ཉིན་གྱི་ཕྱི་དྲོར།   སྡེ་དགེ་རྫོང་གི་རྫོང་སློབ་འབྲིང་དུ་ཡབ་མེས་ཀྱི་སྒྱུ་རྩལ། ཕྱི་རབས་པའི་རྒྱུད་འཛིན་ཞེས་པའི་སྡེ་དགེ་རྫོང་གི་ཡིག་མཁན་རྒན་རབས་དག་སློབ་གྲྭར་ཕེབས་ཏེ་བྲིས་གཟུགས་སློབ་སྟོན་གྱི་བརྗོད་གཞི་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོ་དེ་སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་དང་། སྡེ་དགེ་རྫོང་སློབ་འབྲིང་གི་ཡིག་གཟུགས་འཛིན་གྲྭ་གཉིས་ཀྱིས་གཙོ་གཉེར་བྱས་པ་མ་ཟད།  སྡེ་དགེ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་བློ་གྲོས་རྣམ་རྒྱལ་གྱིས་བྱེད་སྒོ་གཙོ་སྐྱོང་གནང་བ་རེད། 


        ཐེངས་འདིའི་བྱེད་སྒོ་རུ་སྡེ་དགེ་རྫོང་གི་ཡིག་མཁན་རྒན་རབས་དང་གཞོན་སྐྱེས་ཡིག་མཁན་མང་པོ་ཞིག་ཆེད་དུ་གདན་འདྲེན་ཞུས་ཡོད་པ་སྟེ།  སི་ཁྲོན་ཀརྨ་བི་ཤྭ་གངས་ཅན་སྒྱུ་རྩལ་རིག་གནས་དར་སྤེལ་ཚད་ལྡན་མཐུན་གཉེར་ཁང་གི་ཏུང་ཧྲི་ཀྲང་དང་། བོད་ཀྱི་ཁེ་ལས་པ་ཆེན་མོ། སི་ཁྲོན་ཞིང་ཆེན་གྱི་གཟུགས་མེན་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་བོད་རིགས་ཐང་ག(ཀརྨ་སྒར་བྲིས)ཡི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དགེ་རྒན་དཀོན་མཆོག་བཀྲ་ཤིས་དང་།  རྒྱལ་ཁབ་རིམ་པའི་གླིང་སྒྲུང་གི་རྒྱུད་འཛིན་པ་དགེ་རྒན་ཨ་ཉིད། སྡེ་དགེ་རྫོང་བོད་སྨན་རྩིས་ཁང་གི་མགོ་གཙོ། སྡེ་དགེ་རྫོང་བོད་སྨན་ཤེས་ལྡན་མི་སྣ་གསོ་སྦྱོང་སློབ་གྲྭའི་སློབ་སྤྱི། ཞིང་ཆེན་རིམ་པའི་སྡེ་བྲིས་ཡིག་གཟུགས་འབྲི་རྒྱུུན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དགེ་རྒན་བྱང་དགའ། གཞན་ཡང་ཁུལ་རིམ་པའི་ཡིག་གཟུགས་འབྲི་རྒྱུུན་གྱི་ཚབ་མཚོན་རང་བཞིན་ལྡན་པའི་རྒྱུན་འཛིན་པ་དགེ་རྒན་ཤེས་རབ་མཐར་ཕྱིན། ལྕག་རྡོར། དཔལ་མགོན་འཕྲིན་ལས། དངོས་གྲུབ་སྒྲོལ་མ། འཇམ་དབྱང་ཉི་མ།  བསྟན་འཛིན་ནོར་བུ།  འཇུ་ཤྰཀྱ།  རབ་རྒྱས་སོགས་ཕེབས་ཡོད། བྱེད་སྒོ་ཡུལ་དངོས་སུ་དགེ་རྒན་དང་སློབ་མ༣༠༠ལྷག་ཞུགས་ཡོད། 


        ཐོག་མར་དཀོན་མཆོག་བཀྲ་ཤིས་ཀྱིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུང་རྒྱུར། གནས་མཆོག་སྡེ་དགེ་ནི་གནའ་ནས་ད་བར་དུ་མཁས་པའི་དབང་པོ་གྲུབ་པའི་སྐྱེས་མཆོག་གྲངས་ཀྱིས་མི་ལངས་པ་ཞིག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་བསྟི་གནས་ཡིན་ཞིང་།  ལོ་རྒྱུས་ཡུན་རིང་བ་དང་། རིག་གནས་ཀྱི་ཉིང་བཅུད་ཕུན་སུམ་ཚོགས་པ། ཁམས་པའི་རིག་གནས་ཀྱི་ལྟེ་བ་བཅས་ཡིན།   བོད་ཡིག་ཡིག་གཟུགས་འབྲི་རྩལ་ནི་བོད་མི་རིགས་རིག་གནས་ཁྲོད་ཀྱི་སྒྱུ་རྩལ་གྱི་རྣམ་པ་གལ་ཆེན་ཞིག་དང་། ཀྲུང་ཧྭའི་རིག་གནས་སྒྱུ་རྩལ་གྱི་ནོར་བུའི་བང་མཛོད་ཁྲོད་ཀྱི་གཅེས་ནོར་ཞིག་ཡིན་ལ།  ཡབ་མེས་རིམ་བྱོན་ཚོས་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པ་ནས་བཟུང་། དུས་རབས་མི་འདྲ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་འཕོ་འགྱུར་དང་།  འཕེལ་རྒྱས་ཀྱི་རིམ་པ་མང་པོ་བྱུང་བ་དང་བསྟུན་ནས། བོད་ཀྱི་ཡིག་གཟུགས་ནི་ལོ་རྒྱུས་རིང་བ་དང་། ཡིག་གཟུགས་མཛེས་པ། རྣམ་གྲངས་མང་བ།  སྤྱོད་བདེ་བ། ཞིབ་འཇུག་དང་སྒྱུ་རྩལ་གྱི་རིན་མཐོ་བ་ཞིག་ཡིན།   ཁྱད་པར་དུ་སྡེ(སྡེབ)བྲིས་ཡིག་གཟུགས་ནི་བོད་ཁུལ་དུ་རྒྱ་ཆེར་དར་བའི་སྲོལ་རྒྱུན་བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་གྱི་ཡ་གྱལ་ཞིག་ཡིན་པ་དང་། ཡིག་གཟུགས་འདི་ནི་ད་བར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡོད། སྡེ་དགེའི་པར་ཁང་བཞེངས་ཚུན་ནས་ནང་གི་བསྟན་བཅོས་ཀྱི་པར་ཤིང་། པང་ལེབ་བཅས་ཚང་མར་སྡེ་(སྡེབ)བྲིས་འབྲི་རྩལ་གྱི་ཚད་གཞི་འཛིན་ཡོད།  ལོ་ངོ་བརྒྱ་ཕྲག་འགའི་རིང་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་པའི་བརྒྱུད་རིམ་ཁྲོད།  སྡེ་(སྡེབ)བྲིས་ཡིག་གཟུགས་རིམ་གྱིས་སྒྱུ་རྩལ་གྱི་ཉམས་དམིགས་བསལ་དུ་གྲུབ་ཡོད་མ་ཟད། རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བཞིན་པ་དང་འབྲེལ། བོད་ཀྱི་རིག་གནས་ལ་རང་གིས་ཐུད་ཚད་ཀྱིས་ཞབས་ཕྱི། རྒྱ་ཆེ་བའི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དར་རྒྱས་གོང་འཕེལ་བྱུང་དང་བྱུང་མུར་ཡོད།  ཁྱེད་ཅག་ནི་སྡེ་དགེའི་མི་རབས་འདིའི་ཉི་གཞོན་གྱི་སྐྱ་རེངས་ཡིན་པའི་ཆ་ནས།  མེས་རྒྱལ་ལ་དགའ་ཞིང་།  མི་རིགས་ཀྱི་རིག་གནས་ལ་དུངས་བ། རྒན་བཀུར་བྱིས་སྐྱོང་།  ཡ་རབས་སྤྱོད་བཟང་།  འབད་འབུངས་ཡར་བརྩོན།   དུས་རབས་དང་།  མི་རིགས། རིག་གནས་ཀྱིས་གནང་བའི་ལྗིད་ཏིགཏིག་གི་འགན་འཁྲི་ཕྲག་ཏུ་འཁུར་དགོས་པ། བོད་ཡིག་དང་བོད་ཀྱི་ཡིག་གཟུགས་ཀྱི་རིག་གནས་ལ་སློབ་སྦྱོང་དང་རྒྱུད་འཛིན། ཞིབ་འཇུག  སྔོག་འདོན་བཅས་བྱས་ཏེ་བོད་ཡིག་གི་ཡིག་གཟུགས་རྒྱུན་འཛིན་བྱེད་ཆེད་རང་ཉིད་ཀྱིས་ལང་ཚོའི་སྟོབས་ཤུགས་དེ་ལེགས་སྐྱེས་སུ་དབུལ་རྒྱུའི་རེ་བ་ཆེན་པོ་ཡོད་ཞེས་གསུངས་པ་རེད།  

        དེའི་རྗེས་སུ།  དགེ་རྒན་བྱ་དགའ་དང་། ལྩག་རྡོར་གཉིས་ཀྱིས་མུ་མཐུད་དུ་གསུང་བཤད་གནང་བ་སྟེ། ཡུལ་དངོས་ཀྱི་སློབ་མ་ཚོ་ལ་བོད་ཀྱི་ཡིག་གཟུགས་ནི་ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་ཞིང་བྲི་ཚུལ་སྣ་མང་ཕུན་སུམ་ཚོགས་པ། ངོ་མཚར་མཛེས་ཉམས་ཀྱིས་ཕྱུག་པ། སྤུན་ཟླ་མི་རིགས་ཀྱི་ཡིག་གཟུགས་ཁྲོད་ངོ་གནོང་མི་དགོས་ཤིང་སྤོབས་པ་སྐྱེད་ཆོག་པ་སོགས་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་། སྒྱུ་རྩལ་གྱི་རིན་ཐང་།  ཡིག་མཁན་གྱི་གཅེས་ནོར་བཞིའི་རྒྱུ་ཆ། ཡིག་གཟུགས་ཀྱི་ཁྱད་ཆོས།  བོད་ཀྱི་ཡིག་མཁན་ཚོའི་གདམས་ངག  རྨད་དུ་བྱུང་བའི་ཡིག་གཟུགས་ཀྱི་རིག་གནས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱི་དོན་སྙིང་སོགས་ཀྱི་ཐད་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་གསུང་གསེར་ནག་གི་རིལ་བུ་འདྲ་བ་མང་པོ་གསུངས།  
        བྱེད་སྒོའི་ཡུལ་དངོས་ནས་ཡིག་མཁན་དགེ་རྒན་ཚོས་བྱེད་སྒོར་ཆེད་དུ། གང་དག་ཡི་གེ་འབྲི་བ་པོ། ། སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། ། ལེགས་མགྱོགས་དག་གསུམ་དྲུག་ཚང་ན། མཁས་པའི་གོ་འཕང་ཐོབ་པ་ཡིན་ཞེས་པ་དང་།   རྩོམ་པ་ལེགས་ཀྱང་སུག་བྲིས་མི་འབྱོར་ན།། དཔལ་རྩ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །   བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲི་ཆེ་ཆུང་། ། བཤུར་བ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུ། །  གཟབ་ལ་སྣ་མ་གསར་ལེབ་རིམ་པ་དགུ།   །གཡུ་ཁྲིའི་རྗེས་འབྲང་སྦལ་ལུགས་མང་ལུགས་གཉིས། ། འབྲི་ཀློག་གཉིས་ནི་ཡོད་ཏན་ཀུན་གྱི་གཞི། ། དང་པོ་ཉིད་ནས་འདི་ལ་འབད་པར་གཅེས།  །།ཞེས་ལུང་དང་གདམས་ངག་རྣམས་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དང་།  སྨྱུག་ཁ་འཐེན་ཚུལ་སོགས་ཞལ་ནས་འཆད་ཞོར་དང་། ཕྱག་ནས་འབྲི་ཞོར་གྱིས་སྡེབ་བྲིས་སུག་རིང་དང་སུག་ཐང་། སྡེབ་བྲིས་འབྲུ་ཆེན་སྒོམ་བྲིས། སྡེབ་བྲིས་ཚུགས་ཆུང་། སྡེབ་བྲིས་ཡིག་ཆུང་། སྡེབ་བྲིས་འཁྱུགས་ཡིག སྡེབ་བྲིས་འབྲུ་ཚ་སོགས་ཀྱི་ལམ་ནས་བརྩམས་ཆོས་མང་པོ་བྲིས། ཡིག་མཁན་རྣམས་ཀྱི་སྨྱུག་རྩལ་རེ་རེ་ནས་འཁྲུངས་པའི་སྒྱུ་རྩལ་ཡིག་འབྲུ་རེ་རེ་ནི་གསོན་ཉམས་ལྡན་པ་དང་།  ཡིད་དབང་འཕྲོག་པ།  ངར་ཤུགས་ཀྱིས་ཡོངས་སུ་ཁེངས་ཡོད།    བརྩམས་ཆོས་རེ་རེ་ལ་ཡིག་མཁན་སོ་སོའི་ཐུན་མང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ལྷག་ཏུ་ཡིག་མཁན་ཚོས་ཡུལ་དངོས་ནས་སྡེབ་བྲིས་ཀྱི་ངོ་མཚར་རིག་གནས་ཉིང་བཅུད་གཏིང་ཟབ་པ།  སྨྱུག་རྩལ་གྱི་ལུང་རིག་གད་རྒྱངས།  བུ་རབས་ཚ་རྒྱུད་རྒྱུན་མི་ཆད་པའི་ཡིག་གཟུགས་རྒྱུན་འཛིན་སྙིང་སྟོབས་བཅས་གང་ལེགས་མཚོན་ཡོད།
        ཐེངས་འདིའི་ཡབ་མེས་ཀྱི་སྒྱུ་རྩལ། ཕྱི་རབས་པའི་རྒྱུད་འཛིན་ཞེས་པའི་སྡེ་དགེ་རྫོང་གི་ཡིག་མཁན་རྒན་རབས་དག་སློབ་གྲྭར་ཕེབས་ཏེ་བྲིས་གཟུགས་སློབ་སྟོན་གྱི་བརྗོད་གཞི་གཙོ་བོའི་བྱེད་སྒོ་སྤེལ   བ་བརྒྱུད་དེ། སྡེ་དགེ་བའི་ཡིག་མཁན་གྱི་རྒྱུད་འཛིན་པ་དག་མཁས་བརྒྱས་དཔྱད་གླེང་དང་། རྫོང་སློབ་འབྲིང་གི་སློབ་རྣམས་ཀྱིས་ས་གནས་རང་གི་སྡེབ(སྡེ) བྲིས་ལ་ངོས་འཛིན་ཇེ་ཆེར་། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ནི་མར་དྲི་དང་རྩམ་དྲི་ཐུལ་བ། ཡབ་མེས་གོང་མ་དག་ནས་ད་བར་དུ་བདེ་མྱུར་གྱི་སོར་རྩེ་དང་བློ་གྲོས་ཀྱི་རྩལ། གསར་གཏོད་ཀྱི་སྙིང་སྟོབས། ཞི་མཐུན་གྱི་མཐུ་ལས་འཁྲུངས་པའི་རང་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་རིན་ཐང་བྲལ་བ་ཞིག་ཡིན་ཞིང་། དེའི་འབྲི་རྒྱུན་ལ་དོ་སྣང་དང་ཤུགས་སྣོན་བྱ་དགོས་པའི་ངེས་ཤེས་འདྲོངས་པར་མ་ཟད། མི་རིགས་རང་གི་རིག་གནས་ལ་དུངས་ཞེན་དང་།  ལྷག་བསམ། སྙིང་སྟོབས་བརྩེ་བས་ཁེངས་བར་བྱས་ཤིང་། མ་འོངས་པར་སོ་སོས་བོད་སྐད་ཡིག་ལ་ལྷག་ཏུ་འབད་དེ། རིག་ཚན་སོ་སོའི་བསླབ་བྱར་འབད་འབུངས་ལྷོད་མེད་བགྱིས་ནས་ཤེས་རིག་གི་མེ་ཏོག་བཞད་པའི་སློབ་རའི་དགའ་ཚལ་དུ། ཤེས་རབ་ཀྱི་རྟ་ཕོ་ལ་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་ཏེ།  རིག་པའི་བང་གིས་འགྲིམས་པར་རེ་བ་དང་ཡིད་ཆེས་ཀྱིས་ཡོངས་སུ་ཁེངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1